༄༅༎དཔལ་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ《སྤྲུལ་སྐུ》ལ་
བསྐྱར་དུ་དཔྱད་པ།
དང་པོ། རྩོམ་པ་པོའི་གསར་རྩོམ་གྱི་རེ་སྙེག་སྔོག་པ།
དེ་ཡང་རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་ཕྱིར་མཚོན་པ་ཡིན་ཅེས་པ་དང་། སྤྱི་ཚོགས་འཚོ་བ་ནི་རྩོམ་རིག་གསར་རྩོམ་གྱི་འབྱུང་ཁུངས་ཉག་ཅིག་ཡིན།ཅེས་གསུངས་པ་ནང་བཞིན་དུ་་་་་་་རྩོམ་པ་པོ་རེ་རེའི་གསར་རྩོམ་རེ་རེ་ནི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་དང་། ཁོར་ཡུག་ངེས་ཅན་ཞིག་ལ་བརྟེན་ནས་བྱུང་བ་ཡིན་པ་ཚད་མར་གྲུབ་ཅིང་། རྩོམ་རིག་གི་རིན་ཐང་མངོན་འགྱུར་བྱེད་པར་དུས་རབས་ཀྱི་དཀྱོགས་མཚམས་དང་གསར་བརྗེའི་ལས་འགུལ་སོགས་ཀྱིས་མཚོན་པའི་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དམིགས་གསལ་བ་ཡོད་པ་ནི་སྨྲས་མ་དགོས་པ་རེད། དེ་བས་ན། སྐབས་འདིའི་བརྗོད་བྱ་རུ་གྱུར་བའི《སྤྲུལ་སྐུ》ལ་དཔྱད་འཇོག་བྱེད་པའི་ལས་ལ་རྩོམ་པའི་ཚེ་ནའང་རླབས་ཆེན་གྱི་རྩོམ་པ་པོ་ཁོང་ཉིད་འཚོ་སའི་ཁོར་ཡུག་ལ་རྒྱུས་ལོན་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བར་སྣང་སྟེ།
འཇིག་རྟེན་སྟེང་གི་རླབས་ཆེན་གྱི་མི་སྣ་གང་དང་གང་ཞིག་ཡིན་རུང་ཐོག་མ་ཉིད་ནས་རླབས་ཆེན་དུ་གྲུབ་པ་དང་། སྐྱེས་མ་ཐག་ནས་རླབས་ཆེན་དུ་གྱུར་ཟིན་པ་ཡེ་ནས་མ་ཡིན་པར་ཁོ་རང་ཉིད་ཀྱི་འབད་བརྩོན་དང་། དགེ་རྒན་གྱི་སློབ་སྟོན། སྤྱི་ཚོགས་ཀྱི་ཁོར་ཡུག རིག་གནས་ཀྱི་བློ་སྦྱོང་བཅས་ལ་བརྟེན་ནས་མཇུག་མཐར་རླབས་ཆེན་གྱི་མི་སྣའི་གྲས་སུ་ཚུད་པ་ནི་རྩོད་པའི་གཞི་དང་བྲལ་བ་ནང་བཞིན། དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དཔལ་དོན་གྲུབ་རྒྱལ(1953-1985)ལྟ་བུར་ཆ་མཚོན་ནའང་དེ་ལས་མ་འདས།
གཅིག་ནས་ཁོང་ཉིད་ལོ་གཉིས་ཙམ་གྱི་སྐབས་སུ་ཕ་རྒན་ཚེ་ལས་འདས་པ་དང་། ཕྱིས་སུ་མ་རྒན་ཡང་གནས་ལ་བུད་སོང་བས། ས་སྟེང་འདི་ནས་མགོན་མེད་ཀྱི་དྭ་ཕྲུག་ཏུ་གྱུར་ནས་སློབ་གྲྭ་འགྲོ་བར་དཀའ་ཁགག་ཆེན་པོ་བྱུང་བ་དང་། གཉིས་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་དྲུག་ཅུ་ལོའི་མུ་གེ་དང་། དཀར་ནག་གོ་ལྡོག་པའི་ལོ་ངོ་བཅུའི་རིག་གསར་གྱི་སྨག་རུམ་ངོགས་ནས་ནར་སོན་པ་ཡིན་པས། ཁོང་ཉིད་ཀྱི་རྩོམ་རིག་གི་བརྗོད་བྱའི་སྲོག་ཀྱང་སྐབས་དེའི་སྤྱི་ཚོགས་ཀྱི་ཁོ་ར་ཁོར་ཡུག་ག་གེ་མོའི་སྣང་ཚུལ་ཡན་གར་བ་རེ་ཟུང་དང་། སྐྱུག་བྲོ་བ་ཁ་ཤས་ལས་མ་འདས་པ་བདེན་པར་རློམ་ཆོག་ཆོག་རེད། ལྷག་པར་སྐབས་དེར་ལོ་ངོ་སྟོང་གཅིག་ཡས་མས་སུ་རྒྱུན་འཛིན་བྱས་ཡོང་བའི་བོད་ཀྱི་ནང་བསྟན་རིག་གནས་ཀྱི་མཚན་ཉིད་ལྟ་བ་དང་། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བསམ་བློའི་དེད་དཔོན་མར་ལེ་རིང་ལུགས་ཀྱི་མཚན་ཉིད་ལྟ་བ་དངོས་སུ་