མགུར་གླུ་བྱིན་རླབས་རྒྱུན་བཟང་།
༼དྭངས་ར་ཤེལ་ཞིག་བླ་ཆུང་ཀུན་བཟང་བསྟན་འཛིན་མཆོག་ནས་མ་བཅོས་ཐོག་བབ་ངང་གསུངས་པའི་ཉམས་མགུར།༽
ཨེ་མ་་་བདག་མེད་ཡེ་སྟོང་རང་ཤར་སྐུ་གསུམ་གྱི་ཀློང་དུ། །
འཁོར་འདས་མཉམ་པ་ཆེན་པོ་ཉག་ཅིག་ལ་འདུད་དོ། །
རང་བཞིན་རིག་པའི་རྒྱལ་པོ་དྲན་རིག་གི་ཀློང་ནས། །
སྣང་སྲིད་ཆོ་འཕྲུལ་རོལ་པ་འགག་མེད་དུ་རྟོགས་ནས། །
མ་རིག་འཁོར་བའི་སེམས་ཅན་སྙིང་རྗེ་ཡི་དོན་དུ། །
ཐ་དད་གང་ལ་གང་འདུལ་དེར་སྟོན་གྱི་ཚུལ་དུ། །
དང་པོ་འཁོར་བ་སྤྱི་ཡི་འགྲོ་ཚུལ་ལ་བསམ་ཞིང་། །
སྣ་ཚོགས་གང་སྣང་རོལ་པའི་ཆོ་འཕྲུལ་གྱི་རྩལ་དུ། །
མ་དག་འཁྲུལ་སྣང་གར་བསྒྱུར་མི་ལུས་ཀྱི་ཚུལ་དུ། །
བདག་གི་མ་ཤེས་རྨོངས་སེམས་མུན་སྟུག་གི་དྲ་བར། །
མ་རྟོགས་འཁོར་བའི་ཉོན་མོངས་འཁྲུལ་གདུང་གི་འཆར་ཚུལ། །
མ་ཡེངས་བཅོས་མིན་གཉུག་མའི་རོལ་རྩལ་ཀློང་ནས། །
གང་ཤར་དྲན་པར་འཁོར་འདི་སྙན་ལམ་དུ་ཞུའོ། །
རོལ་རྩལ་འགག་པ་མེད་པ་ཡེ་ཤེས་ཀྱི་དབྱིངས་ནས། །
གང་སྣང་སྒྱུ་འཕྲུལ་རོལ་པའི་སྤྱོད་པ་དེ་སྐྱོང་དུས། །
མ་འོངས་འགྲོ་ལ་རྗེས་ཆགས་ཐབས་མཁས་ཀྱི་གར་བསྒྱུར། །
བདག་གི་དང་པོ་སྐྱེ་བའི་འཁོར་བ་ལ་བརྒྱུད་ནས། །
སྣང་བ་བཅས་པའི་སྤྱོད་པ་རོ་གཅིག་ཏུ་བསྐྱངས་ཤིང་། །
བར་དུ་རྣམ་རྟོག་ལམ་འཁྱེར་ཡེ་གྲོལ་གྱི་ངང་དུ། །
གང་སྣང་བྱར་མེད་ཀློང་དུ་དྲོད་ཚད་དེ་ཐོབ་བྱུང་། །
ཅིར་སྣང་ཐམས་ཅད་རང་ཤར་རང་གྲོལ་གྱི་ཚུལ་དུ། །
དྲིན་ཆེན་དམ་པའི་གདམས་ངག་ཉམས་ལེན་དུ་དྲན་ཞིང་། །
ཉམས་ལེན་དཀྱིལ་འཁོར་སྐྱོན་མེད་དྲིན་ཆེན་གྱི་མི་ལུས། །
བདག་གི་བློ་ཉམས་སྒོ་མོ་ཡེ་སྟོང་དེ་བྱེ་དུས། །
ཐམས་ཅད་སྤྲོས་བྲལ་རྟོགས་པའི་གནས་ལུགས་ཀྱི་ངང་ནས། །
རེ་དྭོགས་རྟོག་པ་མེད་པའི་སྤྱོད་པ་དེ་བསྐྱངས་ཡོད། །
ཁམས་གསུམ་འཆར་ཚད་འགྲོ་དྲུག་ལམ་སྣང་གི་བོན་སྐུ། །
རང་རྩལ་ཡེ་སྟོང་སྤྱོད་འདས་རང་ཤར་གྱི་ངང་དུ། །
ཡར་གྱི་རེ་བ་མི་གདའ་སྟོང་ཆེན་གྱི་གཞི་དབྱིངས། །
