ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཆོད་བསྟོད་དྲི་ཟའི་དབྱངས་སྙན། | 2015/4/27 0:19:00
མཆོད་བསྟོད་དྲི་ཟའི་དབྱངས་སྙན།

གཞའ་ཚོན་འོད་སྟོང་འཁྱིལ་བའི་གུར་ཁང་ན། ། 
བརྒྱད་གཉིས་ལང་ཚོ་རྫོགས་པའི་བརྩེ་ལྡན་མ། ། 
དབྱངས་སྙན་པི་ཝང་དཀྲོལ་བའི་ཚངས་སྲས་མ། ། 
མི་ཕྱེད་སྙིང་གི་ཀློང་གི་དུངས་པས་འདུད། །

མཁས་གྲུབ་གཉིས་ལྡན་རྣལ་འབྱོར་ཆེན་པོ་མཆོག ། 
རིས་མེད་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན། ། 
མ་གྱུར་འགྲོ་བའི་མགོན་པོ་ཟླ་བྲལ་བ། ། 
དྲན་པའི་རྣམ་རོལ་ཧཱུྃ་ཆེན་ཀུན་གྲོལ་གྲགས། ། 

ཚོག༵ས་གཉི༵ས་རྒྱ་ཆེན་བསགས་པའི་སྐྱབས་མགོན་མཆོག ། 
ཀུ༷ན་གྲོ༷ལ་ཧཱུྃ་ཆེན་བླ་མའི་སྲས་མཆོག་གི ། 
མཛད་འཕྲིན་རྒྱ༵་མཚོ༵་དབུས་ནས་ཆུ་ཐིགས་ཙམ། ། 
ལྷ༷་སྲ༷ས་དམ་པ་གང་ལ་འབུལ་བཞིན་སྤྲོ། ། 

ཉམས་ཐག་འགྲོ་བ་རྣམས་ལ་ཆེར་དགོངས་ནས། ། 
མདོ་ཁམས་རྔུལ་རྫ་ཟབ་མོའི་ཉེ་འགྲམ་དུ། ། 
སྨོན་རྒྱལ་བླ་བྲང་མཐོང་བ་ཀུན་སྨོན་ནས། ། 
བཟང་པོ་རྟགས་མཚན་མཉམ་དུ་གང་སྐུ་བལྟམས། ། 

ཆུང་བའི་དུས་ནས་མི་ལོ་བཅོ་ལྔའི་རིང་། ། 
ཀློག་གི་སློབ་དཔོན་མཐུ་སྟོབས་རྣམ་རྒྱལ་དང་། ། 
ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོའི་དྲུང་། ། 
སྔོན་འགྲོ་དངོས་གཞི་དབང་ལུང་གཏེར་གྱི་མཛོད། །

སྐྱབས་མགོན་ཚུལ་ཁྲིམས་དབང་རྒྱལ་ལ་སོགས་དང་། ། 
བན་བོན་རིས་མེད་བླ་མ་དུ་མའི་དྲུང་། ། 
དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོའི་ཚུལ། །
ཉམས་རྟོགས་རྒྱུད་ལ་གཏམས་པ་རྨད་དུ་བྱུང་། ། 

གསང་བ་གསུམ་གྱི་མཛོད་འཛིན་རྣལ་འབྱོར་བ། ། 
བཀའ་དྲིན་སུམ་ལྡན་ཧཱུྃཿཆེན་བླ་མ་ཡིས། ། 
གསང་སྔགས་དབང་བཞི་གནང་བའི་དུས་བཟང་དེར། ། 
གང་སྐུའི་མཚན་ལ་ཚོགས་གཉིས་རྒྱ་མཚོར་གསོལ། ། 

སྔོན་བསགས་བསོད་ནམས་བཟང་པོའི་ལས་འཕྲོ་དང་། ། 
ཚེ་འདིར་ཐོས་བསམ་སྒོམ་སྒྲུབ་གནང་བ་ཡིས། ། 
མ་རིག་སྒོ་བརྒྱ་རལ་ནས་འཁོར་འདས་རྣམས། ། 
ས་ལེར་མཁྱེན་པའི་རྣལ་འབྱོར་ཆེན་པོར་གྱུར། ། 

