གཤེན་གྱི་དཀའ་ཐུབ་ཀྱི་ཚུལ་གྱི་བྱུང་བ་བརྗོད་པ།།
དེ་ཡང་བསྟོད་ཚིག་ཞང་ཞུང་སྐད་དུ་མ་ལས།
དག་པ་དྲང་སྲོང་ཕོ་མོའི་འཁོར་སྡེ་ཡང་།།
སྤངས་ནས་གཅིག་པུར་མི་དང་བྱ་སྤྲེལ་གྱི།།
འཚོ་བ་ཆ་ཤས་ཙམ་ཡང་ལོ་དགུ་རུ།།
དཀའ་བ་ཐུབ་པར་མཛད་ལ་ཕྱག་འཚལ་ལོ།། ཞེས་སོགས་གསུངས་པའི་དཀའ་བ་ཅི་ལྟར་ཐོབ་པར་མཛད་པ་ལ། ༧ སྟོན་པའི་རྒྱལ་པོ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ཉིད་འགྲོ་བའི་དོན་དུ་སྔོན་གང་ཟག་རྒྱུའི་གཤེན་རབ་ཀྱི་སྐབས་སུ་ཐེག་པ་ཆེན་པོའི་བསམ་པའི་སྟོབས་ལས། ཚེ་ལོ་བརྒྱ་པའི་སྟོན་པ་རུ་གྱུར་ཅིང་། གདུལ་བྱ་གང་ལ་གང་འདུལ་དུ་འདུལ་བྱེད་ཀྱི་འཕྲིན་ལས་འགག་པ་མེད་པར་བྱུང་བ་ལ་ནི། མཛད་ཆེན་བཅུ་གཉིས་དང་། མཛད་པ་དྲུག་ཅུ་རྩ་གཅིག་སོགས་སུ་གྲངས་ལས་འདས་མོད། ད་ལན་འཁོར་སྤོང་དགོན་མཛད་དམ་རབ་བྱུང་དཀའ་ཐུབ་ཀྱི་མཛད་པ་དེ་ཉིད་ཡིན་ཞིང་། མཛད་འཕྲིན་འདི་ཉིད་གཤེན་རབ་གོང་ཉིད་གཤེན་ལོ་སོ་གཅིག་ལོན་པའི་སྐབས་སུ་སྐྱོང་བ་ཡིན་ཞིང་། དེ་ཡང་ཉིན་ཞིག་སྟོན་པ་གཤེན་རབ་གསས་མཁར་ཁྲི་སྨོན་རྒྱལ་བཞད་ཀྱི་སྒོ་དྲུང་དུ་བྱོན་ནས་འགྲོ་བ་སེམས་ཅན་གྱི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་ལ་གཟིགས་ཏེ། སྡུག་བསྔལ་དེ་དག་གིས་འགྲོ་བའི་ཁམས་རྣམས་རབ་ཏུ་སྡུག་བསྔལ་བར་གྱུར་པ་ལ་སྙིང་རྗེའི་སྟོབས་ཀྱིས་རབ་ཏུ་བཤུམ་མོ། །ཤིན་ཏུ་བཤུམ་མོ། །དེ་ལྟར་བཤུམ་པས་འཁོར་རྣམས་གཇིགས་ཤིང་སྐྲག་གོ། འཁོར་རྣམས་ཀྱིས་གསས་ཁང་གི་ནང་དུ་གདན་འདྲེན་ཞུས་པ་ལ་མ་བཞེད་དེ། མཁར་གྱི་སྒོ་རྩར་ཐང་རྗེན་དུ་གཟིམ་མོ། །ཕྱི་ཉིན་སྟོན་པས་མཛད་སྤྱོད་དེ་དག་ལ་གནས་དེའི་ཡུལ་མི་ཀུན་རབ་ཏུ་འཇིགས་ཤིང་སྐྲག་གོ། གང་ཟག་ཕལ་གྱིས་ནི་བདུད་ཁྱབ་པས་བསླུས་པར་དོགས་སོ། །དེ་ལ་འཁོར་རྣམས་འདུས་ནས། སྟོན་པར་མཁར་གྱི་ནང་གི་གསེར་ཁྲིའི་སྟེང་དུ་བཞུགས་སུ་གསོལ་བ་ན། སྟོན་པས་ཀྱང་བཤུམ་པའི་མཆི་མ་ཕྱག་གིས་འཕྱི་བཞིན་དུ། དལ་འབྱོར་ཐོབ་པར་དཀོན་ཞིང་། ཐོབ་ན་དོན་ཆེ་ལུགས། ཐོབ་པ་འདི་ཉིད་འཇིག་སླ་ཞིང་མི་རྟག་པའི་ཚུལ། དེ་བཞིན་སྟོན་པ་ཉིད་ཀྱིས་ཀྱང་དེང་སྔོན་ཁབ་བཞེས་པ་ལ་སོགས་རྒྱལ་སྲིད་མངའ་འབངས་སྐྱོང་ཞིང་འཇིག་རྟེན་ལས་སྤྱོད་ཁོ་ནར་མགོ་འཁོར་འདུག་ཅིང་། ད་ནས་དྲན་པས་ཟིན་པས་འཁོར་སྤངས་ནས་གཅིག་པུར་མུ་སྟོ་བཞིན་དུ་འཁྱམས་པར་གསུངས། དེ་ལ་ཡིད་ཀྱི་ཆེ་ཆུང་ལ་སོགས་འགའ་ཞིག་སྤྲོ་བ་སྐྱེས། འཁོར་རྣམས་ཕལ་གྱིས་གཤེན་གྱི་མཛད་སྤྱོད་འདི་ཉིད་ནོར་འདུག་སྙམ་ནས་ཞུ་བ་ཡང་ཡང་ཕུལ། དེ་ལ་འཁོར་ནོར་གཉེན་འབྲེལ་ཀུན་ཀྱང་སྤང་བྱར་གསུངས། དེ་དག་ཀུན་གྱི་ཉེས་མིག་བསམ་གྱིས་མི་ཁྱབ་པར་གསུངས། སྟོན་པའི་འཁོར་ལ་སྡེ་རིས་གཉིས་སུ་ཆད་དོ། །དེ་ནས་སྟོན་པ་ལ་དེ་ལྟར་མ་མོས་པའི་འཁོར་རྣམས་ཀྱིས་འཁོར་སྤངས་རབ་ཏུ་མི་བྱུང་བ་ཅི་ལྟར་ཞུས་ཀྱང་མ་གསན་ནས་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་བྱོན། རྒྱལ་པོའི་ཆ་ལུགས་ཀྱི་ནབ་ཟ་རྒྱན་ཆ་རྣམས་ཕུད་དེ་མདུན་དུ་སྤུང་། རང་གི་དབུ་སྐྲ་རང་གིས་བྲེག རང་ཉིད་ཀྱིས་རང་ཉིད་ལ་ཁྲུས་བགྱིས། མཁའ་ནས་ནབ་ཟ་གོས་དྲུག་བབ་སྟེ་དེ་དག་རང་ཉིད་ཀྱིས་གསོལ་ཞིང་སྔོན་གྱི་རྒྱན་གོས་རྣམས་ཕྱོགས་སུ་གཏོར། མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་ཡིད་ཀྱི་ཁྱེའུ་ཆུང་སྲིད་པའི་དཀའ་ཐུབ་དག་པ་ཡིན་པས་མཁན་པོའི་ཚུལ་དང་། རང་སེམས་དྲི་མ་མེད་པ་ལ་བརྟེན་ནས་བགྱིས་ཏེ། གཙང་མ་གཙུག་ཕུད་ཀྱི་ཁྲིམས་ཉི་ཤུ་རྩ་ལྔ་དང་ལྡན་པར་མཛད་དོ། །དེ་ལྟར་གཤེན་གྱི་ཡུལ་ལ་གནས་ཚུལ་གསར་པ་འདི་དག་བྱུང་བས་བདུད་ཀྱི་སྡེ་རྣམས་རབ་ཏུ་དགའ་ཞིང་། མྱུར་དུ་དམུ་རིགས་རྒྱལ་སར་བརྒོལ་ནས་རྒྱལ་ས་འཕྲོག་པར་བསམ་པས། བདུད་ཁྱབ་པས་ཡང་ཡང་དཔྱད་དགོས་པ་མ་གཏོགས་ཧོད་རྒྱག་བྱས་ན་གཤེན་ཡུལ་མི་ལོན་པ་མ་ཟད་དམག་ཉེས་འབྱུང་བ་སྲིད། དེ་སྔོན་གཤེན་རབ་དང་ཅི་འཐབ་ཀྱང་མ་ཐུབ་པར་ཁོ་ནི་ཐབས་སྣ་མང་ཤིང་གདུལ་དཀའ་བ་ཡིན་པས་ད་དུང་ཉམས་ཞིབ་དགོས་པར་བསྒོས། དེ་ནས་བདུད་ཀྱི་ལྟ་ཉན་རྣམས་གོང་གི་རྒྱན་གོས་ཆགས་མེད་ཕྱོགས་སུ་གཏོར་བའི་མཐུས་ཅི་འདོད་གཏེར་དང་འཕྲད་དེ། བདུད་འཁོར་ཆ་གཅིག་གཤེན་རབ་འཁོར་དུ་གྱུར། དེ་ལ་གཤེན་འཁོར་མ་དད་པ་རྣམས་སེམས་སུ་ཐེ་ཚོམ་སྐྱེས། དེ་ནས་སྟོན་པས་རྣམ་དག་རབ་ཏུ་བྱུང་བའི་ཆ་ལུགས་མཛད་དེ་མེ་ཏོག་གླིང་དུ་དཀའ་ཐུབ་ལ་གཤེགས་པར་གསུངས་པས་འཁོར་རྣམས་ཀྱིས་དབང་མེད་སྟེགས་ནས་རྒྱལ་ས་བར་པོ་སོ་བརྒྱད་ཀྱི་མཁར་ནང་དུ་གདན་དྲོངས་ཤིང་། གསེར་ཁྲིའི་སྟེང་དུ་བཞུགས་སུ་གསོལ་ཡང་མ་གནང་ཞིང་བཀད་སའི་ཐང་དུ་བཞུགས། དེ་ནས་རབ་ཏུ་བྱུང་བར་མ་མོས་པའི་འཁོར་རྣམས་ཀྱིས་ཤ་ཆང་དང་དུས་མིན་གྱི་ཟས་སོགས་གསོལ་བར་ཞུས་ཀྱང་དེ་དག་གི་ཉེས་མིག་གསུངས་ནས་མ་བཞེས་སོ། །དེ་ནས་དག་པ་དཀའ་ཐུབ་ཀྱི་མཛད་པ་ལྷུ་རུ་ལེན་པར་དགོངས་ཤིང་། ནམ་ལངས་ཉི་ཤར་རྩེ་མོ་ལ། ན་བཟའ་རིས་དྲུག་སྐུ་ལ་གསོལ། ཧོས་རུ་བསིལ་བ་ཕྱག་ན་བསྣམས། པད་ཆ་པད་ཁུག་འཕྲག་ལ་བཀལ། པད་ཤུན་གདིང་བ་ཁུད་དུ་བཅུག ཉི་མ་ཕྱོགས་བཞིར་འཕུར་ཚུལ་སྟོན། སྔར་ལོ་མ་རིག་འཁྲུལ་པ་ཡང་། ཕྱི་ལོ་རིག་པ་གཏན་ལ་ཕབ། གཤེན་རྒྱལ་ཅི་ལྟར་མཛད་ཀྱང་བདེ། ཕྱི་རབས་རྗེས་འབྲེང་གང་ཟག་རྣམས། རང་རྒྱུད་གཞོམ་དང་གཞན་རྒྱུད་ཐུལ། ང་ཕྱིར་འབྲེང་དང་ང་བཞིན་ཐོབ། ཅེས་སོགས་གསུངས་ནས་སྐུ་ལུས་ཕྲུག་ཕྲུག་ལན་གསུམ་སྤྲུག མི་ལས་གཤོག་སྐྱེས་མཁའ་ལྡིང་ཤང་ཤང་དེའུ་སྤྲུལ་ནས་སྐུ་ལུས་སྤྲུག་སྤྲུག་གནང་པས། འཇིག་རྟེན་ཁམས་རྣམས་གཡོ་ཞིང་འགུལ། སྒྲ་སྙན་འོད་ཀྱིས་ཀུན་ལ་ཁྱབ། འཁོར་རྣམས་འཇུད་ཀྱང་མ་ཐུབ་པར། བར་སྣང་སྟོང་པར་འཕུར་ཏེ་ཤེགས། དེའི་ཚེ་དེའི་དུས་ན། སྟོན་པ་གཤེན་རབ་ཉིད། གཟུགས་ཁམས་བཅུ་བདུན་གྱི་ཡ་ཏ། སྐྱེ་མཆེད་མུ་བཞིའི་གོང་རོལ། གནས་རིས་ཆེན་པོ་བཞི་ཡི་གོང་མ། འོག་མིན་ལྷ་ཡི་ཕོ་བྲང་། ས་དཀར་ལ་ཁོད་སྙོམས་པ་དེར་སྔོན་གྱི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