མར་གྱི་དྭོགས་པ་མེད་པ་མཉམ་ཉིད་ཀྱི་ཀློང་དུ། །
རེ་དྭོགས་ཡེ་བྲལ་ཆེན་པོའི་མཉམ་པ་དེ་སྐྱོང་དུས། །
ང་མེད་བདག་མེད་ཆེན་པོའི་དོན་དམ་དེ་འབྱོངས་ཤིང་། །
འདི་སྣང་རྣམ་རྟོག་ཐམས་ཅད་བདག་མེད་དུ་རྟོགས་ནས། །
འཁོར་བ་རོལ་རྩལ་འགག་མེད་ཡེ་གྲོལ་གྱི་ཀློང་དུ། །
རྣལ་འབྱོར་ཁྱི་ཕག་ལྟ་བུའི་སྤྱོད་པ་དེ་བསྐྱངས་ཡོད། །
ཁྱབ་བདལ་སྐྱེ་མེད་ལྟ་བུའི་ཉམས་མྱོང་དེ་རྟོགས་ཡོད། །
རོལ་རྩལ་འགག་པ་མེད་པའི་མཉམ་བཞག་དེ་བསྐྱངས་ཤིང་། །
གཞན་འཛིན་འཁོར་བའི་དགྲ་ལ་ཤགས་བསྡེབས་རེ་བརྩད་ནས།
སྣང་བ་ཐམས་ཅད་བདག་གི་ལམ་སྣང་དུ་བསྒྱུར་ཞིང་། །
དྲན་ཚད་ཐམས་ཅད་བདག་མེད་རང་གདང་དུ་རྟོགས་ཏེ། །
རང་བཞིན་ཉག་ཅིག་དགོངས་པ་རང་རྒྱུད་ལ་འཁྱུད་དེ། །
རྫོགས་པ་ཆེན་པོའི་ཡང་དག་དགོངས་པ་དེ་རྟོགས་བྱུང་། །
བར་དུ་མྱོང་ཁྲོད་འཁོར་བའི་དྲིན་ཆེན་ལ་བརྩད་ཅིང་། །
སྐྱེ་ཤི་དུ་མ་བརྒྱུད་པའི་ཉམས་མྱོང་ལ་ལྟོས་ཏེ་། །
རབ་འབྲིང་བློ་ཡི་རིམ་པའི་བོན་སྒོ་ལ་བསྟུན་ཞིང་། །
ཁམས་གསུམ་སྣང་སྲིད་འགྲོ་བའི་སྣང་ཡུལ་དུ་བྱས་ནས། །
གདུང་པ་བླ་མ་ལྟ་བུའི་སྤྱོད་ཚུལ་དེ་བཟུང་ཞིང་། །
བོན་ཆོས་དབྱེར་མེད་འབྲས་བུའི་འཇུག་སྒོ་ཡི་ངང་ནས། །
སྣང་བ་ཐམས་ཅད་གཅོད་སྣང་ལམ་སློང་དུ་བྱས་ཏེ། །
གང་འདུལ་རོལ་པའི་སྤྱོད་ཡུལ་བདག་མེད་དུ་བསྐྱངས་ཡོད། །
བར་དུ་རྣམ་རྟོག་ཡེ་གྲོལ་ཡེ་ཤར་གྱི་ངང་ནས། །
བོན་སྐུ་མ་འགག་ཀློང་དུ་མཁྱེན་རྩལ་དེ་རྒྱས་ཏེ། །
ཀུན་བཟང་དགོངས་པའི་ཀློང་ཆེན་རབ་འབྱམས་ཀྱི་ཞིང་དུ། །
འཁོར་འདས་དབྱེར་མེད་དག་པའི་བཀའ་རྒྱུད་དེ་གང་ཡོད། །
ཐ་མ་ཉོན་མོངས་འཁོར་བའི་སེམས་ཅན་ལ་ལྟོས་ཤིང་། །
སྣ་ཚོགས་མ་རྟོགས་སྣང་བའི་དྲན་ཤེས་ལ་བསྟུན་ཏེ། །
བདག་གི་མི་ཆོས་ལྟ་བུའི་སྤྱོད་པ་རེ་བཟུང་ཞིང་། །
སྤྱིར་ན་མ་རིག་འགྲོ་ལ་སྙིང་རྗེ་ཡི་རྒྱུན་བསྐྱེད། །
ལས་འབྲས་དཀར་ནག་སྟོན་པ་རྒྱུ་འབྲས་ཀྱི་བོན་དང་། །
བློ་ལྡོག་རྣམ་བཞི་ངེས་འབྱུང་ཡིད་ཆེས་ཀྱི་བོན་དང་། །
