ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

༥༽ སྤ་སྟོན་ཉི་མ་འབུམ་གསལ་གྱི་རྣམ་ཐར།
[ 2012/7/28 16:51:00 | By: ཀུ་ས་ལི། ]
 

  • གོང་མའི་འཕྲོ་མཐུད།
  • འཇིག་རྟེན་ལྟར་ན། སྤྱི་རྗེ་ཁྱུང་ཆེན་དང་དཔག་བསམ་གྱི་རྩེ་མོ། ལྷ་ལྟར་ན། སྲིད་གཤེན་གཉིས་དང་ཡུམ་ཆེན་མོ། བོན་ལྟར་ན། ཡེ་ཤེས་བྱ་གྲི་རྣོ་དབལ་རྩེ་རུ་ཆིབས། མ་བཅོས་ཏོག་ཆེན་བདལ་བ་བོན་གྱི་སྐུ། ཞེས་པའོ། གཞན་ཡང་རྒྱལ་བའི་གསུང་རབ་སྣ་ཚོགས་པ་དང་།      བྱིན་རྫས་ཁྱད་འཕགས་འདི་ལྟར་ཏེ། ཨོ་རྒྱན་བདེ་ཆེན་གླིང་པའམ་རིག་འཛིན་ཀུན་གྲོལ་གསང་བ་རྩལ་གསང་བའི་མཚན་ལྔ་འཆང་བའི་གཏེར་ཆེན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་གཏེར་མ་བཀའ་བརྒྱད་ཤོག་སེར། གདུང་སྐུ་བྱིན་ཅན། རིག་འཛིན་གསང་སྒྲུབ་གཏེར་ཤོག་ཚལ་བུ། ཚེ་དབང་རིག་འཛིན་གྱི་དབང་གོས་དུམ་བུ་ ཀླུ་སྒྲུབ་ཡེ་ཤེས་སྙིང་པོའི་ཀླུ་སྨན་ན་ག་གྷྲི་ན། གནས་ཆེན་སྤུ་རྒྱལ་གྱི་སྲིད་རྒྱལ་བླ་མཚོ་ནས་གཏེར་དུ་དྲངས་པ་བྱིན་ལྡན་སྙ་ཆེན་ལི་ཤུའི་འཕྲུག་གཟན། མཁའ་འགྲོ་ཅོ་ཟའི་བླ་ཁེབས་ཚལ་བུ། སྟོང་རྒྱུང་དབུ་སྐྲ། གསང་ཆེན་རོལ་པའི་ཤོག་སེར་ཚལ་བུ།  འོད་ལྡན་འབར་མའི་བྱང་སེམས། བཱེེ་རོའི་དབུ་སྐྲ། མཁན་པོ་མུ་ཟི་གསལ་བཟང་གི་ཆོས་གོས། གཡུ་སྒྲ་སྙིང་པོའི་གདུང་རུས། ཐང་ལྷ་བཀྲ་ཤིས་ཡོངས་རྫོངས་ཀྱི་བྱ་སྐྱིབས་ནས་གཏེར་དུ་དྲངས་པའི་དམུ་རྒྱལ་འབྲུག་གི་ཟབ་བེར་ཚལ་བུ། སྐྱེ་བདུན་རིལ་བུ་མཁའ་སྤྱོད་བདེ་ལམ། དབང་གི་ཆུ་བོ་བདུན་གྱི་བུམ་ཆུ་དང་ལོ་པཎ་བཅུ་གཉིས་ཀྱི་རྡུལ་ཚོན།       ཡི་དམ་ཞི་དྲག་གི་གཟུངས་ཆུ་བཅས་ཀྱིས་སྔགས་སམ་རིག་པ་བདེ་འབྱེད། དཀའ་གཏེར་སྙན་གསུམ་གྱི་བྱིན་བསྡུས། མྱོང་གྲོལ་འཁོར་བ་དོང་སྤྲུགས་གྲུབ་མཐའ་གང་ལའང་སེལ་མེད་ཁུངས་བཙུན། མྱོང་གྲོལ་རིལ་བུ་ཟླ་གམ་དབང་ཕུག་ནས་སྤྱན་དྲངས་པ། དབུས་ཕུག་ནས་གཏེར་དུ་དྲངས་པ་བླ་ཆེན་དྲན་པ་ནམ་མཁའི་ཆོས་གོས། བོན་སྐུ་བསྟན་གྱི་རིལ་བུ་བློ་གྲོས་གཏེར་མཆོག