་གདུང་འཚོབ་ཆེན་པོ་དྲང་སྲོང་ལེགས་ལྡན་རྒྱལ་བ་ལ། དག་པ་དྲང་སྲོང་གི་གདམས་པ་གནང་བའི་ཞུ་བ་ཕུལ། སྡོམ་ཁྲིམས་གནང་བའི་ལེགས་གསོལ་གནང་། དེ་ནས་དྲང་སྲོང་ལེགས་ལྡན་རྒྱལ་བས་ཐོག་མར་སྟོན་པའི་སྐྲ་བཞར། དེ་ནས་ནམ་མཁའི་ལྷ་མོས་ཁྲུས་གསོལ། དེ་ནས་ལྷའི་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་རྨད་གོས་རིགས་དྲུག་སྟོན་པའི་སྐུ་ལ་གསོལ། དེ་ནས་རིན་ཆེན་གནང་བའི་རྫས་རྣམས་གཏད་དོ། །དེ་ནས་མཚན་གསོལ་ཏེ། ༧ གཤེན་རབ་མཆོག་དེ་བཞིན་གཤེགས་པ་དགྲ་བཅོམས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་བྱ་བར་བཏགས་སོ། །དེ་ནས་སྟོན་པ་རབ་ཏུ་བྱུང་བས་ཕྱི་ཚུལ་དང་ནང་ཁྲིམས་གཉིས་ཀྱི་དབྱེ་བ་དང་། ལས་ཁྲིག་གི་ཆོ་ག་རྣམས་རྫོགས་ཏེ་བཀྲ་ཤིས་གསོལ་ལོ། །
༡ དེ་ནས་དྲང་སྲོང་ལེགས་ལྡན་རྒྱལ་བ་ལས་དག་པ་དཀའ་ཐུབ་རྣམས་པ་གསུམ་གྱི་ལུང་ཞུས་སྟེ་གནས་རིས་ཆེན་པོ་བཞི་རྣམས་སུ་བྱོན་ཞིང་དེ་ནས་དག་པའི་དཀའ་ཐུབ་རྣམས་གསུམ་ལས་ཐོག་མར་བྱ་ཡི་དཀའ་ཐུབ་དེ་ཉིད་ནི། གནས་རི་རྒྱལ་ལྷུན་པོའི་སྟེང་རྩ་གསུམ་ལྷའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་བྱང་ཕྱོགས། དགའ་བ་མེ་ཏོག་མཛེས་པའི་ཚལ། གླིང་དགུ་འཁྱིལ་པ་རྒྱ་མཚོའི་གླིང་ལ་བྱོན་ནས། དག་པ་རྣམ་དག་དཀའ་བའི་བོན། སྐྱེ་བ་གཅིག་ལ་སངས་རྒྱས་ལ། དགྲ་དང་དུག་མཚོན་ལ་སོགས་པ། བར་ཆོད་གཡེངས་བའི་ཚོགས་ཀྱིས་དབེན། གཅིག་པུར་གབ་དང་གཞོལ་ནས་སུ། དཔང་པོ་མེད་པར་གར་ཡང་འགལ། དེ་ཕྱིར་གཡེང་བའི་ཚོགས་སྤོངས་ཤིག སྲུང་བཅས་དཔང་དང་བཅས་པ་བླངས། ཞེ་བྱ་བར་དགོངས་ཏེ། དཔང་པོའི་གྲོགས་སུ་ཚུལ་ཞི་ལ་ངང་དལ་བ། ངང་པའི་རྒྱལ་པོ་ཆུ་འབྱེད་དང་ཐབས་ཅིག་ཏུ་བཞུགས་ཏེ། འགྲོ་བ་གཞན་གང་དང་བར་མཚམས་བཅད་ནས། ཉིན་མོ་མཁའ་ལྡིང་བྱ་ཡི་ཆ་ལུགས་སུ་བཞུགས། ནུབ་མོ་མི་ཡི་ཆ་ལུགས་སུ་བཞུགས་ཏེ། ངང་པའི་རྒྱལ་པོ་ཆུ་འབྱེད་ཀྱིས་ཆུ་ལ་འོ་མ་ཕྱེ་བའི་ཐིགས་རེ་དང་། འབྲས་སལ་ལེ་ཉག་མ་རེ་གསོལ་ནས། བྱ་ཡི་དཀའ་ཐུབ་ལོ་གཅིག་མཛད་དོ། །དེ་ཡང་རྣམ་པར་དག་པ་གཤེན་གྱི་དཀའ་ཐུབ་ལ་གནས་ཤིང་གཤེན་གྱི་དགེ་སྤྱོད་ལ་རབ་ཏུ་བརྩོན་པ་ལ། ཐོག་མར་ཐོ་རངས་སུ་ཁྲུས་གསོལ་ཞིང་། ནམ་ལངས་ཉི་མ་ཤར་བའི་བར་མི་གནས་མྱ་ངན་འདས་པའི་བདེ་བར་གཤེགས་པ་རྣམས་ལ་མཚན་ཕྱག་འཚལ། བཤགས་སྡོམ་ལ་སོགས་ཀྱི་ཡན་ལག་ལ་བརྩོན། དེ་ནས་ཉི་མ་ཤར་ནས་དྲོས་ཆེན་མ་ཡིན་བར་དུ་བདེ་གཤེགས་རྣམས་ལ་མཆོད་པ་ཅི་རིགས་སུ་ཕུལ། དེ་ནས་ཁ་ཟས་ཀྱི་བྱ་བ་མཛད། ཉི་མ་ཕྱེད་དུ་མ་ཕྱིན་བར་དུ། བདེ་བར་གཤེགས་པའི་ཐུགས་འཛབ་སྙིང་པོ་རྣམ་གསུམ་རིམ་པར་བཟླས་སོ། །དེ་ནས་ཉི་མའི་དགུང་ནས་དག་པའི་གདན་ལ་ལུས་སེམས་མཉམ་པར་བཞག་ནས། སྨྲ་བརྗོད་ཀྱི་ཚིག་སོགས་སྤངས་ནས་མཉམ་པའི་དོན་ལ་གནས། དེ་ནས་ནང་པར་ཐོ་རངས་སྐར་ཆེན་ཤར་ནས་བདེ་གཤེགས་མཚན་བརྗོད་ཁ་འདོན་བརྩོན་ནོ། །ངང་པའི་རྒྱལ་པོ་སོགས་ཀྱི་སྐྱེ་བ་སྔ་མའི་གཏམ་རྒྱུད་གསུངས། དེ་ལྟར་བྱ་ཡི་དཀའ་ཐུབ་ལོ་གཅི་ལ་མཛད། བྱ་ཡི་དཀའ་ཐུབ་འདི་ཉིད་ལ་རྣམ་དག་ལྷའི་དཀའ་ཐུབ་ཀྱང་ཟེར།།
༢ དེ་ནས་དཀའ་ཐུབ་གཉིས་པ་གསེར་གྱི་རི་བདུན་གྱི་རྩེ་མོ་རི་བོ་གཉའ་ཤིང་འཛིན་གྱི་ཁ་ཁྱེར་དུ་མུ་ལེ་དྲུམ་ཤིང་གི་ཚལ་ལ་སྤྲེའུ་རྒྱལ་པོ་ཨ་ནུ་མ་དྷ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཉིན་མོ་སྤྲེའུ་ཆ་བྱད་དང་། ནུབ་མོ་མི་ཡི་ཆ་བྱད་དུ་བཞུགས་ནས། གོང་བཞིན་ཉིན་མཚན་ཆ་དབྱེ་ཞིང་། མུ་ལེ་དྲུམ་ཤིང་གི་ལྒང་བུའི་ནང་དུ་ཤིང་ཐོག་གི་འབྲས་བུ་བརྒྱ་རྩ་བརྒྱད་ཡོད་པ་དེའི་འབྲུ་རེ་རེ་ཤིང་ལོའི་སྟེང་གི་ཁ་ཆར་གྱི་ཐིགས་པ་ཕྱག་གཡོན་གྱི་འཁྱོར་བ་གང་རེ་བཅས་གསོལ་ཞིང་ཟས་ཀྱི་བྱ་བ་དེ་ལྟར་མཛད། ཉི་མ་དྲོས་ནས་ཕྱེད་ཀྱི་བར་ལ་བདེར་གཤེགས་ཀྱི་སྐུ་གདུང་བཞེངས་པ་དང་། ཚ་ཚ་གདབ་པ། ཆུ་སྦྱིན་བཏང་བ་རྣམས་མཛད། ཕྱེད་ནས་དགོང་མོའི་བར་ལ་གདན་གཅིག་ཏུ་བཞུགས་ཏེ་སྙིང་པོ་