འཁོར་བ་མི་རྟག་པ་བཅས་གཏན་ལ་ནི་ཕབ་ཡོད། །
ཐམས་ཅད་ཅི་བྱས་ལམ་སློང་ཚུལ་བཞིན་དུ་མཛད་ནས། །
མ་རིག་འགྲོ་ལ་སྙིང་རྗེ་རང་རྒྱུད་དུ་བསྐྱེད་ཅིང་། །
རྣལ་འབྱོར་བདག་ཉམས་སྤྱོད་པ་ཉག་ཅིག་ཏུ་བཞག་ཀྱང་། །
སྤྱོད་པ་མི་ལུས་ལྟ་བུའི་མཚོན་བྱེད་དུ་བཅངས་ཞིང་། །
རེ་དང་དྭོགས་པའི་མདུད་པ་མ་བྲལ་ཚུལ་བསྟན་ཡོད། །
དེ་ནས་བདག་གི་རྣམ་མཁྱེན་རྒྱལ་བ་ཡི་བཀའ་རྒྱུད། །
གཡུང་དྲུང་བོན་གྱི་བསྟན་དང་བསྟན་གྲོགས་ཀྱི་དོན་དུ། །
ཡང་དག་སེམས་ཉིད་ངེས་འབྱུང་བློ་སྣ་དེ་བསྒྱུར་དུས། །
བོན་སྡེ་སྤྱི་དང་ཡང་སྒོས་མདོ་སྔགས་ཀྱི་ལྟ་བ། །
མ་རྟོགས་འཁོར་བར་བགྲོད་པའི་མ་རྒན་གྱི་འགྲོ་རྣམས། །
སྙིང་རྗེ་བྱམས་པའི་འདུ་ཤེས་ཟབ་མོ་ཡི་ངང་ནས། །
བསྟན་པའི་རྗེས་ལ་རང་གི་སེམས་བསྐྱེད་རེ་བསྐྱེད་ཅིང་། །
ལུས་ངག་ཡིད་གསུམ་དགེ་སྦྱོར་རྣམ་དག་གིས་བསྐྱངས་ཞིང་། །
རྒྱུ་འབྲས་ལམ་སྟོན་བླ་མའི་དཔེར་བརྗོད་དུ་བཏང་སྟེ། །
ཁམས་གསུམ་འཁོར་བར་མ་ཤེས་འདི་སྣང་རེ་སྦྱོང་བསམ། །
བདག་གི་ཡིད་ལ་དམ་བཅའ་བརྟན་པོ་རེ་བཟུང་ནས། །
དཀར་ནག་མི་ཆོས་ཚུལ་གྱི་སྤྱོད་པ་དེ་བསྐྱངས་ཡོད། །
རོལ་རྩལ་འགག་པ་མེད་པའི་ཡེ་ཤེས་ཀྱི་ཤུགས་དང་། །
མ་གཅིག་ཡུམ་ཆེན་དབལ་མོའི་ལུང་དོན་གྱི་གྲོགས་དང་། །
ཚེ་རབས་བསོད་ནམས་བསགས་པའི་ལས་དབང་གི་སྟོབས་ཀྱིས། །
སྙན་གྲགས་ས་གསུམ་ཐེམས་སྐས་གཡུལ་བཅད་ཀྱི་སྟེང་དུ། །
རང་འབྱུང་རིག་པ་གཞིར་བཅས་བོན་སྐུ་ཡི་ཀློང་དུ། །
མ་འགག་བོན་འཆད་མཁས་པའི་མགུལ་རྒྱན་དེས་མཛེས་ཤིང་། །
ཀུན་སྙོམས་ཚད་མེད་བཞི་ཡི་སྙིང་རྗེ་དེ་ཤར་ཞིང་། །
ལམ་སྣང་ཅིར་སྣང་བརྙེས་ཚད་དྲན་སྣང་གི་བརྒྱུད་ནས། །
ད་ལྟ་འདིར་ཚོགས་སྐལ་ལྡན་ཡང་དག་གི་ས་ལ། །
ཉམས་མྱོང་རྒྱུད་ལ་འཁྱོངས་བའི་སྤྱོད་པ་དེ་འཛིན་ཡོད། །
ད་ཡང་བདག་ནི་ནམ་ཞིག་འབྱུང་བཞི་འདི་མ་འཇིག །
བར་དུ་ཅི་སྲིད་འཁོར་བའི་སྣང་བ་དེ་འཛིན་ཞིང་། །
གང་ལ་གང་འདུལ་དེར་སྟོན་བོན་འཆད་རེ་མཛད་ཅིང་། །
ཉམས་མྱོང་མྱོངས་ཐོག་གྲོལ་བ་ཡིད་ཆེས་ཀྱི་གཏིང་ནས། །
ས་གསུམ་ལམ་གྱི་སྤངས་རྟོགས་མངོན་པར་དུ་ཤེས་ཤིང་། །
མཐར་ཐུག་རྫོགས་པ་ཆེན་པོ་སེམས་ཉིད་ཀྱི་ངང་ནས། །
རེ་དྭོགས་མེད་པའི་ངང་དུ་སྐྱོངས་དགོས་སོ་བསམ་ཡོད། །
ཨེ་མ་སྐལ་ལྡན་དོན་ཡོད་རང་རིག་གི་ཀློང་ནས། །
རང་གདང་འགག་པ་མེད་པ་ལྷུན་གྲུབ་ཀྱི་འོད་གསལ། །
འཁོར་འདས་སྣང་སྲིད་ལམ་སྣང་རྣལ་འབྱོར་ངས་རྟོགས་དུས། །
ཡར་གྱི་རེ་བ་མི་གདའ་སྣང་བ་འདི་རང་སྣང་། །
མར་གྱི་དོགས་པ་མི་གདའ་རྣམ་རྟོག་འདི་དྲན་ཤར། །
རང་རིག་རྗེན་པར་མཐོང་བའི་ངོ་བོ་འདི་སལ་ལེ། །
ངང་ལ་ངང་བལྟས་ལྟ་བའི་རང་བཞིན་དུ་སྐྱོང་དུས། །
ཐམས་ཅད་བདག་མེད་གཤིས་ཀྱི་གནས་ལུགས་སུ་འཇོག་སྟེ། །
རེ་དང་དོགས་པ་མེད་པའི་རྫོགས་ཆེན་གྱི་རྣལ་འབྱོར། །
ཟབ་མོ་སྒྲུབ་བོན་རྣམས་ཀྱི་དགོངས་རྒྱུད་དེ་ཕོགས་ཏེ། །
བདག་གི་སེམས་ཉམས་གཤིས་ཀྱི་འོད་གསལ་གྱི་ངང་ནས། །
མ་རིག་འཁོར་བར་འཁྱམས་པའི་མ་རྒན་གྱི་འགྲོ་རྣམས། །
ཕྱམ་གཅིག་འདྲེན་དགོས་བསམ་པའི་དམ་བཅའ་རེ་བཞག་ཡོད། །
ཡང་དག་ལམ་སྟོན་སྙིང་རྗེ་ཟབ་མོ་ཡི་བརྒྱུད་ནས། །
མཆོག་གསུམ་བསླུ་མེད་རྒྱ་མཚོའི་རྒྱན་གཅིག་ཏུ་འགྱུར་བའི། །
ངེས་ཚིག་ལམ་སྟོན་གསལ་བའི་སྒྲོན་མེ་ཡི་འཇའ་ཟེར། །
གང་ཤར་སེམས་ཀྱི་གསལ་སྣང་རོལ་རྩེད་ཀྱི་གླུ་ཆུང་། །
གདམས་པ་ཕྱེད་པའི་གྲོགས་རྣམས་སྙན་ལམ་དུ་འབུལ་བས། །
ངེས་འབྱུང་བློ་སྣ་བསྒྱུར་བའི་རྐྱེན་གཅིག་ཏུ་འགྱུར་ཤོག ། ། །
རིག་འཛིན་མཁའ་འགྲོའི་གསང་མཚན་དུ་ནམ་མཁའ་རང་གྲོལ་རྩལ་ལམ། ཤེལ་བླ་ཀུན་བཟང་བསྟན་འཛིན་མཆོག་ཁྱུང་སྟེང་དགོན་དུ་བྱོན་སྐབས་མ་བཅོས་གཤིས་ལུགས་ངང་ཐོག་བབ་ཏུ་གསུངས་པའི་ཉམས་མགུར་སྒྲ་ཕབ་ལས་རྩིས་འཕྲུལ་དུ་བཤུས།
དངས་རའི་ཁ་སྐད་ལ་གོམས་པ་ཆུང་བ་དང་ལོག་པར་རྟོག་པའི་དབང་གིས་འབྲི་ཉེས་བྱུང་བ་རྣམས་བཀའ་སྲུང་ཡེ་ཤེས་དབལ་མོའི་དྲུང་དུ་མཐོལ་ལོ་བཤགས།
- ཟིན་ཐོ་གོང་མ།སློབ་དཔོན་བསྟེན་ཚུལ།
- ཟིན་ཐོ་འོག་མ།གནས་མཆོག་ལྷ་རི་གཡུང་དྲུང་གསང་བ་རྩལ།