དེ་རིང་གི་གནས་ཚུལ་སྐྱོ་བ།
ས་ཆེན་འཇིག་རྟེན་རྐང་གཉིས་མི་ཡི་རྐང་རྟེན་འགའ།།
གློ་བུར་འབྱུང་བ་མི་རྟག་རྐྱེན་གྱི་འཇིག་པ་སྐྱོ།།
ས་བདག་ཁྱོད་ལ་གཏང་རག་ཕུལ་བ་ཐེངས་གཅིག་མིན། །
འབྱུང་ལྔའི་གཡོ་འཁྲུག་ལྷིང་འཇགས་མ་ནུས་སྐྱོ་བ་ལ། །
ན་ཚོད་མི་འགྱུར་རང་དབང་སུ་ལ་ཡོད་མེད་ཁྱད།།
རྐྱེ་དགུ་འགྲོ་རིགས་བདེ་བ་མི་འདོད་སུ་ཡང་མེད། །
ཆུ་ཤེལ་ཁྲ་བོའི་མ་མཐོང་མེད་ཟེར་མ་བབ་སྐབས།།
རྡུལ་རྫས་རགས་པའི་སྟེང་འོག་རྐྱེན་ངན་མ་མཐོང་སྐྱོ། །
ས་འགུལ་གསེང་དུ་དབང་མེད་བརླགས་པའི་གཤིན་པོ་ལ། །
འཚོ་བའི་མཐུན་རྐྱེན་ཕང་མེད་མངག་ཀྱང་ཅི་ལ་ཕན།།
མཐུན་རྐྱེན་ནང་གི་ཐུན་མིན་རྒྱུ་ཡི་མཐུན་རྐྱེན་ཞིག།
གླིང་བཞི་སློབ་དཔོན་གཙོས་པའི་དགེ་བྱེད་ངེད་ཚོས་བསྒྲུབ།།
འབྱུང་ཁམས་འཁྲུག་རྐྱེན་གནམ་ས་གཉིས་པོ་སྟེང་འོག་བརྗེས། །
རྗེས་ལུས་ནང་གི་དྭ་ཕྲུག་གསོན་པོ་ཁེར་རྐྱང་ལུས།།
རྗེས་དེད་བྱས་ཀྱང་རྐང་རྗེས་རྙེད་རྒྱུ་མེད་པ་སྐྱོ། །
བྱམས་ལྡན་མ་ལོ་ས་འོག་བརླགས་པ་དེ་བས་སྐྱོ།།
གྲུབ་ཆེན་བཅོ་བརྒྱད་གྲུབ་རྟགས་རྫུ་འཕྲུལ་སྟོན་དུས་ཞིག།
འཇའ་ལུས་ཉེར་བཞིའི་ཉམ་རྟོགས་ཡོད་ན་སྒོམ་་དུས་ཞིག །
བྱང་ཆུབ་སེམས་དཔའི་བྱང་སེམས་ཡོད་ན་སྐྱོང་དུས་ཞིག།
ས་འཁྲུག་གསེང་དུ་ཡོད་ཚད་དགོས་པའི་དུས་ཚིག་ཞིག།
ས་གཞི་དྲག་པོ་འཁྲོས་ཐེངས་གཅིག་གི་གདུག་རྩུབ་དེ།།
སུས་ཀྱང་མ་ཁོག་སུ་ཡིས་མ་མངག་རང་ཁར་ཤོར། །
ད་དུང་ཁྱོད་ཚོའི་རེ་ཆེན་སྒུག་ཀྱང་བྱམས་ཆེན་ཞིག།
ས་བདག་རྒྱལ་པོ་དྲེག་ལྷ་ཡིན་པས་ཡོང་དོན་ཅི།།
ལྷ་ཡི་རྒྱལ་པོས་ཐོབ་ཐང་གནང་བའི་དངོས་གྲུབ་སྩོལ།།
ཀླུ་ཡི་བུ་མོས་གཏེར་ཁ་བརྡོལ་བའི་བྱིན་རླབས་ཕོབས།།
ལྷ་སྲིན་དྲེག་པའི་ཡུལ་ས་དཔལ་མགོན་མ་འཁྲུག་ཤིག།
སྡེ་བརྒྱད་ལྷ་སྲིན་ཕྲག་དོག་ཞེ་ནག་མ་ཆེ་ཞིག།
དེ་རིང་རྐྱེན་ངན་གྱི་གནས་ཚུལ་འགའ་མཐོང་བའི་རྐྱེན་བྱས་ནས་བྲིས།། ༢༠༡༣ ༤ ༢༠ བསོད་ནམས་བློ་གྲོས་ནས།།