དུས་ཀྱི་འགྱུར་ལྡོག་དབང་གིས་དམ་པ་ཁྱེད། ། 
ཁྲི་མུན་བཙོན་དུ་བཞུགས་དགོས་བྱུང་ན་ཡང་། ། 
ཉམས་ལེན་ཆུ་བོ་རྒྱུན་བཞིན་བསྐྱངས་བ་ཡིས། ། 
བཙོན་རོགས་ཀུན་ཀྱིས་ངོ་མཚར་རྗེས་སུ་རངས། ། 

དམ་པ་ཁྱེད་ཉིད་བཙོན་ལས་གྲོལ་རྗེས་སུ། ། 
མཁའ་འགྲོ་མཁའ་སྤྱོད་དབང་མོས་ཞལ་གསུང་བཞིན། ། 
རྫོང་གི་ཆབ་གྲོས་ཀྲུའུ་ཞི་གཞོན་པ་དང་། ། 
ལས་ཁུངས་འགའ་ཡི་ཐུགས་འགན་མཛད་པ་བྱུང།  ། 

ཉག་རོང་ཕྱོགས་ཀྱི་དགོན་ཁག་དྲུག་ཅུ་ལྷག ། 
དམ་པ་ཁྱེད་ཀྱིས་བོན་སྒོ་ཕྱེས་པ་དང་། ། 
སྨོན་རྒྱལ་དགོན་དུ་ཆིབས་བསྒྱུར་ཐོག་མ་དེ། ། 
གནང་དུས་བཀྲ་ཤིས་རྟེན་འབྲེལ་ངང་གིས་ཤར། ། 

རེ་ཞིག་སྨོན་རྒྱལ་དགོན་དུ་བཞུགས་པའི་སྐབས། ། 
ཐོ་རངས་བཞེངས་ནས་སྒོམ་སྒྲུབ་གནང་བའི་དུས། ། 
ཨོ་རྒྱན་རིན་པོ་ཆེ་ཡི་སྐུ་ཞལ་དངོས། ། 
བསྟན་པས་ཉམས་རྟོགས་ཁྱད་པར་འཆར་བ་རྨད། ། 

གང་སྐུ་བྱིན་ལྡན་གནས་མཆོག་དབུས་གཙང་དང་། ། 
ཡུལ་གྲུ་འགའ་ལ་གནས་མཇལ་ཕེབས་པའི་དུས། ། 
དངོས་གྲུབ་སྐལ་བ་དུ་མ་ཐོབ་པའི་སྐབས། ། 
འགྲོ་ཀུན་དད་པའི་སེམས་པ་རབ་ཏུ་གཡོ། ། 

དམ་པ་ཁྱེད་ཉིད་གནས་མཆོག་འཕགས་ཡུལ་དུ། ། 
ཕེབས་ནས་རིས་མེད་བླ་ཆེན་རྣམ་པ་ལ། ། 
མཇལ་བཞིན་ཚོགས་བསགས་རྒྱ་ཆེན་གནང་བ་དང་། ། 
གནས་ཆེན་དག་ལ་མཇལ་བའི་སྐལ་བ་ཐོབ། ། 

རྒྱ་གར་སྨན་རིའི་དགོན་ལ་ཕེབས་པའི་དུས། ། 
སྨན་རིའི་ཁྲི་འཛིན་སོ་གསུམ་མཆོག་གི་དྲུང་། ། 
བཀའ་འགྱུར་དཔར་སྐྲུན་ཐད་ལ་བཀའ་མོལ་སོགས། ། 
གནང་ནས་བསྟོད་བསྔགས་ཡང་ཡང་གནང་བར་གྲགས། ། 

གཡུང་དྲུང་བོན་གྱི་བསྟན་འགྲོའི་དོན་ཆེད་དུ། ། 
གང་སྐུས་རྒྱ་གར་རྒྱ་ནག་ལ་སོགས་དང་། ། 
བོད་ཁམས་ཀུན་ནས་མཛད་འཕྲིན་བསྐྱངས་པ་སོགས། ། 
གྲགས་པའི་སྙན་པ་འབྲུག་གི་སྒྲ་དབྱངས་བཞིན། །

