རང་ཉིད་གཙོ་ཡང་གཞན་ཡང་གལ།
རང་ཉིད་ཆོས་ཡང་དག་ཉམས་སུ་ལེན་འདོད་མཁན་ཞིག་བྱེད་བསམ་ན། རང་ཉིད་གང་ལ་མོས་པའི་གྲུབ་མཐའ་ལ་རིམ་བཞིན་སློབ་སྦྱོང་།
རང་ཉིད་ཀྱིས་དགེ་རྒན་ནམ་བླ་མ་སུ་ཞིག་ལ་དད་འདུན་སྐྱེས་ན་ཚུལ་བཞིན་དེའི་གསུང་ཉམས་ལེན།
རང་ཉིད་དང་རང་ཕྱོགས་མ་ཡིན་པའི་ཆོས་ལུགས་གྲུབ་མཐའ་གཞན་ལ་ཡང་མཐོང་ཆུང་མི་བྱེད་པ་གནད་དུ་གལ།
རང་ཉིད་ལ་རང་ལུགས་གཙོ་བ་ཡིན་སྲིད་མོད།
གཞན་གྱི་ཤེས་རབ་དང་རང་མོས་ལ་མཐོང་ཆེན་གནང་བ་གནད་དུ་གལ།
གཞན་སུ་ལ་ལྟ་གྲུབ་ཡང་དག་མེད་པ་རང་དང་རང་ཕྱོགས་ཁོ་ན་བཟང་བསམ་ན་ནི།
གཞན་ལ་སྒྱུས་ལོན་གནང་བའི་ཤེས་རབ་ཀྱིས་ཞན་པའི་རྟགས་སོ།
གཞན་གྱི་ལྟ་གྲུབ་ཚང་མ་ལམ་ལོག་པ་ཡིན་བསམ་ན་ནི་ཤེས་རིག་གྲུབ་མཐའི་ལྟ་བར་མགོ་འཐོམས་ནས་བློ་དམན་པའི་ལམ་ཀྱོགས་ཞིག་ཏུ་ལྷག་པ་དང་མཚུངས།
གཞན་ལ་ལྟ་བའི་མིག་སྒོ་མ་འབྱེད་ན་བྱམས་དང་སྙིང་རྗེའི་ཐབས་ཆེན་གྱི་སྒོ་ཁར་སླེབས་པར་དཀའ་བས།
རང་གཞན་ཀུན་གྱི་དགོས་མཁོ་དང་གནས་ལུགས་ལ་བསམ་དགོས་གལ།
བོད་ཀྱི་ཆོས་ལུགས་ལ་མཚོན་ན་ད་དུང་ལོ་རྒྱུས་ཀྱི་བཤད་རྒྱུན་སྣ་ཚོགས་ལ་ཁ་གསལ་མེད་པ། ཡང་ན་ཞིབ་འཇུག་གི་ཚད་ཐག་མ་ཆོད་པའི་རིགས་མང་ནའང་། ཉམས་ལེན་གྱི་ཕུ་ཐག་ཆོད་པའི་མཁས་ཤིང་གྲུབ་པའི་སྐྱེས་ཆེན་མང་པོ། བོན་དང་བན་གྱི་གྲུབ་མཐའ་གང་རུང་ལ་ཞུགས་ནས་རང་གི་གྲུབ་མཐའི་ཉམས་ལེན་ལ་ཧུར་ལེན་བྱས། གཞན་གྱི་གྲུབ་མཐའི་ལྟ་བ་ལ་གུས་བརྩི་ལྡན་པའི་རིགས་མང་ཙམ་བྱུང་ཡོད་ལ་འདིར་ཡང་བཞུགས་པ་མང་དུ་མཐོང་བས་ཁོང་རྣམས་ལ་མིག་ལྟོས་དང་། མ་འོངས་པའི་སྦྱི་ཚོགས་ཀྱི་ཁ་ཕྱོགས་ལ་བློ་སྒོ་ཅུང་ཙམ་ཡངས་པོར་གནང་ཐུབ་ན་ནི། རང་སེམས་ཞི་ཞིང་ལྷོད་ལ་ཁོར་ཡུག་མཐུན་སྒྲིལ་དང་ལྟ་བ་གུ་ཡངས། གཞན་སྣང་ཡིད་དུ་འོང་ལ་རང་སྣང་འདི་ཕྱི་བདེ་བའི་གཞི་རྐང་ཞིག་ཚུགས་ཐུབ་པ་གདོད་མི་ཟ།། ལྟ་བ་ཡས་ཕུབ། སྤྱོད་པ་མས་འཛེགས། ཟེར་བ་ལ་ནང་དོན་གནད་ཆེན་པོ་ཞིག་དང་ང་ཚོ་ལ་ཡབ་མེས་གོང་མ་ཚོས་གནང་བའི་སློབ་གསོ་ཡང་དག་ཅིག་མ་ཡིན།
-----རྨེའུ་མཐོང་གྲོལ།-----༢༠༡༣/༧/༡༧ཉིན། རྒྱལ་ས་བྷན་ཁོག་ནས།