སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱོད་མི་ཞིག་ཡིན་ན་འདི་ལ་ཐེངས་གཅིག་ལྟོས།
[ 2017/9/27 22:20:00 | By: vase ]
 


ཁྱོད་མི་ཞིག་ཡིན་ན་འདི་ལ་ཐེངས་གཅིག་ལྟོས།


ཁྱུང་བསོད་བློ།


    ང་ཚོ་ཚང་མ་མི་ཞིག་རེད་ཡེ་གདོད་མ་ནས་མི་ཚེའི་བགྲོད་ལམ་ལ་ཆོས་དང་འཇིག་རྟེན་ཟེར་ལམ་ཀ་གཉིས་ཡོད་པ་རེད།  ཆོས་དང་འཇིག་རྟེན་གཉིས་པོ་ནི་དམིགས་ཡུལ་ཁ་ཁ་རེད། ལངས་ཕྱོགས་ཁ་ཁ་རེད། འབྲས་བུ་ཁ་ཁ་རེད།  དེ་ཡིན་པ་སོང་ཙམ་མི་ཚེ་འདི་ཡི་རིང་ལ་དགེ་བ་སྒྲུབ་དང་མི་སྒྲུབ་དེ་རང་མོས་རེད། མི་ཚེ་འདི་ལ་འཇིག་རྟེན་བསྐྱང་དང་མི་བསྐྱང་དེ་ཡང་རང་མོས་རེད། སྤྱིར་བྱ་བ་ཆེ་ཕྲ་གང་ཡིན་ཡང་དང་པོའི་འཇུག་སྒོ་བྱ་བ་དེར་ཞུགས་ན་མཇུག་འབྲས་ག་འདྲ་ཞིག་ཡོད་མེད་དང་པོ་ནས་བརྟགས་དཔྱད་བྱེད་རྒྱུ་དེ་གལ་ཆེན་རེད། དཔེར་ན་ཚོང་པ་ཞིག་ཡིན་ན་དང་པོ་ཚོང་ལས་ལ་ཞུགས་དགོས་པའི་ཉིང་དགོས་ཀྱི་འབྲས་བུ་ནི་གཙོ་བོ་དཔལ་འབྱོར་རླབས་ཆེན་ཞིག་དང་མཐུན་རྐྱེན་ཡག་ཐག་ཆོད་ཅིག་བསྐྲུན་པའི་ཆེད་དུ་ཚོང་ལས་ལ་ཞུགས་དགོས་སྙམ་པའི་ཀུན་སློང་དང་ཚོང་ལས་ཡག་པོ་ཞིག་ལམ་འགྲོ་རྒྱུགས་ན་སྒོར་མོ་དང་དཔལ་འབྱོར་ཡག་པོ་ཞིག་ཡོང་བ་དང་པོ་ནས་མཐོང་བ་ནང་བཞིན་དགོས།  བྱ་བ་གང་ལ་ཞུགས་ཀྱང་འདི་མཐའ་འཁྱོངས་པ་ཞིག་བྱས་ན་དགེ་མཚན་དང་མཇུག་འབྲས་ག་འདྲ་ཞིག་སྨིན་མིན་ལ་དང་པོ་ནས་བརྟགས་དཔྱད་བྱ་དགོས་པ་ལས་འུར་ཅལ་འདྲོགས་དང་། བློ་ཧུར་འདྲོགས་ཀྱི་སྒོ་ནས་བྱ་བ་གང་བྱུང་བྱུང་གི་སྒོ་ལ་ཞུགས་པ་དེ་ལས་སླ་མོ་ཞིག་མ་རེད། བྱ་བ་གང་ལ་ཞུགས་ཀྱང་མཐའ་འཁྱོངས་བྱེད་ཡ་དེ་གལ་ཆེན་རེད།  དང་པོ་ནས་བྱ་བ་དེ་ཡི་ཡང་སྙིང་འབྲས་བུའི་སྐྱོན་ཡོན་མ་བསམ་ནས་བྱ་བ་གང་མང་ཞིག་ལ་ཞུགས་པ་ཡིན་ན།   