ཉག་གཅིག༵་བདེན་གཉིས༵་སྐུ་གསུམ༵་ལྷུན་རྫོགས་མུ་ལའི་གུར་ཁྱིམ་ཡོངས་པའི་ཁྱོན། །
སྒོ་བ༵ཞི་མཛོད་ལྔ༵་ཐབས་དྲུག༵་དབྱིངས་རྫོགས་སྐྱ་རེངས་སྣང་བ་བཞད་པའི་མཐུས། །
རིག་བདུན༵་དབྱིངས་བརྒྱད༵་ཐེག་ད༵གུ་དོན་རྟོགས་དམུ་རྒྱལ་ཉི་རི་འོད་པོ་ཆེ། །
ཤེས་བ༵ཅུ་རྟགས་ཆེན་བཅུ་གཅིག༵་རྫོགས་པའི་འགྲོ་བློའི་མུན་སེལ་ཁྱེད་ལ་འདུད། །
མཁྱེན་གཉིས༵་གསང་གསུམ༵་སྐུ་བ༵ཞིའི་ཡོན་ཏན་གཅིག་ཏུ་མངའ་བའི་ས་ཆེན་དུ། །
ཡེ་ལྔ༵་ཕྱིན་དྲུག༵་ནོར་བདུན༵་ཚོགས་ཆེན་ལོ་འདབ་གཡུར་དུ་རྒྱས་པའི་མཐུས། །
ཁམས་བརྒྱད༵་དབྱིངས་ད༵གུ་ས་བ༵ཅུའི་འབྲས་བཟང་ལྷག་གེར་འཆང་བའི་ཟས་གཙང་སྲས། །
མཛད་ཆེན་བཅུ་གཉིས་མཐའ་རུ་ཕྱིན་པའི་སྐྱེ་དགུའི་མགོན་ཁྱེད་སྲིད་ལ་རྒྱལ། །
གངས་ཅན་ཕྱི་མོའི་བསྟན་པའི་སྲོལ་འགྱེད་རྒྱུན་སྐར་གྲངས་སུ་མཉམ་པ་ལས། །
འཛམ་གླིང་མཁས་མཆོག་ལོ་པན་གཤེན་དང་ཀློང་སྒོམ་འཕོ་ཆེན་ཉེར་བཞི་སོགས། །
མདོ་སྔགས་རྫོགས་གསུམ་ལྟ་བར་ལྡིང་ཐོབ་ས་གསུམ་དབྱིངས་སུ་འཕགས་པའི་གཤེན། །
མི་བྲལ་སྤྱི་གཙུག་འོད་འཁོར་ཀློང་ནས་དུས་རྣམ་ཀུན་ཏུ་མཆོད་ཅིག་ཀྱཻ། །
ལྔ་རིག་སྐྱེད་ཚལ་རབ་ཏུ་བཞད་པའི་འཕགས་ཡུལ་ཀླུ་ཡི་གྲོང་ཁྱེར་ནས། །
ཟག་མེད་བདེན་གཉིས་ཆོས་ཀྱི་བདུད་བརྩི་གོ་ལའི་ཁྱོན་དུ་འདྲེན་མཛད་མཁན། །
རྒྱན་དྲུག་མཆོག་དང་གྲུབ་ཆེན་བརྒྱད་བཅུ་སྲིད་འདིར་སྣང་བ་འཕགས་པའི་སྡེ། །
ངོ་མཚར་མཛད་འཕྲིན་ཞིང་འདིར་བཀོད་པར་སོར་བཅུའི་འདབ་མ་སྤྱི་བོར་འདུད། །
སྲིད་པའི་སྒྲོན་མེ་དམུ་རིགས་གཤེན་གྱིས་གདུལ་བྱའི་འཁོར་ཚོགས་འདྲེན་པའི་ཕྱིར། །
སྐུ་གསུང་ཐུགས་ཀྱི་འོད་ཟེར་ཀློང་ནས་དཔེའུ་ཙེ་རྣམ་གསུམ་སྤྲོས་པ་ལས། །
རིན་ཆེན་དབྱིག་གི་ནོར་བུར་འགྲན་པའི་སྒོ་བཞི་མཛོད་ཀྱི་བོན་འཁོར་ཞེས། །
གདུལ་བྱའི་རིག་ཅན་བློ་དང་མཚམས་པར་ལྷོ་གླིང་འཛིན་མའི་ཁྱོན་དུ་བསྐྲུན། །
རྒྱལ་གཞིས་འཁོར་སྤངས་དབེན་པའི་གནས་སུ་བདུད་བཞི་བཅོམ་པའི་ཐུབ་དབང་གིས། །
རྟེན་འབྲེལ་གཞི་སོགས་ཕུང་པོའི་ཁམས་ལ་བདག་འཛིན་སྣང་བ་རབ་བཅད་ནས། །
ཉེ་གནས་སློབ་ཚོགས་དཀའ་ཐུབ་སྟོང་དང་ཞི་བདེའི་ལམ་བཟང་བསྟན་དང་ལྷན། །
བདེན་བཞི་ལ་སོགས་མངོན་པའི་སྡེ་བཅས་ཆོས་ཀྱི་འཁོར་ལོ་བརྒྱ་ཕྲག་བསྐོར། །
གཤེན་གྱི་རླབས་ཆེན་མཛད་འཕྲིན་མི་ཟད་ཚངས་རྒྱུང་ཞིང་ཀུན་ཁྱབ་པ་ལས། །