ཐུགས་རྗེ་ཀུན་གྲོལ་གྱི་ཤོག་སེར། དབུས་ཕུག་གཏེར་བྱོན་གོང་མ་ཆེ་དྲུག་གི་དམ་རྫས་གཏའ་སྤེལ། གསར་རྙིང་བཀའ་གཏེར་མང་པོའི་རྟེན་འདུས་ཡིད་བཞིན་ནོར་བུ། བརྒྱུད་གསུམ་སྟོན་པ་གཙོས་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་རིང་བསྲེལ། རྣམ་བཞི་ད་ལྟ་ཡན་ཆད་གཏའ་རྒྱུན་མ་ཆད་པ། འོད་ལྡན་འབར་མའི་གསང་གོས། གཏེར་གྱི་ལ་སྦྲམ། གཉེན་གདོང་གཏེར་བྱོན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་པང་ཁེབས། སེངྒེ་གཡུ་རལ་གཏེར་བྱོན་མཁའ་སྤྱོད་ཀྱི་དུར་ཁྲོད་བཅུ་གཉིས་སོགས་ཀྱི་ས་སྣ་ཆུ་སྣ། མཆོག་གྱུར་གླིང་པ། འཇམ་དབྱངས་མཁྱེན་བརྩེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སྟེ་སྤྲུལ་སྐུ་རྣམ་གསུམ་གྱི་གཏེར་མ། བྱང་སེམས་རིལ་བུ་ཟླ་ཤེལ་གཞོན་ནུ། མཁའ་འགྲོ་འབུམ་རྫོང་ནས་གཏེར་བྱོན་ཐུགས་ཆེན་འཁོར་བ་དོང་སྤྲུག་རིལ་བུ། སློབ་དཔོན་པྲ་བྷ་ཧ་སྟིའི་སྐུ་གདུང་རིལ་བུ། དགའ་རབ་འཇམ་དཔལ། ཤྲཱི་སེངྷ་གསུམ། བི་མ་མི་ཏྲ་སྟེ་རིག་འཛིན་རྣམ་བཞིའི་སྐུ་གདུང་རིང་བསྲེལ་གཅིག་བསྡུས་དམ་རྫས་པདྨ་ཤེལ་རིའི་གཏེར་བྱོན་སྣང་མཐའི་རིལ་བུ། རྟེན་འདུས་རིལ་བུ། བདུད་རྩི་རིལ་བུ། རྡོར་སེམས་རིལ་བུ་འཁོར་བ་དོང་སྤྲུག དམ་རྫས་ཨུ་དུཾ་ཝ་ར་བློ་གཏད་གཅིག་ཆོད་སྐུ་བོའི་རིལ་བུ་འཛམ་བུ་ཆུ་སེལ། སྐྱེ་བདུན་རིལ་བུ་མཁའ་སྤྱོད་བདེ་ལམ། རྣམ་སྣང་རིལ་བུ་དཔལ་གྱི་སྙིང་པོ། ཚེ་བཅུད་ཀུན་འདུས་འཆི་མེད་སྲོག་གཏེར། གོ་གཏིང་འོད་འབར་བྲག་གི་གཏེར་བྱོན་གུ་རུ་སིདྷིའི་རིལ་བུ་འཁོར་བ་དོང་སྤྲུགས་འགྲོ་དོན་ཁྱད་འཕགས། འབུར་བྲག་གཏེར་བྱོན་ཕྱོགས་བཅུ་རྒྱལ་བའི་དམ་རྫས་རོལ་པ་བཅས་དང་། ཡང་བདེ་གླིང་གཏེར་མ་ཨོ་རྒྱན་པདྨའི་ཟབ་བེར་བུ་ཆུའི་གཏེར་བྱོན། གཏེར་ཐམ། ཕྱག་ཐམ། དབུ་སྐྲ། ན་བཟའ། གདུང་རུས་དང་བཅས་པ། གཏེར་སྟོན་བསྟན་གཉིས་སམ་གསང་སྔགས་གླིང་ སྐུ་ཚབ་ཀྱི་པའི་གཏེར་མ། རྟ་ཁོག་ཕ་བོང་བོན་ཡང་ནས་གཏེར་བྱོན་ཁ་བྱང་ཐོག་མའི་ཤོག་སེར། བལ་བྲག་རྩེགས་པ་ནས་གཏེར་བྱོན་ལོ་ཆེན་བཱཻ་རོའི་ན་བཟའ། བྲག་དཀར་རྡོ་རྗེ་ཡོངས་རྫོངས་སུ་གུ་རུའི་ ཕྱག་གི་ཚེ་བུམ་ལས་རང་བཞིན་དུ་བབས་པའི་ཚེ་རིལ་འཆི་མེད་དཔལ་སྟེར། རྒྱལ་མོ་དམུ་རྡོའི་གཏེར་བྱོན་དྲན་པ་ནམ་མཁའི་ན་བཟའ། ལ་སྒྲམ་གཏེར་མ། དེ་ཉིད་ཀྱི་དབུ་སྐྲ་ན་བཟའ་བཅས་དང་། དབང་ལྡན་ཞུ་གཡས་ལེགས་པོའི་སྒྲུབ་སྨན། སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་ཕྱག་ཕྲེང་ རྨེའུ་མཁས་པ་དཔལ་ཆེན་གྱི་ན་བཟའ། ཊཀྐི་ཀརྨ་དཔལ་སྒྲོན་གྱི་དབུ་སྐྲ། རྟེན་མཆོག་དྲི་མེད་ཤེལ་སྐུའི་སྐུ་སྤར། དབལ་འབར་སྟག་སླག་ཅན་གྱི་དབལ་མོའི་ལས་ཐམ། ལྡང་སྒོམ་བསྟན་པ་ལྷུན་འགྲུབ་ཀྱི་དབུ་སྐྲ་གདུང་ཁྲུས། སྐུ་མདུན་བསྟན་འཛིན་ཚུལ་ཁྲིམས་དབང་གིརྒྱལ་པོའི་དབུ་སྐྲ་ན་བཟའ། འགྲོ་མགོན་ཤེས་རབ་གཡུང་དྲུང་དང་རྒྱལ་ཚབ་བསོད་ནམས་སེངྒེ་གཉིས་ཀྱི་གདུང་རུས་དབུ་སྐྲ། གདུང་ཚྭ། བྱང་སེམས་རིལ་བུ་ཕབ་གཏའ། མེ་སྟོན་ཉི་མ་རྒྱལ་མཚན་གྱི་ན་བཟའ། ཕྱག་རྗེས། ཞབས་རྗེས། གྲུབ་རྩལ་འཆང་བ་བཅུ་གསུམ་གྱི་རབ་གནས། སྒྲུབ་སྨན་འོད་ཟེར་འཁྱིལ་བའི་ཕབ་གཏའ། ཤེས་རབ་བློ་འཕེལ་རིལ་བུ། མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ན་བཟའ། མཁན་ཆེན་ཉི་མ་བསྟན་འཛིན་གྱི་དབུ་སྐྲ། མི་ལུས་བསམ་ལེགས་ཀྱི་རྣམ་འཕྲུལ་རྣལ་འབྱོར་བ་རྒྱལ་བ་དབང་ལྡན་གྱི་གདུང་རུས། མཁས་གྲུབ་གཡུང་དྲུང་བསྟན་རྒྱལ་གྱི་བྱང་སེམས་རིལ་བུ། རྟོགས་ལྡན་རིལ་པ་འབྲུག་སྲས་《རེ་བ་འབྲུག་གསས》ཀྱི་གདེང་བ་འཁར་གསིལ་ཡུ་བ་བཅས། སྤ་སྒོམ་ཚེ་དབང་འོད་ཟེར་གྱི་དབུ་སྐྲ་གདུང་རུས་མཆོག་སྤྲུལ་གཡུང་དྲུང་དབང་རྒྱལ་གྱི་དབུ་སྐྲ་ན་བཟའ་གདུང་ཁྲུས། བྱང་སེམས་རིལ་བུ། སྤྲུལ་སྐུ་ལྷུན་གྲུབ་དབང་རྒྱལ་གྱི་གདུང་རུས། ཨ་མདོ་རྔ་བའི་སྤྲུལ་སྐུ་ དྲན་པ་ནམ་མཁའི་སྒྱུ་འཕྲུལ་བ་བསོད་ནམ་དར་རྒྱས་ཀྱི་གདུང་རུས། རྟ་ཤོད་མཁའ་འགྲོ་པདྨ་མཚོའི་དབུ་སྐྲ་དབང་རྒྱན། རྡོ་རྗེ་གོ་ཁྲབ་ཀྱི་ཚེ་རིལ་བདུད་བཞིའི་འཇིགས་སྐྱོབས། ཞུ་རྒྱལ་མཚན་ཉི་མའི་དབུ་སྐྲ་ན་བཟའ་གདུང་རུས། ཞུ་ནམ་མཁའ་ཁྲི་སྐྱོང་གི་ན་བཟའ། དབུ་སྐྲ། དམུ་གཤེན་གཡུང་དྲུང་ཕུན་ཚོགས་ཀྱི་དབུ་ཀླད། གཡུང་དྲུང་གླིང་གི་སྒྲུབ་སྨན་འོད་ཟེར་འབར་བ། གཤེན་གྱིས་སྒྲུབ་སྨན་ཨ་མ་ར་ཡ། ལུང་ཟིན་མཁའ་འགྲོ་རྣམ་གཉིས་ཀྱི་དབུ་སྐྲ། དམུ་གཤེན་བླ་མ་བཞི་ཡི་དབུ་སྐྲ་གདུང་རུས་ཕྱག་ཕྲེང་། སྨྲ་སེང་གི་སྒྲུབ་རྫས་རྡོ་རྗེའི་རྒྱ་ཅན། སྟོན་པའི་ཆགས་ཤིང་སྐུ་སྤར། དཀར་མོ་ཚེ་འཛིན་གྱི་སྒྲུབ་རིལ། སྨན་རིའི་མཁན་ཆེན་རིམ་བྱོན་གྱི་ཟླ་གམ་ཚལ་བུ། བརྒྱུད་གསུམ་སྟོན་པ་ནས་བཟུང། རིག་འཛིན་སློབ་དཔོན་ཆེན་པོའི་བར་ཟམ་མ་ཆད་པའི་བདུད་རྩི་ཡོན་ཏན་ཡོངས་རྫོགས། བྲམ་ཟེར་བརྒྱ་དང་རྩ་བརྒྱད་ཀྱི་སྐུ་ཤ་དང་། མྱོང་གྲོལ་སྟོང་རྩ་ཙམ་གྱི་ཕབ་རྒྱུན་ལ་གཞི་བྱས། སྒྲུབ་ཆེན་ཡན་ལག་བཞི་ལྡན་ཐེངས་བཞི་བཅུ་ཙམ་སྒྲུབ་པའི་དམ་རྫས་འོད་ཟེར་འཁྱིལ་བ་ཞེས་གྲུབ་མཐའ་གང་ལའང་སེལ་མེད། བདེ་གླིང་གཏེར་རྫས་ཀྱི་ས་སྣ་ཆུ་སྣ་ཀུན་བསྡུས་པ་ས་ཆའི་འབྱུང་བཅུད་འདོད་འཇོའི་ལྗོན་ཤིང་དང་། ཤར་དུང་རི་རྒྱ་ནག་གླང་ཆེན་བོད་བྲག་མདོ་སྨད་རྒྱ་ཡུལ་སོགས་ཀྱི་ས་སྣ་རྡོ་སྣ་ཆུ་སྣ་ཚོགས་ཚད། སྤ་སྟོན་ཡོན་ཏན་ཕུན་ཚོགས་ཀྱི་ཐུགས་མེ་ཡིས་མ་བཞེས་པ། སྤ་སྟོན་ནམ་མཁའ་སྒྲོན་གསལ་གྱི་ཐུགས་ཞུགས་ཀྱིས་མ་བཞེས་པ། བདེ་ཆེན་གླིང་པའི་སྒྲུབ་ཕུར་མེ་འབར་མ་ཤིན་ཏུ་བྱིན་ལྡན། གཞན་ཡང་བྱིན་རྫས་སྣ་ཚོགས། སྤ་སྟོན་ནམ་མཁའ་གཡུང་དྲུང་དང། ནམ་མཁའ་སྒྲོན་གསལ་གྱི་གདུང་རུས་ལས་སྡབ་པའི་སྟོན་པའི་སྐུ་མང་པོ་བཅས་དང་། ཆགས་ཚད་ནང་རྟེན་སོགས་གསུང་འཕྲོས་མདོར་བསྡུས་ཙམ་བཀོད་པ་ཡིན་ལ་རྒྱས་པ་ནི་ཡི་གེས་འཇིགས་ནས་མ་བྲིས་སོ་ཞེས་གསུངས་སོ།  དེ་ནས་ལྕགས་ཕོ་ཁྱི་ཡི་ལོ་དེར་ཟླ་ཚེས་བཟང་པོར་རྗེ་དམ་པ་ཉིད་སྤ་དགོན་གཡུང་དྲུང་རབ་བརྟན་གླིང་དུ། གདན་སའི་བཞུགས་གནས་སྤོས་ཤིང་གསེར་ཁྲིར་མངའ་གསོལ་ཏེ་མཎྜལ་སྐུ་གསུང་ཐུགས་རྟེན་བཅས་འདེགས་འབུལ་ཞུས། དེ་ནས་ཆུ་ཕོ་བྱི་བའི་ལོ་དེར་རྗེ་དམ་པ་ཉིད་ཀྱིས། མདོ་དྲི་མེད་ལས། སྐུ་གདུང་བརྩེགས་ཤིང་སྐུ་གཟུགས་བཞེངས་པ་དང་། གསུང་རབ་ཡི་གེ་རྒྱུད་བྲིས་ཐར་པ་ཐོབ། བསྐལ་པར་བསགས་པའི་བག་ཆགས་སྒྲིབ་པ་བྱང་། བསོད་ནམས་ཚོགས་ཆེན་རབ་ཏུ་རྫོགས་ནས་ཀྱང་། འབྲས་བུ་སྐུ་གསུམ་སངས་རྒྱས་ཐོབ་པ་འགྱུར། ཞེས་གསུངས་པ་དང་། ཁྱད་པར་དུ་སྙིགས་མ་ལྔ་བདོའི་དུས་འདིར་སྐལ་ངན་མཐའ་དམག་སོགས་ཀྱི་གཉེན་པོར་མཆོག་ཏུ་བསྔགས་པར་དགོངས་ཏེ། བདེར་གཤེགས་དབལ་བོན་སྟག་ལྷ་མེ་འབར་འདྲ་སྐུ་གཙོ་བོ་མི་ཚད་གཉིས་ལྷག་ཙམ་དང་། འཁོར་བརྒྱད་བཅས་རྒྱུ་རིན་ཆེན་གསེར་ཟངས་ལས་བྱས་པ་དང་། ཡང་ཁྲོ་བོའི་རྒྱལ་པོ་གཙོ་མཆོག་མཁའ་འགྱིང་གི་འདྲ་སྐུ་གཙོ་བོ་མི་ཚད་གཉིས་ལྷག་ཙམ་དང་། འཁོར་བརྒྱད་བཅས་རྒྱུ་གསེར་ཟངས་ལས་གྲུབ་པ་ལེགས་པར་བཞེངས་སུ་གསོལ། དེ་ནས་ཤིང་མོ་ཡོས་ཀྱི་ལོ་དེར། དེ་སྔོན་བཞེངས་གྲུབ་པའི་ཁྲོ་བོ་གཙོ་མཆོག་དང་དབལ་བོན་སྟག་ལ་མེ་འབར་གཉིས་ཀྱི་འདྲ་སྐུ་ལ། ནང་རྟེན་སོགས་སྔར་བཞེངས་ཟིན་པའི་སྐུ་གདུང་རྣམས་དང་འདྲ་བ་ལེགས་པར་བཞུགས་སུ་ཕུལ་ཏེ། ཁྲིར་བཀོད་ཅིང་མངའ་དབུལ་རབ་གནས་བཀྲ་ཤིས་སྨོན་ལམ་གྱིས་གཞི་ཡོངས་སུ་བརྟན་པར་མཛད། རྟེན་མཆོག་འདི་དག་བསྐལ་ངན་མཐའ་དམག་གི་གཉེན་པོར་མཆོག་ཏུ་བསྔགས་པར་གསུངས་ཤིང་། ཀུན་ལ་བཀུར་བསྟི་ཕྱག་བསྐོར་མཆོད་འབུལ་གཅེས་སྐྱོང་བརྩོན་དགོས་པར། བཀའ་ཡིས་ནན་ཏན་དུ་གདམས་ནས་དགེ་རྩ་མཆིས་སོ་ཅོག་མི་དམིགས་བྱང་ཆུབ་ཆེན་པོའི་དབྱིངས་སུ་རྒྱས་བཏབ་པར་མཛད་དོ། ཡང་དེ་ནས་མཚམས་ཤིག་ཏུ་རྗེ་དམ་པ་ཉིད་ཀྱིས་ཁྱུང་པོ་ལྷ་བཟོ་དཔོན་གཡོག་ལྔ་བཅས་ཟས་ཡོན་ཕུན་ཚོགས་སུ་སྦྱར་ཏེ། སྐུ་གདུང་ཁང་དུ་རྣམ་དག་ཡུམ་སུམ་ཅུ་སོ་གཉིས་སྲས་ཡེ་ཤེས་སུམ་བརྒྱ་དྲུག་ཅུའི་སྐུ་ཟབ་པར་རིས་སུ་བྲིས་བཞེངས་མཛད། རྗེ་དམ་པ་ཉིད་ཀྱི་བཀའ་དགོངས་ལྟར་བསྟན་སྦྱིན་ཤི་གསོན་ཀུན་གྱི་དངོས་འབྱོར་མཆོད་པ་ཇི་སྙེད་ཀུན། ཞིང་དག་ཚོགས་བསགས་དོན་ཡོད་དུ་བྱ་བ་དང་། བསྟན་འགྲོའི་གསོས་སུ་འགྱུར་བའི་སླད་དུ་སྤ་སྟོན་གཡུང་དྲུང་འབྲུག་གྲགས་གཙང་ཕྱོགས་གྲྭ་སར་ཕེབས་ཏེ། གཙང་སྨན་རི་དང་། གཡས་རུ་མཁར་སྣར། བཀའ་འགྱུར་རྟེན་དོད། རབ་ལེགས་གཡུང་དྲུང་གླིང་སོ་སོར་ལོ་སྐོར་ལས་སྣེའི་གཏོང་སྒོ་སྐུ་འགྱེད་སྨན་རིར་ལས་པ་ལ་ཊཾ་སྟོང་ཕྲག་བཞི་དང་དྲུག་བརྒྱ། མཁན་པོར་སྦྱིན་བདག་འབུལ་བ་ཊཾ་ལྔ་བརྒྱ། ཕེབས་སུ་སེར་ཕྲེང་མེ་ཏོག་མཆོད་པ་རབ་བྱུང་ཁྲི་བཞེངས་བཅས་པའི་འགྱེད་སྡོམ་ཊཾ་སྟོང་ཕྲག་གཉིས་དང་བརྒྱ་དང་བདུན་བཅུ་ལྷག་ཙམ། ཁང་ཚན་སོ་སོར་ཞལ་འདེབས་མཚོན་ཊཾ་བརྒྱད་བརྒྱ་དང་བཞི་བཅུ་ལྷག་ཙམ་ཕུལ། གཡས་རུ་མཁར་སྣར་བཀའ་འགྱུར་རྟེན་ཊཾ་སྟོང་ཕྲག་གཉིས། ལས་དོད་ཊཾ་རྡོ་ཚད་གཅིག འབུལ་བ་འགྱེད་སྡོམ་ཊཾ་བཞི་བརྒྱ་ལྷག་ཙམ་ཕུལ། གཡུང་དྲུང་གླིང་དུ་ལས་པ་ཊཾ་སྟོང་ཕྲག་གསུམ་དང་ལྔ་བརྒྱ། འབུལ་བ་འགྱེད་སྡོམ་ཊཾ་སྟོང་ཕྲག་གཅིག་དང་ལྔ་བཅུ་ལྷག་ཙམ། ཁང་ཚན་སོ་སོར་ཞལ་འདེབས་མཚོན་ཊཾ་དྲུག་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཕུལ། གཤེན་ཚང་རི་རྒྱལ་དགོན་དུ་འགྱེད་དང་ཞལ་འདེབས་སྡོམ་ཊཾ་ལྔ་བརྒྱ་ཙམ་ཕུལ། ཁྱོན་བསྡོམས་བོད་རྡོ་ལྔ་བཅུའི་སྐོར། རྒྱལ་བ་གཤེན་གྱི་བསྟན་པ་འཛིན་པ་དག་པའི་ཞིང་ས་དེ་དག་ཏུ་དངོས་འབྱོར་གྱི་མཆོད་སྤྲིན་ཟབ་རྒྱས་སུ་ཕུལ་བའོ། འདི་ནས་རྗེ་དམ་པའི་གསང་གསུམ་གྱི་ཕྲིན་ལས་བསྟན་དང་འགྲོ་བའི་དོན་དུ་མཛད་རྗེས་རྨད་དུ་བྱུང་བ་རླབས་པོ་ཆེ། གང་གིས་མཚུངས་ཟླར་བྲལ་བ་བསམ་མཐའ་ཡས་པ་རྗེས་སུ་བཞག་པ་ལས། གོང་དུ་མ་གསལ་བ་ཁ་སྐོང་ཚུལ་དུ་ཆེ་ལོང་ཙམ་འགོད་པར་བྱེད་པ་ལ། དེ་ཡང་བླ་བྲང་ཐོག་འོག་དང་འདུལ་ཁང་སོགས་ཀྱིས་མཚོན་པའི་གཙུག་ལག་ཁང་འགྲན་ཟླ་དང་བྲལ་བར་མང་དུ་བཞེངས་ཤིང་། རྒྱལ་བ་གཤེན་རབ་མི་བོ་དང་། མཉམ་མེད་རིན་པོ་ཆེའི་སྐུ་ལོ་བརྒྱད་ཚད་ཙམ་རེ་གཙོས། གསེར་ཟངས་ཀྱི་སྐུ་བརྙན་དྲུག་ཅུ་རེ་བཞི་ལྷག་ཙམ་དང་། གསུང་རབ་པོ་ཏི་བརྒྱ་དང་བདུན་ཅུ་དོན་གྲངས། གཟུངས་འབུམ་པར་བཏབ་དྲུག་ཅུ་རེ་དྲུག ཀུན་དགའ་ར་བ་དང་བཅས་པ། གཞན་ཡང་རྟེན་བཞག་ལ། རང་དགོན་དུ་ཟི་བུབ་འཁར་རྔ་བཅུ་གཅིག གཤང་ཆེན་གཅིག ཁྲོ་ཟངས་གཉིས། རིག་འཛིན་གསང་གྲུབ་ཀྱི་སྒྲུབ་ཆེན་ཆས་ཡོངས་རྫོགས་རྟེན་དང་བཅས་པ། མཁའ་ཀློང་སྒྲུབ་པའི་རྟེན་གསང་མདོས་ཆས་ཡོངས་རྫོགས་རང་དགོན་དུ་རྟེན་བཞག་ཕུལ་མཛད། ཡང་རྗེ་དམ་པ་ཉིད་ཀྱི་རྣམ་ཀུན་དུས་མཆོད་སྐོར་ལའང་། བྲིས་རྒྱང་སད་བྲག་རི་ཁྲོད་ཆགས་བཏབ་པ་ནས་བཟུང་། ཟླ་བ་གང་ཚེས་ཀྱི་བཅོ་ལྔ་རྣམས་སུ་གོང་ལྟར་ལ་གཏེར་ཆེན་བདེ་གླིང་འདི་ཕྱོགས་སུ་ཕེབས་པ་ནས་བཟུང་གསང་ཆེན་རོལ་པ་ཟང་ཐལ་གྱི་ཕྲིན་ལས་རྒྱས་པ་བཅས་དང་། གནམ་གང་གང་ཚེས་རྣམས་སུ་རྩོད་ཟློག་ཞི་ཁྲོའི་ཚོགས་འཁོར་རྒྱས་པ་དང་བྱང་ཆོག