ཤེས་ལ་ཁད་ཀྱི་སྦྱོང་བྱ་བརྒྱ། ཤེས་ཐག་ཆོད་པ་གཅིག་ཀྱང་མེད་ཟེར་བ་ནང་བཞིན་རེད།  མི་སུ་ཡིན་རུང་དང་པོ་ཆོས་དང་འཇིག་རྟེན་གང་གི་སྒོ་ལ་ཞུགས་མིན་སོ་སོ་ལ་རག་ལས་ཡོད་པ་ལས་སུ་གཅིག་གིས་བཙན་དབང་དུ་བཅུག་མཁན་མེད་པ་ཤེས་གསལ་རེད།  དགེ་བའི་སྒོ་ལ་ཞུགས་པ་དེ་གནས་སྐབས་ཁ་ལྟོ་མི་སོས་པའི་ཆེད་མ་ཡིན་ལ།  མཚན་སྙན་གྲགས་ཀྱི་ཆེད་མ་ཡིན་ལ། སྒོར་མོ་དང་འབྱོར་བ་སོགས་ཀྱི་ཆེད་དེ་བས་ཀྱང་མ་ཡིན་ནོ། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་བཀའ་ཕྱི་ནང་གསང་གསུམ་བསྟན་དགོས་པའི་དམིགས་ཡུལ་གཙོ་བོ་འཁོར་བ་ལ་ཐོག་མ་མེད་པ་དང་། སྐྱེ་བ་ལ་གྲངས་མེད་པ་ནས་འཇིག་རྟེན་ཚོ་རིགས་དྲུག་སྡུག་བསྔལ་གྱི་གྲོང་ནས། ཡར་བདེ་ཆེན་ཀུན་བཟང་རྒྱལ་བའི་རྒྱལ་ས་ལ་བསྙེགས་མ་ཐུབ་པས། དེར་བསྙེགས་པ་ལ་སོ་སོའི་རང་རྒྱུད་ཀྱི་ཉོན་མོངས་དུག་ལྔ་དུག་གསུམ་མར་བཅོམ་ནས། རབ་རྣམ་མཁྱེན་རྒྱལ་བའི་རྒྱལ་སར་བསྙེགས་པའི་ཐབས་ལམ་དང་། འབྲིང་སློབ་པ་ལམ་གྱི་ཕྱོགས་སུ་ཡར་བཀོད་པ་དང་། ཐ་ན་ཕན་ཚུན་བྱམས་དང་སྙིང་རྗེ་ཕྲ་མོ་ཙམ་གྱིས་ཕན་འདོགས་པའི་ཆ་རྐྱེན་བསྐྲུན་ཐབས་སུ་བསྟན་པ་གོར་མ་ཆགས་པས།  དགེ་སྒྲུབ་སྡིག་སྤང་གི་སྒོར་ཞུགས་པའི་དབང་དུ་བཏང་ན། རྨིང་གཞི་གཙོ་བོ་དེ་ལས་འབྲས་ལ་ཡིད་ཆེས་བརྟན་པོ་ཞིག་དང་།  སྐྱབས་གནས་ལ་བློ་རྩེ་གཅིག་པའི་དད་པ་བརྟན་པོ་ཞིག་དང་།  ཚེ་འདི་ལ་དགེ་ཚོགས་རླབས་པོ་ཆེ་བསགས་ཐུབ་ན། ཕྱི་མ་ལ་འབྲས་བུ་བདེ་བ་ཞིག་སྨིན་རྒྱུ་ཡོད་པ་ཡིད་གཏིང་ནས་ཐག་ཆོད་དགོས་རྒྱུ་དེ་གལ་ཆེན་རེད། ལས་འབྲས་དང་དཀོན་མཆོག་ལ་སོགས་ལ་ཡིད་ཆེས་མེད་བཞིན་དགེ་སྦྱོར་གྱི་སྒོར་ཞུགས་ན་མི་ཚེ་ངལ་བའི་རྒྱུ་ལས་གཞན་ཅི་ཡོད།  