ཧི་ཟིན་བོན་མོ་འཛུམ་ཞལ་རྒོད་དང་ལྷན།།
ཤིས་བརྗོད་མེ་ཏོག་སོར་རྩེའི་འདབ་ནས་སྤེལ།།
དོ་དམ་རྒད་པོ་མལ་ནས་བཞེངས་དང་ལྷན།།
དགའ་བའི་གླུ་དབྱངས་ཐ་ཚན་མུ་ཙུག་སྨར།།
ཁྱེད་དང་ང་ཡི་ཕུགས་མདུན་གཅིག་པས་ན།།སེམས་ཀྱི་མདུན་མ་ཕྱོགས་གཅིག་སྟེང་དུ་སྤུངས།།
རྩོད་པའི་མཆེ་བ་རྒོལ་བའི་ངོར་བསྟན་ཡང་།།
དོན་གྱི་ཞི་བདེ་ཀུན་གྱིས་དང་དུ་ལེན།།
ཕྱོགས་ཀྱི་སྤུན་གྲོགས་ཉི་ཟླ་སྐར་ཚོགས་གྲངས།།
ཧི་ཟིན་ཀུན་གཟོད་ཡངས་པའི་གཞིས་ཁྱིམ་དུ།།
ཕྱོགས་གཅིག་འཛོམས་པའི་དགེ་མཚན་རི་མོ་འབུམ།།
ལོངས་སུ་སྤྱོད་པའི་སྐལ་བཟང་ཤིས་པ་སྩོལ།།
དེ་ལྟར་ཤེས་བྱའི་ཟེགས་མ་ཆ་ཙམ་ཡང་།།
མྱོང་བའི་གོ་སྐབས་བདག་གེར་ལེན་མཛད་པོ།།
ཤ་རུས་གདུང་རྒྱུད་གཅིག་པའི་ཕུ་ནུ་ཚོར།།
གཏམ་གྱི་ཐོག་མ་འཚམས་འདྲི་བདེ་ལེགས་ཞུ།།
སྤྱི་སྤུངས།
ཐེག་རིམ་དགུ་སྤྱི་ལ་སྤུངས་པས་སྤྱི་སྤུངས་ཏེ། དབལ་གསས་ལྟ་བུ་ཡིན། ཚུལ་ཇི་ལྟར་སྤུངས་ཞེ་ན། བར་ཆད་པྲ་རྟགས་བརྟགས་པས་ཕྱྭ་གཤེན། ཐར་གླུད་སྣང་སྲིད་བསྐང་བས་སྣང་གཤེན། སྲུང་ཟློག་གནད་ཀྱིས་དབབ་པས་འཕྲུལ་གཤེན། ཚེ་འཕོས་དབྱིངས་སུ་སྒྲོལ་བས་སྲིད་གཤེན། མཆོད་སྦྱིན་སྦྱིན་སྲེག་བཏང་བས་དགེ་བསྙེན། དབང་བསྐུར་དམ་ཚིག་ལྡན་པས་དྲང་སྲོང་། ལྷ་ཡབ་ཡུམ་འཕྲོ་འདུས་བདུད་རྩི་སྨན་དུ་སྒྲུབ་པས་ཨ་དཀར། ཐིག་ལེ་དགུ་རྒྱུད་ལ་བརྟེན་ནས་དོན་ཉམས་སུ་ལེན་པས་ཡེ་གཤེན། ཞི་རྒྱུད་ཀྱི་ལྟ་བ་ཆེན་པོ་ཁོག་དབུབ་ཏུ་སྟོན་པས་ཁྱད་པར་ཡང་རྩེ་ལྟ་བ་བླ་མེད་ཐེག་པའི་མཆོང་དང་དགུ་སྤྱི་ལ་སྤུངས་ཐབས་སུ་ཡོད་པས་ན་སྤྱི་སྤུངས་ཞེས་བརྗོད་དོ།། ཟིན་བྲིས་འདི་ཡང་ཁོ་བོའི་ཀུན་རྟོག་དྲ་ངོས་སུ་ཤར་བའི་སྣ་ཚོགས་ཤེས་བྱའི་ཟེགས་མ་ཕྱོགས་གཅིག་ཏུ་སྤུངས་སའི་ཟད་མེད་ཀྱི་བཀའ་སྒྲོམ་ལྟ་བུ་ཞིག་ཡིན་པས་ན་དེ་ལྟར་བརྗོད་པ་ཡིན་ནོ།།