བསྟོད་དབྱངས་ངག་གི་རོལ་མོ།
རྒྱལ་བའི་ཡུམ་དང་ངོ་བོ་དབྱེར་མེད་པ།།
བརྒྱད་ཟུང་ལང་ཚོའི་ཉམས་ལྡན་དབྱངས་ཅན་མ།།
བདག་མགྲིན་པད་མའི་མཛའ་བཤེས་བསྒྲིགས་པའི་མཐུས།།
སྙན་པའི་ངག་གི་དངོས་གྲུབ་སྩོལ་ཤིག་ཀྱེེ།།
ཤེས་བྱའི་དཀྱིལ་འཁོར་ཀུན་མཁྱེན་ཐུགས་མངའ་ཞིང་།།
རབ་མང་འཕྲིན་ལས་ཡོན་ཏན་ཆེས་འཛུམ་པའི།།
རྒྱལ་བའི་གསུང་ལྟར་ལེགས་བཤད་གཏེར་སྦྱིན་མཛད།།
མཚན་ལྡན་གོང་གི་སྐུ་མཆོག་རི་བཞིན་བརྗིད།།
ས་འཛིན་དཀར་པོའི་ཁྱོན་གྱི་ཡོངས་རྩེ་རུ།།
གསེར་འོད་འཁྱུད་པའི་རྒྱལ་མོ་རང་གི་སར།།
འགྲོ་བའི་མགོན་པོ་རྒྱལ་བ་གཉིས་པ་ཞེས།།
མཚན་དཔེའི་པད་དཀར་འདབ་སྟོང་ལྷོད་ཀྱིས་བཞད།།
གནས་ལྔའི་མེ་ཏོག་དཀྲིགས་པའི་དགའ་ཚལ་དུ།།
མཁྱེན་རྩེ་ཉི་འོད་ཟིག་མ་འབུམ་གྱིས་ཀྱང་།།
འགྲོ་བའི་དཔལ་དུ་ལྷ་ཡི་དངོས་གྲུབ་དག །
ཆུ་ཡི་གཏེར་བཞིན་འཇོ་བའི་སྦྱིན་བརྒྱ་བ།།
འཛམ་བུ་གླིང་ཞེས་ས་འཛིན་སྲིད་པའི་ཁྱོན།།
གཤེན་བསྟན་འཁོར་ལོ་གསུམ་གྱི་སྙན་པ་ཅན།།
མདོ་སྔགས་སེམས་གསུམ་དགའ་སྟོན་དགྱེས་མཛད་པ།།
མཆོག་ཉིད་སྙིགས་མའི་གདུངས་བ་སེལ་བའི་བཤེས།།
འཆད་པས་ལོག་རྟོག་འབུམ་གྱི་དྲ་བ་བསལ།།
རྩོད་སྒྲས་རྨོངས་པའི་མདུད་རྒྱ་ལྷོད་ཀྱིས་དཀྲོལ།།
རྩོམ་པ་ནོར་བུའི་མཛོད་ཆེན་བསྐྲུན་མཛད་པས།།
སྨྲ་བའི་སེང་གེའི་སྙན་པ་ཁྱེད་ལ་མཐོ།།
གང་སྐུ་མཚན་དཔེའི་བཀོད་པ་ལྷ་ཡིས་བྱས།།
ཁྱེད་གསུང་ལེགས་བཤད་སྒྱ་སྐར་འཕྲིང་བཞིན་སྐྲ།།
ཐུགས་ཉིད་ཤེས་བྱའི་དཀྱིལ་འཁོར་གསལ་བའི་དཔལ།།
རྒྱལ་ཀུན་དཔལ་ཡོན་གཅིག་ཟླུམ་མཉམ་མེད་པ།།
སྲིད་གསུམ་གོ་ལ་ཟླུམ་པོའི་རྩེ་མོ་རུ།།
སྣང་བྱེད་གྱེར་བསྟན་ཟླ་བ་དཀར་པོ་ཡང་།།
ས་འཛིན་ཕག་ཏུ་ཡིབ་པར་ཉེ་བའི་ཆར།།
ཉིད་ཀྱིས་ཟེར་ཕྲིང་ཕྱོགས་ཀུན་མཛེས་པར་བྱས།།
སྐལ་བཟང་རྣམ་འདྲེན་བརྒྱ་པའི་མགོན་པོ་ཡི།།
ཡོངས་ཟབ་རྨད་བྱུང་རིང་ལུགས་གཤེན་གྱི་བསྟན།།
མི་འགྱུར་ས་ཆེན་གོ་ལའི་རྩེ་མོ་རུ།།
རྒྱལ་ཁའི་དར་གྱི་དཔྱང་ཐག་འཐེན་པའི་དབང་།།
རྒྱལ་ཀུན་སྤྱི་གཟུགས་འདྲེན་པ་མཆོག་ཉིད་ཀྱི།།
བཀའ་དྲིན་དྲན་པའི་འཕར་རྩ་ལྡིང་བཞིན་དུ།།
སེམས་ཀྱིས་སྙན་ངག་བྲིས་པའི་ཤོག་སྟེང་དུ།།
བསྟོད་དབྱངས་ངག་གི་རོལ་མོ་ཅི་ཡང་འཁྲོལ།།
༢༠༠༩ ༣ ༢༢ ཉིན་ཀོ་རྒྱལ་དགོན་ནས།
- ཟིན་ཐོ་གོང་མ།བདག་གིས་སྨོན་པ།
- ཟིན་ཐོ་འོག་མ།གཏེར་ཆུ།