སེམས་རྒྱུད་ལ་དད་པ་བརྟན་པོ་ཞིག་མེད་ན་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་བཟང་པོ་ཞིག་ཐོབ་ཀྱང་དོན་གོ་རྒྱ་ཆེན་མེད་དེ། དཔེར་ན་ཞིང་ས་སྤུས་ལེགས་ཤིག་ཡོད་ཀྱང་ས་བོན་ངན་པ་ཞིག་མ་གཏོགས་མེད་ན་སྨྱུ་གུ་བཟང་པོ་ཞིག་སྨིན་མི་སྲིད་པ་ནང་བཞིན་རེད།  ཁ་ཅིག་གིས་སླ྄ོབ་གྲྭ་ནང་ཞུགས་ནས་ཤེས་རིག་སྦྱང་བ་དེ་ཟླ་ཕོག་ཁོ་ནའི་ཆེད་དང་། དགེ་སྦྱོར་གྱི་སྒོར་ཞུགས་པ་དེ་ཚོ་ལྟོ་ཁ་ཕོར་ཁོ་ནའི་ཆེད་དུ་རློམ་མཁན་ཡོད་སྲིད་པས་དེ་ཚོ་ནི་ནོར་འཁྲུལ་ཚབས་ཆེན་རེད།  སྤྱིར་ང་ཚོ་མི་ཞིག་ཡིན་དུས་སོ་སོའི་ཁོར་ཡུག་དང་འབྲེལ་བའི་མི་རིགས་དང་སྐད་ཡིག་རེ་རེ་ཕལ་ཆེར་ཚང་མ་ལ་ཡོད་སྲིད་པ་རེད།  མི་ཞིག་ཡིན་དུས་འཚོ་བ་སྐྱེལ་མི་དགོས་པ་སུ་ཡོད་མི་ཡི་འཚོ་བ་ཟེར་བ་དེ། ཁོར་ཡུག་དང་སྐད་ཡིག་ལ་བརྟེན་ནས་བཙལ་དགོས་པ་ལས་སྐད་དང་ཡི་གེ་ལ་རྨོངས་འཐོམ་གཏི་མུག་པ་ཞིག་གིས་འཚོ་ཐབས་དཔལ་འབྱོར་དང་། གཞན་མཁོ་གལ་མཐུན་རྐྱེན་སོགས་གང་ཡང་བསྐྲུན་མི་ཐུབ་པ་མངོན་གསལ་རེད། དཔེར་ན་བ་གླང་ནང་བཞིན་རེད།  མི་རབས་ནས་མི་རབས་དང་བསྐལ་པ་ནས་བསྐལ་པ་ཟེར་བ་དེ་སྐད་ཡིག་གིས་རྒྱུད་འཐུད་དགོས་ཀྱིན་ཡོད་རེད། སྐད་ཡིག་སྦྱོང་ནས་སློབ་གྲྭ་འགྲོ་ཡ་དང་། སྐད་ཡིག་སྦྱོང་ནས་འཆད་རྩོད་རྩོམ་གསུམ་སོགས་ཀྱི་སྒོར་ཞུགས་པ་དེ་སྒོར་མོ་ཁོ་ནའི་ཆེད་དུ་མ་ཡིན་ལ།  ཆེ་ས་ནས་བཤད་ན་རིག་གནས་རྒྱུད་འཛིན་དང་།  འབྲིང་ས་ནས་བཤད་ན་ཕན་ཚུན་གོ་བརྡ་བཟང་པོ་ཞིག་སྤྲད་བྱེད་དང་སོ་སོ་མི་བཟང་པོ་ཞིག་ཡོང་བྱེད་ཀྱི་མ་ལག་ཆ་རྐྱེན་ཟབ་ཤོས་དེ་རེད།  ཐ་ན་སྐད་རིགས་ཡི་གེ་ལ་མ་རྨོངས་བློ་སྒོ་ཡངས་པའི་མི་བུ་ཞིག་ཡིན་ན་སོ་སོའི་གནས་སྐབས་ཀྱི་འཚོ་བའི་མཐུན་རྐྱེན་གང་འཚམས་ངང་ཤུགས་སུ་འགྲུབ་ཡོང་བ་ཞིག་རེད།  ཡུལ་ལུང་དང་རྒྱལ་ཁབ་ཅིག་ལ་ཆ་མཚོན་ན་ཁོར་ཡུག་མི་དམངས་ཀྱི་ཡོན་ཚད་གང་འཚམས་ཤིག་བརྒལ་མ་ཐུབ་ན་ཡུལ་ལུང་དང་རྒྱལ་ཁབ་དེ་རྗེས་ལུས་སུ་འགྲོ་སྲིད་པ་བཞིན།  