འཚོལ་སྙེག
མི་ཚེ་འདི་ནི་ལས་ཀྱི་ལྷ་ལ་དབང་།།
སྲོག་གི་རྒྱུ་བ་ལོ་ཟླའི་སྣེ་ན་ཟད།།
ཕུང་པོ་ལྷག་མ་འདི་ཡི་འཚོལ་སྙེག་ཀྱང་།།
འོད་སྣང་ཕྱོགས་སུ་མཆེད་པའི་རིག་གཞུང་ཉིད།།
སེམས་དང་བསམ་པའི་བར་གྱི་བརྗོད་སྙིང་དང་།།
གློ་དང་རྒྱུ་མའི་བར་གྱི་ཟུངས་ཁྲག་ཀྱང་།།
རང་ལ་ཐོལ་གྱིས་འཕྱུར་བ་མ་ཡིན་ཏེ།།
བཙན་པོས་ཤུལ་དུ་བཞག་པའི་ནོར་བུའི་དོན།།
གདོད་མའི་འཇིག་རྟེན་སྲུང་བའི་སྦྲ་ནག་དེ།།
བློ་གྲོས་གསར་བ་ཞིག་གི་རོལ་རྩེད་ལས།།
ཆོན་ཐག་ཕྲ་མོ་ཕྱོགས་བཞིར་བརྐྱངས་པ་ཡིས།།
ཤེས་རབ་རྩལ་དུ་སྨིན་པའི་འབྱུང་འགྱུར་རྟོགས།།
ཕོ་ལོ་ཉི་ཤུའི་ལང་ཚོ་རྒྱང་དུ་ཡལ།།
སེམས་ཀྱི་བྱ་ཁྱུ་ཁ་བའི་ཟོལ་གྱིས་འཕུར།།
མཉེན་ལྕུགས་གཤོག་འགྱུར་བར་གྱི་འཚོལ་སྙེག་དེ།།
བསམ་གཞིག་རིང་མོ་ཞིག་གི་མཐའ་རྩེན་ནོ།།