རྒྱལ་སྲས་མཆོད་པའི་མེ་ཏོག
གནས་མཆོག་མདོ་སྨད་ས་ཡི་ཐིག་ལེ་རུ།།
སྐྱེ་དགུའི་བསོད་ནམས་སྤྲིན་བྲལ་མཁའ་དབྱིངས་ནས།།
འཁྲུངས་པའི་འདྲེན་མཆོག་ཉི་གཞོན་འཛུམ་པའི་འོད།།
མཚན་བླ་མའི་སྐུ་མཆོག་རྨད་དུ་བྱུང་།།
མཁྱེན་པའི་ཡིད་ཀྱིས་ཤེས་བྱའི་དཀྱིལ་འཁོར་གསལ།།
ཚད་མེད་སྙིང་རྗེས་རིགས་དྲུག་ཀུན་སྙོམ་ངང་།།
བརྩེ་བས་གདུལ་བྱ་འགྲོ་ཀུན་གདུལ་སྐྱོངས་བའི་དཔལ།།
རྒྱལ་བ་གཉིས་པའི་ཞལ་ཚབ་ཨེ་མ་ཧོ།།
སྙིགས་མའི་དུས་འགྱུར་བསིལ་རླུང་འཚུབ་མའི་ཁྲོད།།
གཤེན་བསྟན་སྟོན་ཟླ་གསར་པའི་འཛུམ་ཕྲིང་ཟུང་།།
ནུབ་རིའི་ཕྱོགས་སུ་བཞུད་པའི་བསྐལ་ཁུག་དེར།།
སླར་ཡང་འདྲེན་པའི་རྒྱལ་སྲས་ཉི་མའི་མཚན།།
འཛམ་བུ་གླིང་དུ་རྒྱལ་བ་གཉིས་པ་ཞེས།།
གྲགས་སྙན་སྒྲ་དབྱངས་རིང་མོ་དགུང་དུ་སྙིགས།།
གང་དེའི་ཞལ་ཚབ་བསྟན་པའི་ཉི་མ་ཡི།།
མཛད་འཕྲིན་མཁའ་དབྱིངས་དབུས་ནས་རྒྱུ་སྐར་བཞིན།།
ཨེ་མ་འཁྲུལ་བྲལ་གཤེན་གྱི་རིང་ལུགས་དག།
སྐྱོང་བའི་རྣམ་འདྲེན་རྒྱལ་བའི་རྒྱལ་ཚབ་མཆོག།
ལྔ་སྙིགས་དུས་ཀྱི་བསྟན་འགྲོའི་མགོན་པོ་རུ།།
མི་འཇིག་ལྡོང་ལྔའི་ཁྲི་ལ་བཞུགས་པར་སྨོན།།
དྲྭ་ཁང་ཞིག་དུ་བྲིས།།
- ཟིན་ཐོ་གོང་མ།ཁ་བྱང་བྲིས་མེད
- ཟིན་ཐོ་འོག་མ།བུ་མོའི་ལས་དབང་།