དུད་ཚང་ཞིག་ལ་ཆ་མཚོན་ན་ཁྱེད་ཚང་ལ་ཤེས་ཡོན་ཅན་གྱི་མི་བུ་གཅིག་མེད་ན་ནམ་ཡང་མུན་ནག་ནང་དུ་གནས་རྒྱུ་རང་རེད། ཁྱེད་ཚང་ལ་ཤེས་ཡོན་ཅན་གྱི་མི་བུ་བཟང་པོ་ཞིག་ཡོད་པ་ཡིན་ན་དུད་ཚང་དེ་ལ་སྒྲོན་མེ་གསལ་པོ་གཅིག་ཡོད་པ་རེད། ཤེས་ཡོན་གྱི་ཚད་གཞི་ལྡན་ན་ཕོ་མོའི་ཁྱད་པར་མེད་ལ་སྐྱ་སེར་གྱི་ཁྱད་པར་མེད་ལ། ལོ་རྒས་གཞོན་གྱི་ཁྱད་པར་ཡང་དེ་བས་མེད། ཤེས་ཡོན་གྱི་མི་བུ་ཚད་ལྡན་གཅིག་ཡོད་ན་ཆོས་དང་འཇིག་རྟེན་གཉིས་ཀ་ལ་དགོས་པའི་རྒྱུན་ཤེས་ཁག   ཁོར་ཡུག་ལ་གཙང་སྦྲ།   སྤྱི་ཚོགས་ལ་བརྟན་རླིང་།   ཤེས་རིག་ལ་ཡར་རྒྱས།  མི་རིགས་དང་ཕན་ཚུན་ལ་མཐུན་སྒྲིལ། རྒྱུ་ནོར་ལ་གྲོན་ཆུང་སོགས་རང་བཞིན་དུ་ཤེས་ངེས་པ་ཞིག་རེད། ཁོར་ཡུག་ལ་བསྟུན་པས་སྒོ་ནས་བྱ་བ་སྒྲུབ་པ་ལ་ཁོར་ཡུག་དེ་ཡི་སྐད་ཡིག་ལ་བྱང་ཆ་ཡག་པོ་ཞིག་དགོས་པ་ཤེས་གསལ་རེད། ཁོར་ཡུག་ལས་ཚད་གཞི་བརྒལ་བའི་བྱ་བ་སྒྲུབ་པའི་གོ་སྐབས་སུ་ལ་ཡང་ཡོད་མི་སྲིད་པ་རེད། དེ་དགོང་སྐད་ཆ་འདི་ངས་མཇུག་སྡོམ་ཞིག་བྱེད་དུས་རིག་གནས་སྦྱོང་ཡ་དེ་ཟླ་ཕོག་སོགས་སྒོར་མོ་ཁོ་ནའི་ཆེད་དང་། མི་ཚེ་བཟའ་བཏུང་སྐྱིད་པའི་སོས་དལ་གྱི་ངལ་གསོ་ཁོ་ནའི་ཆེད་དང་། འཇིག་རྟེན་གྱི་སྙན་གྲགས་ཁོ་ན་ལ་དམིགས་ནས་རིག་གནས་སྦྱོང་ཡ་དེ་ནོར་འཁྲུལ་ཚབས་ཆེན་ཞིག་རེད་ཅེས་ཞུ་བ་ལགས་སོ།།

  

    མི་སྐད་གོ་བའི་མི་བུ་སུ་ཡིན་རུང་།།

མི་ལུས་བླངས་པའི་དོན་གོ་ཆོད་བསམ་ན།།

མི་ཚེ་རིག་གནས་སྦྱང་བའི་སྐབས་ཚོལ་དང་།།

མི་ཡི་བུ་ལ་བསོད་ནམས་ཚོགས་ཆེན་རྫོགས།།


༢༠༡༧//༢༧/དགོང་མོ་དམ་བཅའ་གྲོལ་མ་ཐག་ཏུ་ཤར་ཤར་མགྱོགས་བྲིས་བྱས་ནས་སྤེལ་ལོ།  


 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.