ཚེས་བཅུ་གང་ཡོད་རྣམས་སུ་སྐུ་གསུམ་དགོངས་པ་འདུས་པ་དང་། བློ་ལྡན་སྙན་རྒྱུད་རིག་འཛིན་འདུས་པ་ཐབས་ཆེན་མཁའ་རྒྱུད་ཀྱི་སྐབས་ཕྲིན་ཆོ་ག་རྒྱས་པ་དང་། དྲན་པ་དབང་སྒྲུབ། ཡབ་སྲས་དྲིལ་སྒྲུབ་བཅས་ཀྱི་ཕྲིན་ལས་རྒྱས་པ་དང་བྱང་ཆོག་བཅས། དེ་རྣམས་སྣང་གསལ་ཅི་ནུས་སོགས་ཆགས་མེད་དང་། ཟླ་བ་གསུམ་པའི་ཚེས་བཅུར་ཞུ་སྟོན་རྒྱལ་མཚན་ཉི་མའི་འདས་མཆོད་ལ་སྣང་གསལ་བརྒྱ་ཚར་དང་ཆོ་ག་ནི་ཚེས་བཅུའི་དུས་མཆོད་ཀྱིས་མཐུན། ཟླ་བ་ལྔ་པའི་ཉི་ཤུ་བརྒྱད་ལ་ཨོ་རྒྱན་བདེ་ཆེན་གླིང་པའི་འདས་མཆོད་ལ་བདེར་གཤེགས་དགོངས་པ་འདུས་པའི་ཚོགས་བརྒྱ་དང་མར་མེ་བརྒྱ་མཆོད། ཟླ་བ་དགུ་པའི་ཉི་ཤུ་གསུམ་ལ་མེ་སྟོན་ཉི་མ་རྒྱལ་མཚན་གྱི་འདས་མཆོད་ལ་དྲན་པ་ཡབ་སྲས་ཚོགས་བརྒྱ་དང་མར་མེ་བརྒྱ་མཆོད། ཟླ་བ་བཅུ་པའི་གནམ་སྟོང་ལ་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་འདས་མཆོད་ལ་མར་མེ་བརྒྱ་ཚར། ཟླ་བ་བཅུ་གཉིས་པའི་ཉི་ཤུ་དགུ་ལ་དབལ་གསས་རྩོད་བཟློག་གི་སྒོ་ནས་ཟློག་པ་དང་། དེའི་གནམ་སྟོང་ལ་རྩོད་ཟློག་ཡང་སྙིང་གི་ཕྲིན་ལས། སྟོན་ཟླ་ར་བ་ལ་བོན་སྐྱོང་ཀུན་གྱི་གསོལ་ཁ་ཟབ་རྒྱས་དང་། སྲིད་རྒྱལ་བཀའ་གསང་ལྷ་མོ་གཏེར་གསར་རྙིང་གཉིས་ཀའི་ཚོགས་དང་སྐོང་བཤགས་བརྒྱ་རེ། ཡང་དཔྱིད་ཟླ་ར་བ་ལ་བོན་སྐྱོང་ཀུན་གྱི་སྐོང་གསོལ་རྒྱས་པ་དང་། སྲིད་རྒྱལ་བདེ་འགྲོའི་ཚོགས་སྐོང་བརྒྱ་ཚར་བཅས་དུས་རྒྱུན་ཆགས་མེད་དང་། ཞལ་འདོན་ཐུགས་དམ་སྐོར་ལ། ཐོག་མར་ནང་མོར་རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་སྔོན་འགྲོ་རྡོ་རྗེ་མཆུ་སྦྱོར་དང་ཤུབ་བུ་རྣམས་དུམ་ཙམ་དང་རླུང་ཐུན་ལ་འཇུག