གངས་ལ་བཏབ་པའི་སེམས་གཞས།།
ངས་གནས་ལུགས་ཀྱི་ངོ་གདོང་འཚོལ་ཞིང་།།
ངས་བདེན་དོན་ལ་ཁ་ཡ་བྱེད་འདོད།།
གནས་ལུགས་ལ་ནི་དྲང་བདེན་ལྡན་ཞིང་།།
དྲང་བདེན་གྱིས་ཐམས་ཅད་འདྲ་མཉམ་གཟིགས།།
ངས་ཡིད་ཆེས་ལ་གློ་སྙིང་ཁེན་ཞིང་།།
ངས་མཐུན་སྒྲིལ་དང་དཔུང་རྡང་སྦྲེལ་འདོད།།
ཡིད་ཆེས་ཀྱིས་ནི་འཆམ་མཐུན་བསྐྲུན་ཞིང་།།
མཐུན་སྒྲིལ་གྱིས་ཀུན་ལ་བྱམས་བརྩེ་གནང་།།
ངས་ལ་རྒྱ་ལ་ཡིད་རང་སྒོམ་ཞིང་།།
ངས་རིགས་ཞེན་ལ་ངོ་སོ་བསྟོད་འདོད།།
ལ་རྒྱ་ཡིས་བདེན་དོན་ལ་རྩོད་ཞིང་།།
རིགས་ཞེན་གྱིས་ང་ལ་སྙིང་སྟོབས་སྩལ།།
ངས་མཆོག་གསུམ་ལ་སྐྱབས་གནས་འཛིན་ཤིང་།།
ངས་ལས་འབྲས་ལ་བློ་མིག་བལྟ་འདོད།།
དཀོན་མཆོག་གིས་འདི་ཕྱི་ཀུན་སྐྱོབ་ཅིང་།།
ལས་འབྲས་ཀྱིས་ངར་ལམ་སྟོན་མཛད་ངེས།།
ངས་གངས་རི་ལ་སེམས་པ་གླན་ཞིང་།།
ངས་གཙང་ཆབ་ལ་སེམས་གཞས་ལེན་འདོད།།
གངས་རི་ནི་ངའི་བླ་སྲོག་ཡིན་ཞིང་།།
གཙང་བོ་ནི་ཟུངས་ཁྲག་བཞུར་རྒྱུན་ཡིན།།
ངས་གངས་རི་བར་རེ་བ་ཟབ་ཅིང་།།
ངས་མཐོ་སྒང་བ་ལ་རེ་སྨོན་བཏབ།།
གངས་རི་བ་ཡི་བསྟན་པ་དར་ཞིང་།།
མཐོ་སྒང་བའི་སྐུ་ཚེ་ཁྲི་ལོ་ཤོག།
༢༠༡༢/༡༢/༨ ཉིན་སི་བོད་སློབ་གླིང་ནས་ཞང༧གངས་སྲས་ཀྱིས།།
- ཟིན་ཐོ་གོང་མ།དགག་སྒྲུབ་སྙིང་སྟོབས།།
- ཟིན་ཐོ་འོག་མ།དྲན་གདུང་ཡིད་ཀྱིས་འབོད་པ།།