རྣམས་བཟླས། དགུང་ནས་སྲོད་བར་དུ་འབྱུང་པོའི་ཚོགས་ལ་གཏོར་མ་དང་བསྔོ་བ་བཅས་མཛད། སྲོད་ནས་གུང་དུ་མ་ཕྱིན་བར་ལ་ཏིང་འཛིན་སྒོམ། གུང་ནས་ཐོ་ཐེངས་བར་ཙོག་པུར་བསྙལ་གཟིམ་མོ། སྤྲེའུ་ཚོགས་རྣམས་ལ་དག་པའི་དཀའ་ཐུབ་གཤེན་གྱི་དགེ་སྤྱོད་ལ་བརྩོན་ཚུལ་ལས་དག་པའི་ཁྲུས་དང་། ད་ལྟ་བཞུགས་པའི་སངས་རྒྱས་ལ་མཚན་ཕྱག་བཤག་སྡོམ་སོགས་དང་སྤྲེ་འུའི་ཚོགས་ལ་སྐྱེ་བ་སྔོན་མའི་གཏམ་རྒྱུས་གསུངས། དེ་ལྟར་སྤྲེ་འུའི་དཀའ་ཐུབ་ལོ་གཅིག་མཛད་དོ། །སྤྲེ་འུའི་དཀའ་ཐུབ་འདི་ལ་དྲི་མེད་རྒྱལ་གྱི་དཀའ་ཐུབ་ཀྱང་ཟེར།།
༣ དེ་ནས་སྟོན་པ་རྣམ་འདྲེན་དཔལ་གྱི་སྒྲོན་མེ་གཤེན་རབ་མཆོག་དེ་ཉིད་འཇིག་རྟེན་མིའི་ཡུལ་འོལ་མོ་ལུང་རིང་ཟད་མཚམས་མེ་ཏོག་ཚལ་དུ་ཤང་ཤང་དེ་འུའི་འཁོར་དང་བཅས་ཏེ་མའི་དཀའ་ཐུབ་ལོ་གཅིག་མཛད་པ་དེ་ཡང་གོང་བཞིན་ཉིན་མཚན་གྱི་ཐུན་དུ་བཅད་དེ་ཟས་ཀྱི་བྱ་བ་ནི། ཤང་ཤང་གིས་རྩྭ་ཨུ་མེར་གྱི་མཆོག་མ་རེ་དང་། གཟི་ལྡན་བུང་བའི་རྒྱལ་པོས་མེ་ཏོག་སྦྲང་རྩི་ཟེར་འབྲུའི་གང་བུའི་གང་རེ། གབ་ཆེན་རུ་སྦལ་རྒྱལ་པོས་དུག་ལས་འོ་མ་རྩི་རུ་ཕྱེ་བའི་ཆུ་སིང་གའི་༼སེང་གེའི༽ཐིགས་པ་ཕྱག་གཡོན་གྱི་འཁྱོར་བ་ཚུར་ལ་བཀུག་པ་གང་གསོལ་ལོ། །ཤང་ཤང་དེའུ་རྣམས་ལ་དཀའ་ཐུབ་གཤེན་གྱི་དགེ་སྤྱོད་ཚུལ་བཞིན་བགྱི་ཚུལ་ལ་ཐོག་མར་ཁྲུས་དང་། དེ་ནས་མ་འོངས་སངས་རྣམས་ལ་མཚན་ཕྱག་དང་བཤག་སྡོམ་སོགས་སྤྲེ་འུའི་དཀའ་ཐུབ་ལྟར་གསུངས་ཤིང་ཤང་ཤང་དང་འབྲེལ་སྐྱེ་བ་སྔོན་མའི་སྐབས་རྣམས་གསུངས། དེ་ཡང་གཤེན་གྱི་དཀའ་ཐུབ་འདི་དག་གཤེན་རབ་མཆོག་ནས་ལོ་གསུམ་དུ་ཐུགས་ཉམས་བཞེས་ཤིང་། རབ་འབྲིང་ཐ་མ་དང་གསུམ་དུ་ཉམས་སུ་ལེན་ཚུལ་གསུངས་པ་ལས། རབ་ནི་དཀའ་བ་མཐར་ཕྱིན་པ་ཚེའི་དུས་འདི་ཉིད་ལ་བཟུང་སྟེ་ཉམས་སུ་ལེན་ཞིང་། འབྲས་བུ་ཡང་ཚེ་དེ་ཉིད་ལ་མངོན་པར་སངས་རྒྱས། འབྲིང་ནི་ཚད་འཛིན་ལོ་གསུམ་ཉམས་སུ་བླངས་ནས་དཀའ་བ་ཐུབ་པའི་ཚད་ལ་ཕྱིན་ཏེ། སྐྱེ་བ་གཅིག་ནས་འཁོར་བ་ལ་ཕྱིར་མི་ལྡོག