དེ་ནས་གསང་ཆེན་རོལ་པ་ཟང་ཐལ་གྱི་ལུས་སྦྱིན་རྒྱས་པར་གྲུབ་ནས། བདེ་ཆེན་རྒྱལ་པོ་དང་། དྲན་ཆོག་རྣམ་བཞིའི་གསོལ་འདེབས་ལན་གསུམ་རེ། དེ་ནས་མཛད་བཅུའི་བསྟོད་པ། བདེ་ཆེན་ལྷུན་གྲུབ་དང་བྱམས་མ་སྔགས་བསྟོད་ཚར་རེ། སྙན་རྒྱུད་ཀྱི་སྐྱབས་སེམས། མཎྜལ། གསོལ་འདེབས་ཡན་ལག་མདོར་བསྡུས། ཆུ་གཏོར་རྩིས་མགོ་བདུན་པ། བདུད་རྩི་ཆུ་རྒྱུན། གཤེན་ཉི་མའི་ཆུ་སྦྱིན་བསྡུས་པ་བདག་མདུན་པད་དཀར་མ་གྲངས་ཅི་ནུས། ཀླུ་གཏོར། ཛམ་ལྷའི་ཆུ་སྦྱིན་དང་སྒྲིབ་སྦྱོང་སྙིང་པོ་ཕྲེང་བསྐོར། ལན་གཏོར་ཚར་གསུམ། བར་དོའི་གཏོར་མ། ཆུ་སྦྱིན་གྲོ་ནག་གཉིས་དང་བཤལ་ཆུ་བསྔོ་སྨོན་བཀྲ་ཤིས་བཅས་དང་། གསུར་མཆོད་བདེ་གླིང་གིས་གསུངས་པ་དང་། བསྔོ་བ་ཐར་པའི་གྲུ་གཟིངས་བཅས་གྲུབ། དེ་ནས་གྲོ་ཁར་རྣམ་རྒྱལ་ཕྱག་བཤགས། བསྟོད་པ་རྣམ་རྒྱལ་ཁང་བཟང་། གཡུང་དྲུང་ལྟུང་བཤགས། ཡུམ་མདོ་བདུད་བཟློག་བཅས་དང་། བདེ་གླིང་བླ་སྒྲུབ་སྙིང་པོ་གང་ལྕོགས་དང་། ཞི་བ་ཨ་གསལ་གྱི་གཞུང་དང་། ཁྲོ་བོ་དབང་ཆེན་གྱི་གཞུང་ཆེན་མོ། མཁའ་འགྲོའི་ཀ་བསྟོད། སྟག་ལའི་བཅུད་དྲིལ། མ་རྒྱུད་ཐུགས་རྗེ་ཉི་མའི་བཅུད་དྲིལ་དང་སྙིང་པོ་ཅི་ནུས། ཡབ་སྲས་བཅུད་དྲིལ། ཚེ་མཆོག་དྲན་པ་དྲག་པོའི་བསྐྱེད་རིམ་རྒྱུན་ཁྱེར་རྣམ་གསུམ་དང་སྙིང་པོ་གང་འགྲུབ་ཤམ་བྷ་ལའི་སྨོན་ལམ་བཅས་ཀྱི་མཐར་དབྱུང་། དགོང་མོར་མ་ཅིག་བཀའ་གསང་ལྷ་མོའི་སྙིང་པོ་བརྒྱ་རྩ། བོན་སྐྱོང་སྤྱིའི་ཁ་སྐོང་། དྲན་པ་ཚེ་སྒྲུབ་ཀྱི་སྙིང་པོ་བརྒྱ་ཚར་དང་། མུ་རི་མུ་ཡང་སོགས་ཀྱི་མཐར་དབྱུང་། གསུར་མཆོད་དང་། གསང་རོལ་ལུས་སྦྱིན་རྒྱས་པ་བཅས་གྲུབ་ནས་འོད་གསལ་གྱི་རྣལ་འབྱོར་ལ་འཇུག་པ་སོགས་རྒྱུན་ཏུ་ཆགས་མེད་ཉམས་བཞེས་མཛད་དོ    
  • མུ་དགོད་བྱ་རྒྱུ།                    

 
 
Re:༥༽ སྤ་སྟོན་ཉི་མ་འབུམ་གསལ་གྱི་རྣམ་ཐར།
[ 2015/6/29 18:15:37 | By: སྐུ་མགྲོན་01UHx3(སྐུ་མགྲོན) ]
 
སྐུ་མགྲོན་01UHx3(སྐུ་མགྲོན)གྲོགས་པོ་ཀུ་ས་ལི་ལགས། སྐུ་ཉིད་ལ་སྐོམས་པ་ཆུ་འདོད་ཀྱི་རེ་བ་ཞིག་ལ། སྤ་ཉི་མ་འབུམ་གསལ་གྱི་རྣམ་ཐར་མཇུག་དེ་མགྱོགས་མྱུར་བཀོད་རོགས་གནང་། ཐུགས་རྗེས་གཟིགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.