གང་སྐུས་བོན་བསྟན་འཛིན་སྐྱོང་གནང་བའི་དུས། ། 
ཕྱག་ལས་རྒྱ་ཆེན་གནང་བ་བརྗོད་ལས་འདས། ། 
ལྷ་དང་ལྷ་མོས་ཞལ་མཇལ་གནང་བ་དང་། ། 
བཀྲ་ཤིས་རྟགས་མཚན་ཤར་བ་བསམ་ལས་འདས། ། 

ལུང་མཆོག་དུ་མས་བསྔགས་པའི་དམ་པ་ཁྱེད། ། 
ཡུལ་ཕྱོགས་གང་སར་བསྙེན་སྒྲུབ་གནང་བའི་དུས། ། 
ངོ་མཚར་རྟགས་མཚན་གང་ལེགས་བྱུང་བ་དང་། ། 
བོན་བསྟན་རྒྱས་པའི་རྟེན་འབྲེལ་དུ་མ་བྱུང་། ། 

ངེས་དོན་རྣལ་འབྱོར་ཆེན་པོ་ཁྱེད་ཉིད་ཀྱིས། ། 
ཉིན་མཚན་གཅིག་གི་སྒོམ་སྒྲུབ་ཉམས་ལེན་སོགས། ། 
ཚུར་མཐོང་བུ་ངས་གཞལ་པར་དཀའ་ན་ཡང་། ། 
གོ་ཐོས་ཙམ་ཞིག་རིག་བྱེད་ལམ་ནས་ཐལ། ། 

དམ་པ་ཁྱེད་ཀྱིས་བསྟན་དང་འགྲོ་བའི་ཆེད། ། 
གཞན་དོན་ཁོ་ནས་ཕྱག་ལས་མཛད་པ་སོགས། ། 
རྣམ་བཞིའི་འཕྲིན་ལས་རྒྱ་མཚོ་ལྟ་བུ་ལས། ། 
ཆུ་ཡི་ཐིགས་པ་ཙམ་ཞིག་འདི་ནས་ཐལ། །

གནས་ལུགས་དོན་རྟོགས་མཁས་གྲུབ་གཉིས་ལྡན་གང་། ། 
སྐྱེས་འཆི་གནས་ལ་རང་དབང་ཐོབ་ན་ཡང་། ། 
མི་རྟག་རྟག་ཏུ་འཛིན་པའི་ཚུར་མཐོང་ལ། ། 
ལན་གཅིག་མྱ་ངན་འདའ་བའི་ཚུལ་ཙམ་མཛད། ། 

ཁྱེད་སྐུའི་བཀོད་པ་བོན་ཉིད་དབྱིངས་ཆེན་ལ། ། 
བསྡུས་ཚུལ་དམ་པ་གཞན་དང་མི་མཚུངས་པར། ། 
མ་འདས་སྔོན་ལ་ཆོ་ག་སྒྲུབ་ལུགས་སོགས། ། 
སྲས་པོ་དེ་ལ་བཀའ་སློབ་ཞལ་ཆེམས་མཛད། ། 

སྐྱབས་མཆོག་ཁྱེད་ཉིད་ཞིང་ལ་གཤེགས་ནས་བཟུང་། ། 
ཕྱི་ནང་ཀུན་ལ་ཡོད་པའི་བོན་འབངས་རྣམས། ། 
མགོན་སྐྱབས་མེད་པའི་དྭ་ཕྲུག་གྱུར་བ་ཡིས། ། 
སྐྱོ་གདུང་ངུ་ངག་གནམ་ས་ཀུན་ལ་ཁྱབ། ། 

དམ་པ་ཁྱེད་ཉིད་ཞིང་ལ་གཤེགས་པའི་དུས། ། 
མཁའ་ན་བཀྲ་བའི་གཞའ་ཚོན་སྣ་ལྔ་དང་། ། 
སྐུ་གདུང་ཆུང་བུར་གྱུར་བའི་རྟགས་མཚན་སོགས། ། 
ཀུན་ཀྱིས་མཐོང་བས་དད་པའི་སྤུ་ལོང་གཡོ། ། 

གང་སྐུའི་སྐུ་གདུང་ཞུགས་འབུལ་བྱེད་པའི་དུས། ། 
ཨ་སྔོན་དབྱིངས་ན་གཞའ་ཚོན་ཤར་བ་དང་། ། 
དོག་མོ་ས་ནས་མེ་ཏོག་བཞད་པ་སོགས། ། 
མངོན་མཚར་ཆེ་བའི་རྟགས་མཚན་ཤར་བ་རྨད། ། 

དཀར་མཛེས་ཉག་རོང་སོགས་ཀྱི་འཁོར་སློབ་ཚོས། ། 
མི་ཕྱེད་དད་པའི་སྤུ་ལོང་གཡོ་བཞིན་དུ། ། 
ཐལ་མོ་སྙིང་ཁར་བཟླུམ་ཏེ་སྐྱོ་བའི་ངང་། ། 
སྐྱབས་སྨོན་གསོལ་འདེབས་འདོན་བཞིན་མགོན་ཁྱེད་དྲན། ། 

མཁྱེན་བརྩེ་འོད་ཟེར་ཡོངས་ལ་ཁྱབ་པའི་རྗེ། ། 
སྨོན་སྲས་རང་གྲོལ་ཉི་མ་རྒྱལ་མཚན་ནས། ། 
བསྔོ་བ་བདེ་ལེགས་ཀུན་འབྱུང་གསུང་བའི་དུས། ། 
བཀྲ་ཤིས་རྟགས་མཚན་མང་པོ་ཤར་བ་རྨད། ། 

བོན་ཉིད་དབྱིངས་ན་བཞུགས་པའི་དམ་པ་ཀྱེ། ། 
ལས་ཉོན་དབང་གིས་འཁོར་བར་འཁྱམས་པ་རྣམས། ། 
ཐར་བ་ཆེན་པོའི་ས་ལ་འདྲེན་པའི་ཕྱིར། ། 
གང་སྐུ་ཉི་གཞོན་མྱུར་ཏུ་ཤར་བར་སྨོན། ། 

དམ་པ་ཁྱེད་དང་དངོས་སུ་མ་མཇལ་མོད། ། 
གཤེན་བསྟན་སྤྱི་ལ་བཀའ་དྲིན་ཆེ་བ་དང་། ། 
ཉིན་རེར་ཉམས་ལེན་སྒྲུབ་སྦྱོང་བྱེད་ཚུལ་སོགས། ། 
ཐོས་པས་དད་པའི་སྤུ་ལོང་རབ་ཏུ་གཡོ། ། 

སྒྲོ་བཏགས་ཚིག་གིས་དབེན་པའི་རྗེས་དྲན་འདི། ། 
གང་གི་རྟོགས་བརྗོད་ཀློག་པས་དད་འདུན་གྱིས། ། 
ཐོལ་བྱུང་ཚིག་གི་འཕྲེང་བའི་མཚོན་པ་ཙམ། །
འཕགས་ཡུལ་གསོ་བྱེད་རི་ནས་བྲིས་པ་དགེ། ། 

ཞེས་པ་འདི་ནི་བླ་ཆེན་དྲན་པའི་རྣམ་རོལ་དུ་གྲགས་པ་ཀུན་གྲོལ་ཧཱུྃཿཆེན་འགྲོ་འདུལ་གླིང་པའི་སྲས་མཆོག་རྣལ་འབྱོར་ཆེན་མོ་མི་ཕམ་རྣམ་རྒྱལ་ཚོགས་གཉིས་རྒྱ་མཚོ་རིན་པོ་ཆེ་སྐྱེ་བ་འདི་ཡི་འགྲོ་དོན་རེ་ཞིག་རྫོགས་ནས་ངོ་མཚར་བའི་རྟགས་མཚན་དང་བཅས་ཏེ་དགོངས་པ་བོན་དབྱིངས་སུ་འཐིམས་པས་བཙུན་གཟུགས་ཙམ་འཛིན་པ་དུང་དཀར་ནམ་མཁའ་རྒྱལ་མཚན་དུ་འབོད་པས་ཕྱི་ལོ་༢༠༡༥ཟླ་བ་༣ཚེས་༡༨ཉིན་མཇུག་རྫོགས་པར་བྲིས་པ་དགེའོ། །
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.