དམངས་ཁྲོད་ཀྱི་དར་བཤད།
ཕུག་དར།
འོ། གྲུ་བཞི་མཁར་གྱི་ནང་རོལ། །རིན་ཆེན་ནོར་བུའི་བང་མཛོད། །
ཁྱིམ་ཕུགས་གཡང་གི་ར་བ། །ལྷ་གཞི་དཀར་པོའི་ནང་རོལ། །
དཀྱིལ་འཁོར་ཁྲ་མོའི་ཡང་སྟེང་། །ལྷ་ཕྱི་རྒྱུ་སྐར་ཚོགས་བཀྲ་འདྲ་གདའ། །
ནང་རྒྱུད་མེ་རི་འབར་འདྲ་གདའ། །གསང་རྒྱུད་སྤྲིན་ཚོགས་སྤུངས་འདྲ་གདའ། །
བཀའ་རྟེན་འགྱུར་རྩིག་པ་བརྩིགས་འདྲ་གདའ། །མཆོད་པ་བསང་དང་ཇ་མཆོད་གདའ། །
འབུལ་བ་སྤོས་དང་མར་མེ་གདའ། །ཁྱིམ་ཕུགས་གཡས་ཀྱི་ནང་རོལ་དུ། །
ཕ་ཁུ་རི་རྒྱལ་ལྷུན་པོ་དེ། སྐུ་རི་རབ་བཞིན་དུ་བརྟན་པ་གདའ། །
གསུང་འབྲུག་སྒྲ་བཞིན་དུ་གྲགས་པ་གདའ། །ཐུགས་ནམ་མཁའ་བཞིན་དུ་ཡངས་པ་གདའ། །
བཀྲ་ཤིས་ཁ་དར་ཡུག་གཅིག་འདི། །ཁྱིམ་ཕུག་ལྷ་དར་བའི་ཕུགས་དར་ཡིན། །
གདན་དར།
འོ། གཡས་གདན་སྟག་གདན་ཁྲ་བོ་རེད། །སྟག་རི་མོ་མ་ཉམས་ཁྲིགས་སེ་གདའ། །
རྒྱབ་ཕ་མྱེས་ཀྱི་གདན་ས་ནོན་པའི་གདན། །གདན་ཁྱོད་ལ་བདེ་ཞིང་ལྡན་པར་ཤོག །
གཡོན་གདན་གཟིག་གདན་ཁྲ་བོ་རེད། །གཟིག་ཐིག་ལེ་མ་ཉམས་ཁྲིགས་སེ་གདའ། །
མདུན་གནས་ས་ལ་གདན་ས་ནོན་པའི་གདན། །གདན་ཁྱོད་ལ་དགེ་ཞིང་ཤིས་པར་ཤོག །
དཀྱིལ་གདན་བྲུམ་རྩེ་དཀར་དམར་གདན། །འབྲུ་སྔོན་མོ་པད་མ་འདབ་བརྒྱད་གདན། །
སྨན་བུ་མོའི་གདན་ས་ཆོག་པའི་གདན། །གདན་ཁྱོད་ལ་གདན་ས་ནོན་པར་ཤོག །
སྟག་ཤར་པ་ལང་རྗེས་སྒྲ་བླ་འཁོར། །སྨན་བུ་མོ་ལང་རྗེས་དར་གྱི་འཇམ། །
གདན་ཁྲ་མོ་ལ་གདན་ས་ནོན་པར་ཤོག །
ཐབ་དར།
འོ། ཡར་ཐབ་གསེར་ཐབ་ཁྲ་མོ། །མར་ཐབ་དངུལ་ཐབས་ཁྲ་མོ། །
འབུད་ཤིང་ཨ་གར་སྒྲོན་ཤིང་། །ཐབ་གཙུག་རྒྱུ་ཟངས་དཀར་ལུང་བཞི། །
ཕྱི་ལ་བཀྲ་ཤིས་རྟགས་བརྒྱད། །ནང་ལ་འབྲི་བརྒྱའི་འོ་མས་གང་། །
ཟངས་སྨུག་ཡིད་བཞིན་ནོར་བུ། །དེའི་ནང་ལ་ཇ་ཆང་སྐྱེམས་གྱིས་གང་། །
བསོད་ནམས་བཙན་ཕྱུག་འཛོམས་པའི་ཐབ། །ལོངས་སྤྱོད་འཕེལ་ཁ་དར་བའི་ཐབ། །
དུས་གཏན་དུ་འཕེལ་གྲིབ་མེད་པར་ཤོག །
སྒོ་དར།
འོ་ལེགས་སོ། །
སྐྱ་རེངས་མཁར་གྱི་ཆགས་ཚུལ་ལ། །གྲུ་བཞི་རྡོ་ཡི་རྨིང་གཞི་བརྩེགས། །
ས་སི་དྷ་ར་ཡི་གྱང་གཅིག་བརྡུང་། །གཡུ་རྡོ་སྔོན་པོའི་ཀ་རྡོ་ལ། །
ལྷ་ཤིང་ཤུག་པའི་གདུང་མ་བྱས། །གསོ་ཤིང་སྨྱུག་གི་དྲལ་ལྕམ་ལ། །
ལྷོ་རོང་ནགས་ཀྱི་རླང་མ་བཞག །ས་གསེར་མཆོད་སྟོང་གི་ལག་ལེབ་ལ། །
དངུལ་མཆོད་སྟོང་གི་ཐིགས་ས་བླུགས། །རྡོ་བེེཌཱུརྱ་ཡི་ཆར་ཁེབས་བྱས། །
སེང་ལྡིང་སྨུག་པོའི་སྒོ་མོ་ལ། །གནམ་ལྕགས་ཨུར་མོའི་སྒོ་ལྕགས་བྱས། །
སྒོ་ཐོད་གཡས་ལ་སྟག་ཅིག་འགྱིངས། །སྟག་དར་མ་བཞིན་དུ་དར་བར་ཤོག །
སྟག་དར་མའི་མཆེད་སྒྲ་མེད་པར་ཤོག །སྒོ་ཐོད་གཡོན་ལ་འབྲོང་ཞིག་འགྱིངས། །
འབྲོང་དར་མ་བཞིན་དུ་དར་བར་ཤོག །འབྲོང་དར་མའི་རུ་སྒྲ་མེད་པར་ཤོག །
སྒོ་ཐོད་དཀྱིལ་ལ་ཁྱུང་ཞིག་འགྱིངས། །ཁྱུང་དར་མ་བཞིན་དུ་དར་བར་ཤོག །
ཁྱང་དར་མའི་གཤོག་སྒྲ་མེད་པར་ཤོག །མཁར་ཁང་པ་སྲ་ཞིང་བརྟན་པར་ཤོག །
ཕྱུགས་བིའུ་ལུགས་འཕེལ་ཁ་བཟང་བར་ཤོག། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །
- ཟིན་ཐོ་གོང་མ།ངའི་སྙིང་ནོར་རྣམས་གསུམ།
- ཟིན་ཐོ་འོག་མ།སྙིང་གི་རེ་འབོད།