གླུ་ཆུང་།
ཁྱུང་བསོད་བློ།
སྣང་བའི་འདོད་ཡོན་གང་འཚམས་ཆོག་ཤེས་ལ།། མཐོ་བའི་ལྟག་སྒོ་རྒྱབ་རི་རྒྱུད་མི་དགོས།།
གྲྭ་ས་གོང་མའི་སྒྲིག་གཞི་ལམ་ལུགས་དྲང་།།
ཁེར་རྐྱང་འཚོ་སྡོད་བྱེད་སའི་བཙུན་དགོན་སྐྱིད།།
རྒྱུ་དགའ་དཔོན་པོ་གསོ་བའི་ཀུན་དགའ་དང་།།
ཚོད་མེད་འབེལ་གྱི་ལྷུག་པའི་དོན་འགྲུབ་སོགས།།
རང་ཁ་རང་སོས་ཙམ་ལས་བརྒལ་མེད་ཀྱང་།།
དཔེ་དེབ་འཚོ་རྟེན་བྱེད་པའི་གྲྭ་རྐྱང་སྐྱིད།།
རང་ལུས་ཤོང་སའི་རང་ཤག་གྲུ་བཞི་འདི།།
རང་ལ་བགོ་སྐལ་ལྷ་དབང་རྒྱལ་པོས་གནང་།།
རང་ལ་ཐོབ་ཐང་ཀླུ་དབང་རྒྱལ་པོས་སྩོལ།།
རང་ཚུག་རང་གི་ཟིན་པའི་གྲྭ་རྐྱང་སྐྱིད།།
ཨར་འདམ་ཐོག་རྩེག་དུ་མའི་སྡོད་གནས་དང་།།
དྭངས་གསལ་རྒྱ་ནག་ཤེལ་སྒོའི་སྒོ་ཆུང་སོགས།།
ཡིད་སེམས་རྣལ་མ་འགུག་པའི་འབྱོར་མེད་ཀྱང་།།
སྦྱར་སྤོས་དྲི་བཟང་དྲོ་བའི་གྲྭ་ཤག་སྐྱིད།།
༢༠༡༣-༡༠-༡༩-ཉིན་མོར་བྲིས།།