དྲན་པའི་གླུ་ཆུང༌།
༡
ཨ་ཕ
དགུང་སྔོན་པོ་ལྟ་བུའི་ཨ་ཕ།
རྫ་བྲག་རི་ལྟ་བུའི་ཨ་ཕ།
ཨ་ཕ་ནི ནམ་ཡང་
ངའི་ཡིད་སེམས་དམར་བོའི་ཀློང་ན་ལྷོད་ཀྱིས་འགྱངས་པའི
འབྲོང་བྲེ་ལོ་ཡིན།
ཨ་ཕ་ནི ནམ་ཡང
ཕྱི་ནང་གསང་གསུམ་གྱི་འཇིག་རྟེན་བསྐྱེད་པའི
ཐབས་ཀྱི་རྒྱལ་བོ་ཡིན།
ཨ་ཕ་ཡོད་པས
ང་ཚོ་བློ་བདེ་ལ་བག་ཕེབས
ཨ་ཕ་ཡོད་པས
ང་ཚོར་སྤོབས་པ་ཡོད་ལ་སྟོབས་ཤུགས་ཀྱང་ཡོད།
འོན་ཀྱང གནའ་སྔ་མོ་ཞིག་ནས
ངས “ཨ་ཕ”ཞེས་པའི་མིང་གི་ཐ་སྙད་འདི་
རྨང་ནས་བོས་མ་མྱོང་ལ། ཐ་ན
སྐམ་རིད་དུ་གྱུར་བའི་ཨ་ཕའི་ཞལ་རས་ཀྱང་རབ་རིབ་ཙམ་ཞིག་ལས
དྲན་པའི་མེ་ལོང་ངོས་སུའང་འཆར་དཀའ
“ཨ་ཕ། ཨ་ཕ།”
ནམ་རྒྱུན ཨ་ཕ་ཡོད་པའི་བྱིས་པ་ཚོའི་འབོད་སྐད་དེ
ངའི་ཐོས་འཛིན་གྱི་བུ་གར་ལྷུང་ཐེངས་རེར
ཨ་ཕ
ངའི་ཡིད་སེམས་སྐྱ་མོ
རླུང་ནག་འཚུབ་མས་དཀྲུག་ཡོང་ཡ།
༢
ཨ་མ
ས་དོག་མོ་ལྟ་བུའི་ཨ་མ།
དམའ་རྒྱ་མཚོ་ལྟ་བུའི་ཨ་མ།
ཨ་མ་ནི ནམ་ཡང
ངའི་སེམས་ཁོང་ན་འོད་ལམ་ལམ་གྱིས་འཚེར་བའི
དུང་ཟླ་དཀར་པོ་ཡིན།
ཨ་མ་ནི ནམ་ཡང
བྱམས་སྙིང་བརྩེ་གསུམ་གྱི་མེ་ཏོག་རྒུམ་པའི
ཤེས་རབ་ཀྱི་ལྷ་མོ་ཡིན།
འོན་ཀྱང ཁེར་རྐྱང་གིས་ཟད་པའི་ལོ་ཟླ་འདི་དག་གི་རིང་ལ
ང་ལ “ཨ་མ”ཞེས་པའི་མིང་གི་ཐ་སྙད་འདི
འབོད་པའི་སྐལ་བ་མ་བྱུང་ལ་བོས་ཀྱང་མ་མྱོང༌།
“ཨ་མ། ཨ་མ།”
ནམ་རྒྱུན ཨ་མ་ཡོད་པའི་བྱིས་པ་ཚོའི་འབོད་སྐད་དེ
ངའི་ཐོས་འཛིན་གྱི་བུ་གར་ལྷུང་ཐེངས་རེར
ཨ་མ
ངའི་བྱང་ཁོག་སྟོད་སྨད་ཐམས་ཅད
མེ་ལྕེ་དམར་བོས་བསྲེག་ཡོང་ཡ།
༣
“ཨ་ཕ། ཨ་མ།”
དེ་རིང ངས་སྐད་གསེང་མཐོན་པོས
རི་ལུང་ཐང་གསུམ་ཀུན་ལ
སེམས་ཀྱི་གཏིང་རུམ་ནས་འཕྱུར་བའི
འབོད་སྐད་ཐེངས་ཤིག་གཏོང་འདོད
དེ་རིང ངས
རང་སེམས་ཀྱི་སྨྲེང་བ་ཡོད་ཚད
དྲན་གདུང་གི་མཆི་མར་བརྒྱུས་ཏེ
ནམ་མཁའ་དང་ས་གཞི
གངས་རི་དང་མཚོ་མོ
ཐ་ན འཇིག་རྟེན་འདིའི་གྲུ་ཟུར་རེ་རེ་ལ་གཏོར་ནས
རང་སེམས་ལ་དག་གཙང་ཐེངས་ཤིག་བྱེད་འདོད།
- ཟིན་ཐོ་གོང་མ།ཕྲེང་བའི་ངོ་སྤྲོད་རགས་བསྡུས།
- ཟིན་ཐོ་འོག་མ།གངས་རིའི་བུ་རྒྱུད།