སྤྱི་ལོ་༡༩༩༠ལོའི་ཟླ་བ་༣པའི་ཚེས་༧གྱི་ནུབ་མོ་ཞིག་ཨ་རིའི་མངའ་ཁུལ་མེན་རྙིད་ད་སོར་རྡ་མངའ་ཁུལ་
གྱི་གྲོང་བརྡལ་ཆུང་ངུ་ཞིག་གི་སློབ་གྲྭའི་དགེ་རྒན་མཁྱེན་ལྡན་མ་ཧྥ་ཐེར་སྨན་ཁང་དུ་བུ་མོ་ཞིག་སྐྱེས་འདུག
ཡིན་ན་ཡང་སུས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་བུ་མོ་དེར་མགོ་བོ་གཉིས་ཡོད། དེར་བུ་མོ་གཉིས་
ཟེར་ན་ཡང་ཆོག འོན་ཀྱང་བུ་མོ་དེ་གཉིས་ལ་ཕྱི་ཚུལ་ནས་བལྟས་ན་མགོ་བོ་གཉིས་ཡོད་པ་ལས་གཞན་དག་
ལུས་པོ་གཉིས་སུ་མེད་པར་གཅིག་ཏུ་འབྲེལ་བའམ་འབྱར་ཡོད་པས་བུ་མོ་གཉིས་དང་གཅིག་གང་ཞིག་རེད་
ཅེས་ཁ་ཚོན་གཅོད་དཀའ་ཙམ་ཡོད། མདོར་ན་ཁོང་གཉིས་ལ་ལུས་པོ་གཅིག་དང་། རྐང་པ་གཉིས། ལག་པ་
གཉིས། མཆིན་པ་གཅིག བུ་སྣོད་གཅིག གཅིན་ལམ་རྒྱུ་མ་གཅིག མོ་མཚན་གཅིག་བཅས་ལས་མེད། འོན་ཀྱང་།
བྲང་ཁོག་ནང་དུ་སྙིང་གཉིས་དང་། ཕོ་བ་གཉིས། གློ་འདབ་བཞི་བཅས་ཡོད། གལ་སྲིད་འུ་ཅག་བྱམས་དང་
སྙིང་རྗེའི་བདག་ཉིད་དུ་གྲགས་པའི་བོད་རིགས་ཤིག་གི་ཁྱིམ་དུ་འདི་འདྲ་སྐྱེས་ཚེ། དེ་ནི་མ་རུང་བ་ཅི་ཞིག་གི་
རྫུས་སྐྱེས་ཡིན་རབས་སོགས་གཏམ་རྒྱུད་མང་དག་ཅིག་བསྙད་དེ། གྲོང་ཆོག་མང་པོ་ཞིག་བྱེད་རྒྱུའི་སྟ་གོན་ལ་
ཞུགས་རྒྱུ་མ་ཟད། དེའི་ཕ་མ་དང་བཅས་པའི་ཉེ་འཁོར་རྣམས་ནི་སྡུག་བསྔལ་དང་འཇིགས་སྐྲག་གནས་སུ་ལྷུང་
རྒྱུར་གདོན་མི་ཟ་ལ། བུ་མོ་དེ་ཡང་མཆོད་རྟེན་ལ་སོགས་པའི་འོག་ཏུ་གསོན་དུར་དུ་མི་འགྲོ་བའི་ངེས་པ་ཡང་
མེད། འོན་ཀྱང་གོང་གི་བུ་མོ་མགོ་གཉིས་མ་དེའི་ཨ་མ་ཧྥ་ཐེར་དང་ཕ་དབའ་ཁི་གཉིས་ནི་བུ་མོ་དེ་འདྲ་སྐྱེས་པར་
དགའ་སྤྲོས་མྱོས་ཤིང་མགོ་གཡས་མ་དེའི་མིང་ལ་ཨ་རྦིས་ཀེ་དང་མགོ་གཡོན་མ་དེར་པོ་ལིད་ཐ་ཉེད་ཅེས་
མིང་རེ་རེ་བཏགས་ནས་བྱམས་བརྩེས་གསོ་སྐྱོང་གནང་བ་རེད།