ཐ་མ་ནི་ཟླ་བ་དྲུག་དང་ཞག་བཞི་བཅུ་དང་། ཞག་བདུན། ལྔ་གསུམ་དང་དུས་ཆེན་གྱི་སྡེ་རྣམས་སུ་ཉམས་ལེན་ལ་བརྩོན་ན་བསྐལ་པ་མ་འོངས་པར་ནད་མུག་མཚོན་གྱི་བསྐལ་བ་ལས་ཐར་ཞེས་གསུངས་སོ།། དེ་ལྟར་དཀའ་ཐུབ་ཀྱི་ཚུལ་ལ་གནས་ཤིང་གོང་གི་བྱ་སྤྲེལ་མི་གསུམ་གྱི་དཀའ་ཐུབ་གསུམ་པོ་གང་རུང་ཞིག་ལ་གཞི་བརྟེན་ནས་སྔོན་ཚེ་འཁོར་སྡེ་བཞི་ཡ་བརྒྱད་ཀྱིས་རང་བློ་དང་འཚམས་པའི་དགེ་བསྙེན་བསྙེན་གནས་གཙང་གཙུག་དྲང་སྲོང་གི་ཟབ་སྡོམ་སྟོན་པ་གཤེན་རབ་ཀྱིས་སློབ་དཔོན་མཛད། ཡིད་ཀྱི་ཁྱེའུ་ཆུང་མཁན་པོ་མཛད། འ་ཞ་གསང་བས་དཔང་པོ་མཛད་ནས་མནོས་ཤིང་། དཀའ་ཐུབ་རབ་འབྲིང་ཐ་གསུམ་ཅི་རིགས་ལ་བརྩོན་པ་ཡིན་འདུག་ཅིང་། དེ་ཡང་རྒྱལ་བ་གཤེན་རབ་ཉིད་ཀྱི་མདུན་ནས་རྒྱལ་སྲས་གཏོ་བུ་དང་དཔྱད་བུ་སོགས་དག་པ་དྲང་སྲོང་གི་སྡེ་དང་། གཤེན་ཟ་ནེ་ཆེན་ལ་སོགས་དྲང་སྲོང་མོ་ཡི་སྡེ་གཉིས་སོ་སོར་ཕྱེས་ཏེ་ཕོ་གླིང་མོ་གླིང་བྱས་ཤིང་། དག་པ་དཀའ་ཐུབ་ཀྱི་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ་སོགས་གསུངས། དེ་ནས་སྤྲུལ་སྐུའི་མཁན་རྒྱུད་དང་། སྟག་གཟིག་གི་མཁན་བརྒྱུད་དམུ་ཙ་ཏྲ་ཧེ་ཡིས་མཚན་ལྡན་གཤེན་བཞིའི་མདུན་ནས་དྲང་སྲོང་ཆིག་རྫོགས་སུ་མཛད་དེ་སྟག་གཟིག་གི་མཁན་བརྒྱུད་བྱུང་ཞིང་། སྟག་གཟིག་གི་མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཞང་ཞུང་དུ་བྱོན་ནས་ནེའུ་གེ་ཁོད་དཔལ་དྲང་སྲོང་ཆིག་རྫོགས་མཛད་དེ་ཞང་ཞུང་གི་མཁན་རྒྱུད་དབུ་བརྙེས། ཞང་ཞུང་གཙུག་ཕུད་ཚུལ་ཁྲིམས་ཀྱི་མཁན་བུ་བོད་མངའ་རིས་བ་ག་ཆུ་རྒྱལ་བ་རབ་ཏུ་བྱུང་སྟེ་བོད་ཀྱི་མཁན་བརྒྱུད་བྱུང་ཞིང་། དེས་འདམ་ཤོད་དུ་གཡུང་དྲུང་ཁྲི་འདུས་ལྷ་ཁང་སོགས་བཞེངས། མངའ་རིས་ཀྱི་གདུལ་བརྒྱུད་བསམ་གཏན་ཕུལ་ཕྱིན་མུ་ཟི་གསལབཟང་ཡིན་ཞིང་། དེ་ཉིད་མ་འོངས་འདུལ་བསྟན་གྱི་ས་བོན་དུ་དགོངས་ནས་མདོ་སྨད་རྨ་རི་དེལ་གསུམ་དུ་འགོག་པའི་དོན་སྒོམ་ནས་