ཐུགས་ཀྱི་སྲས་མཆོག་ཚངས་པ་གཙུག་ཕུད་སྲིད་པ་མཛོད་ཀྱི་སྣོད་བསྟན་རྗེས། །
ཞུ་འཁོར་གཤེན་བརྒྱད་སྟོང་རྒྱུང་ལ་སོགས་ཞང་བོད་ཁམས་ཀྱི་ལོ་ཙཱ་བས། །
མེས་པོའི་ཕ་ནོར་གངས་རིའི་ལྗོངས་སུ་དབྱར་ཀྱི་ཆུ་བོ་བཞིན་དུ་དྲངས། །
འཕགས་ཡུལ་བྱང་ཕྱོགས་རི་བོ་འབིག་བྱེད་གར་མཁན་ལྷ་ཡི་གྲོང་ཁྱེར་གྱི། །
སྙན་པར་གྲགས་པའི་ཉེ་སྦས་ལ་སོགས་དགྲ་བཅོམ་འཁོར་ཚོགས་ལྔ་བརྒྱ་ཡིས། །
ཐུབ་པའི་དགོངས་བཅུད་གཅིག་ཏུ་བསྒྲིལ་ནས་བཤད་མཛོད་སྡེ་སོགས་དུ་མར་བརྩམས། །
ཕྱི་རབས་འགྲོ་བའི་བློ་མིག་འབྱེད་པའི་ངོ་མཚར་ཆོས་ཀྱི་གྲུ་ཆར་ཕབས། །
བརྒྱད་ཁྲི་བཞི་སྟོང་བོན་གྱི་སྒྲ་དབྱངས་ས་ཡི་ཁྱོན་འདིར་རབ་བསྒྲགས་པའི། །
ཕྱི་སྣོད་ནང་བཅུད་བསྐལ་སྲིད་ལ་སོགས་ཆགས་གནས་འཇིགས་སྟོན་མཛོད་ཀྱི་ཕུག །
ཀླུ་ཡི་གཤེན་པོས་གཏེར་ནས་དྲངས་ཏེ་གཡས་རུའི་སྟོན་ཆེན་བཅོ་བརྒྱད་ནས། །
བྱིན་རླབས་སྤྲིན་གྱི་ན་བུན་མ་ཡལ་གོ་ལའི་ཁྱོན་འདིར་གྲགས་པ་འབར། །
ཟག་མེད་རྟེན་བྱུང་ཆོས་ཀྱི་སྦྲང་ཆར་གླིང་བཞིའི་ཁམས་སུ་ཕབས་པ་ལས། །
མངོན་པའི་རབ་བྱེད་བཤད་མཛོད་སྡེ་ཡི་ཁམས་སོགས་འཇིག་རྟེན་གྲོལ་གནས་ལུགས། །
ལྟ་བའི་གནད་དག་གཅིག་ཏུ་ཆུད་པའི་སློབ་དཔོན་དབྱིག་མཉེན་ཆེན་པོ་ཡིས། །
མངོན་མཛོད་སྡེ་སྣོད་བློ་གྲོས་བརྟན་སོགས་བུ་སློབ་རྣམས་ལ་བཅུད་དུ་བསྩལ། །
གངས་ཅན་ཕ་ནོར་གཡུང་དྲུང་བོན་མཆོག་ཟླ་རི་བཞིན་དུ་གདོད་ནས་འཆར། །
གཙང་མའི་དམ་ཆོས་འཕགས་པའི་ཡུལ་ནས་གསེར་ཀྱི་ཉི་རི་བཞིན་དུ་འཕྲོས །
འཕགས་གྲུབ་དགྲ་བཅོམ་སེམས་དཔའི་སྡེ་རྣམས་སྐར་ཚོགས་བཞིན་དུ་གླིང་འདིར་མཛེས། །
ཆགས་སྡང་ཕྱོགས་རིས་རྨོངས་བློ་དོར་ན་ཐམས་ཅད་སྐྱབས་ཀྱི་གནས་སུ་མཆིས། །
བསྐལ་སྲིད་ཆགས་སོགས་གནས་ཆེན་བཅུ་བདུན་རབ་ཏུ་སྤྲོས་པ་སྲིད་པའི་མཛོད་ཕུག་ཆེན་མོ་དང་། །
ཁམས་དང་དབང་པོ་འཇིག་རྟེན་ལ་སོགས་གནས་བདུན་བསྟན་པ་དམ་ཆོས་མངོན་མཛོད་ཆེན་མོ་ཡི། །
དགོངས་པའི་གནད་དམིགས་གསལ་བར་དཀྲོལ་བ་མཁས་པའི་རྣམ་དཔྱོད་བློ་དམན་བདག་ལ་མ་ལྡན་ཡང་། །
སྔོན་བྱོན་རྒྱལ་སྲས་ལོ་པན་ཚོགས་ཀྱི་མཛད་པ་བསྟོད་ཕྱིར་ཆུ་ཐིག་ཙམ་ཞིག་འདི་ན་འཆད། །
- ཟིན་ཐོ་གོང་མ།འཚམས་འདྲི།
- ཟིན་ཐོ་འོག་མ།བོན་གྱི་སྡོང་གྲོགས་བོན་གྱིས་བྱེད།