ཕྱི་མར་སྤྲིངས་པའི་གླུ།
གཅེས་སྙིང་འདོད་པའི་ཤ་ཁྲག་གདོས་བཅོས་ཀྱི་ཕུང་བོ།།
འཇིག་པའི་རྟེན་དུ་གྲུབ་པ་བློ་ངོ་ན་གསལ་ཡང༌།།
གཟུགས་ཀྱི་མདུད་རྒྱ་ཐོར་བའི་སྐྱོ་གདུང་གི་རལ་གྲིས།།
སྙིང་ལ་བསྣུན་པ་མ་བཟོད་ཨག་སྐད་ཅིག་འཆོར་སོང༌།།
འཚོ་བའི་དུས་སུ་དགའ་བའི་ལྟོ་གོས་ཤིག་མ་ཕུལ།།
ན་བའི་དུས་སུ་དབུགས་དབྱུང་ཚིག་འཇམ་ཞིག་མ་སྒྲོན།།
འཇིག་པའི་དུས་སུ་ཕྱི་མའི་རྫོངས་པ་ཤིག་མ་ནུས།།
ལན་ཆགས་ང་འདྲ་སྐྱེས་པར་ཡི་ཐང་རེ་ཨེ་ཆད།།
གང་ཞིག་གཙང་མ་མི་ཡི་ལུས་རྟེན་འདི་ཐོབ་ནས།།
རྣམ་དག་སེམས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་ཅིང༌།།
རྒྱུ་འབྲས་ལས་ཀྱི་དམ་ཚིག་མིག་འབྲས་བཞིན་སྲུང་བས།།
འཆི་ཁའི་སྡུག་བསྔལ་རང་སར་གྲོལ་བ་འདི་མཚར་ཨང༌།།
དཀར་པོ་དགེ་བའི་ལས་ཀྱི་རྨུ་ཐགས་ལ་འཁྱུད་ནས།།
ཡིག་དྲུག་ཟས་སུ་རོལ་བཞིན་མི་ཚེ་འདི་བསྐྱལ་བས།།
ཕ་རོལ་བར་དོའི་ལམ་གྱི་འཇིགས་སྐྲག་གི་སྡུག་བསྔལ།།
རྨང་ནས་སེལ་བའི་སྤོབས་པ་སླད་མེད་ཅིག་ལོས་ཡོད།།
འཁྲུལ་སྣང་བར་དོའི་འཕྲང་ནས་གཅིག་པུ་རང་འཁྱམས་དུས།།
འོད་ལྔ་འཁྲུལ་བའི་སྣང་བ་གང་འདྲ་ཞིག་བྱུང་ཡང༌།།
སྐྱབས་གནས་དཀོན་མཆོག་གསུམ་པོར་རྒྱང་འབོད་རེ་བྱས་ན།།
ཐུགས་རྗེ་ཉི་མའི་འོད་ཀྱིས་ཐར་ལམ་ཞིག་སྟོན་ཡོང༌།།
ལུས་ཀྱི་རྟེན་བཟང་གྲུབ་ནས་འཇིག་རག་གི་བར་དུ།།
དུག་ལྔའི་སྟོབས་ཀྱིས་བསླངས་པའི་ལས་ངན་ཞིག་ཡོད་ན།།
མ་བཅོས་རང་བྱུང་སེམས་ཀྱི་མཆོད་པ་ཡི་ཕུད་འདིས།།
གཤེགས་སུ་གསོལ་ལོ་དགོངས་དང་རྩ་གསུམ་གྱི་ལྷ་ཚོགས།།
༢༠༠༦ · ༦· ༡
- ཟིན་ཐོ་གོང་མ།དྲན་གདུང་གི་རྨ་ཁ།
- ཟིན་ཐོ་འོག་མ།ཞང་བོད་གྲུབ་ཐོབ་བརྒྱད་ཅུ།