ལོ་སྟོང་ཕྲག་ཙམ་བཞུགས། མུ་ཟི་ནས་འདུལ་བ་ཕྱི་དར་བན་བོན་གཉིས་ཀའི་བརྒྱུད་པ་བྱུང་ཞིང་དེ་དག་ལས་མདོ་གམ་གྱི་འདུལ་བརྒྱུད་བྱུང་། མདོ་གམ་པ་བླ་མུ་ཐུར་ནས་དབུས་གཙང་སུ་བན་བོན་གཉིས་ཀའི་འདུལ་བའི་སྡེ་གྱེས། བོན་ལ་མཚོན་ན་འདུལ་བསྟན་ཕྱི་དར་གྱི་སྐབས་སུ་རྗེ་བཙུན་ཡར་མེ་བས་དག་པ་དྲང་སྲོང་དཀའ་ཐུད་ཀྱི་སྡེའི་སློབ་ཁྲིམས་སྟོན་པ་འདུལ་བ་ཀུན་བཏུས་དང་། གཙང་མ་གཙུག་ཕུད་དང་ཁྱིམ་པའི་སྡོམ་ཁྲིམས་སྟོན་པའི་འདུལ་བ་མདོར་བསྡུས་གཉིས་སུ་གསུངས་ཤིང་། དེ་དག་གི་འགྲེལ་རྗེ་རིན་པོ་ཆེ་སོགས་ནས་མཛད་ཅིང་། དེ་ལྟར་ན་འོ་ཅག་གི་འདུལ་བའི་བརྒྱུད་འཛིན་མུ་ཏེག་ཕྲེང་བ་ལྟར་བྱུང་བའི་མཁན་སློབ་རྣམས་ཀྱིས་དག་པ་དཀའ་ཐུབ་ཀྱི་ཉམས་བཞེས་རབ་འབྲིང་ཐ་མ་ཅི་རིགས་སུ་གནང་ཞིང་། བན་བོན་ཀུན་ལའང་དབྱར་གནས་གྱི་ཚུལ་འདི་བྱུང་། ཞིབ་དུ་ད་ཆའི་བན་བོན་གྱི་དབྱར་གནས་ཆོ་ག་ལའང་མི་འདྲ་བ་དུ་མ་ཡོད་པར་གསུངས། །དེ་ལྟར་བོན་གྱི་འདུལ་བའི་མཁན་པོ་རྣམས་ཀྱིས་དཀའ་ཐུབ་ཀྱི་ཚུལ་དེ་ཉིད་རབ་འབྲིང་ཐ་མ་ཅི་རིགས་སུ་ཉམས་སུ་བཞེས་ཤིང་། སླར་ཡོངས་འཛིན་སྨྲ་བའི་དབང་པོ་༧བསྟན་འཛིན་རྣམ་དག་མཆོག་ཉིད་ནས་དཀའ་ཐུབ་ཀྱི་ལག་ལེན་དང་དཀའ་ཐུབ་ཀྱི་རྣམ་བཤད་སོགས་རྒྱས་པར་མཛད་པ་བཅས་ད་ལྟའི་བར་བོན་གྱི་དགོན་སྡེ་དག་གིས་ཀྱང་ཐ་སྙད་འདྲ་མིན་ལ་མ་ལྟོས་པར་དཀའ་ཐུབ་ཅི་རིགས་སུ་ཉམས་སུ་བཞེས་ཀྱིན་ཡོད་ལ། ལྷག་པར་དུ་མདོ་དྲི་མེད་ཀྱི་སྟོན་པ་རབ་ཏུ་བྱུང་བའི་མདོ་ལས་དཀའ་ཐུད་ཀྱི་རྣམ་བཞག་རྒྱས་པ་བྱུང་བ་བཞིན་ཉམས་སུ་བཞེས་བཞིན་པའི་བོན་གྱི་དགོན་སྡེ་ལོ་ལྟར་རྒྱས་བཞིན་ཡོད་དོ།། ཞེས་པ་འདི་ཉིད་གཤེན་གྱི་དཀའ་ཐུབ་པ་ནམ་མཁའ་གཙུག་ཕུད་ནས།། བོད་ལྕགས་ཡོས་ལོའི་ཟླ་བ་༨ པའི་ཚེས་༡དཀའ་ཐུབ་འཚོགས་ཉིན་དབུ་གཟུང་སྟེ་ཚེས་༥་ལ་གྲུབ་བོ།།
- ཟིན་ཐོ་གོང་མ།མེ་ཏོག་མཆོད་པ།
- ཟིན་ཐོ་འོག་མ།གཤེན་གྱི་དཀའ་ཐུབ།།
དྲྭ་གྲོགས་ཚོ་དིར་བྱོན་པ་དགའ་བྱུང་།