གདོང་ཐུག་བརྒྱབ་པས། རྩོམ་རིག་བརྩམས་ཆོས་ནི་སྤྱི་ཚོགས་འཚོ་བ་དེ་རྩོམ་པ་པོའི་ཀླད་པའི་ནང་དུ་ཤར་བའི་ཐོན་དངོས་ཡིན།ཅེས་པ་ལྟར་དུ་ཁོར་ཡུག་གིས་རྩོམ་པ་པོ་ཁོང་གི་གསར་རྩོམ་གྱི་ཐོག་མའི་ཀུན་སློང་དང་བསམ་བློའི་འཁྱེར་སོ། རེ་སྙེག་གི་འདུན་མའི་ཐད་དུ་ཤན་ཤུགས་མི་དམན་པ་ཐེབས་བཞིན་ཡོད་པ་བསྙོན་དུ་མེད་དེ། དེ་ནི་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་བརྩམས་ཆོས་ལེགས་ཤོས་གང་དང་གང་ལ་མཇལ་ན་ཡང་གོ་བ་ལོན་ཐུབ་བོ། །
གཉིས་པ། མི་རྣམས་ཀྱིས《སྤྲུལ་སྐུ》ལ་གདེང་འཇོག་བྱེད་ཚུལ།
སྤྱིར་བཟང་མེད་ན་ངན་མེད་པ་དང་། མཚན་མོ་མེད་ན་ཉིན་མོ་མེད་པ། སྡུག་བསྔལ་མེད་ན་བདེ་སྐྱིད་མེད་པ་བཞིན་དུ་འཇིག་རྟེན་སྟེང་གི་བྱ་དངོས་གང་དང་གང་ཞིག་ལའང་ངོས་གཉིས་ནས་དཔྱད་པ་གཏོང་དགོས་པ་དང་། བརྩམས་ཆོས་གང་ལ་ཡང་ཟུར་མི་འདྲ་བ་ནས་འཚོལ་རྟོགས་མཐའ་དཔྱོད་བྱེད་དགོས་པས་ན། ཀློག་པ་པོ་བརྒྱ་ལ་ཧ་མུའུ་ལེ་ཐི་བརྒྱ་ཡོད་ཅེས་པའི་དཔེ་ལྟར་ཀློག་པ་པོ་གང་དེས《སྤྲུལ་སྐུ》ལ་གདེང་འཇོག་བྱེད་པའི་ཚེ། གདེང་འཇོག་བྱེད་མཁན་གྱི་ཐོག་མའི་མགོ་འཛུགས་ས་མི་འདྲ་བ་དང་། ཟུར་ངོས་མི་འདྲ་བ། དམིགས་ཡུལ་མི་འདྲ་བ་སོགས་ལས་མཇུག་འབྲས་ཀྱང་མི་འདྲ་བ་བསྐྱེད་སྲིད་པ་ནི་སྣང་ཚུལ་ཡན་གར་བ་ཞིག་མ་ཡིན་པའི་མོད་ལ། ད་ནི་ཞིབ་འཇུག་གི་ནུས་རྩལ་འཛོམས་མིན་དང་། མཐའ་དཔྱོད་ཀྱི་ཤེས་རྟོགས་ཡོད་མེད། ཤེས་རིག་གི་ཆུ་ཚད་མཐོ་དམན་གང་རུང་གིས་གཞན་ལ་གདེང་འཇོག་བྱེད་རྒྱུར་གོམས་པ་དང་། གཞན་གྱི་ཀུན་སློང་དང་རེ་སྙེག་བྱ་སའི་གཞི་ལ་མ་ལྟོས་པར་བྱུང་རྒྱལ་དུ་སྡོམ་ཚིག་འགོད་རྒྱུར་སྤྲོ་བས། དཔལ་དོན་གྲུབ་ཀྱི་བརྩམས་སྒྲུང《སྤྲུལ་སྐུ》ལྟ་བུ་ལའང་གདེང་འཇོག་འདྲ་མིན་བྱེད་དང་བྱེད་མུས་སུ་མཆིས་ཤིང་། དེ་དག་ལས་ཅུང་ཁྱབ་རྒྱ་ཆེ་བ་དང་ཤུགས་རྐྱེན་ཆེ་བ་མདོར་དྲིལ་ན་གཅིག་ཏུ་འདོད་དེ།
《སྤྲུལ་སྐུ》ཞེས་པའི་རྩོམ་ཡིག་འདི་རྩོམ་པ་པོ་ཁོང་གིས་དོན་གྲུབ་རྒྱལ་གྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱེད་དུས་སུ(སྤྱི་ལོ1980ལོ།)མཛད་པ་དང་། རྩོམ་འདིའི་ཐོག་མའི་ཁ་བྱང་ལ《སྤྲུལ་སྐུ་རྫུན་མ》ཟེར་བ་དང་། ཕྱིས་སུ་སྦྲང་ཆར་རྩོམ་སྒྲིག་ཁང་གིས《སྤྲུལ་སྐུ》ཞེས་བཏགས་ནས༡༩༨༣ལོའི་སྦྲང་ཆར་དེབ༣པའི་སྟེང་སྤེལ་བས། ཕྱིས་སུ《སྤྲུལ་སྐུ》ཞེས་རྒྱུན་འབྱམས་སུ་བཀོལ་བ་ལྟར་ལགས་ཤིང་། སྐབས་དེ་ནི་ཏག་ཏག་རིག་གནས་གསར་བརྗེའི་དུག་རྡུལ་སེལ་ནས་ལོ་ངོ་ཁ་ཤས་མ་གཏོགས་འགོར་མེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ནས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་འགོ་ཚུགས་མ་ཐག་པའི་སྐབས་ཡིན་པས། རྒྱ་ཆེའི་བོད་མི་དད་ལྡན་རྣམས་ཀྱིས་དུས་ཡུན་རིང་བོར་བཀག་སྡོམ་བྱས་པའི་དམ་ཆོས་ལ་རེ་ཞིང་སྒུག་པའི་བརྩེ་བ་ལྷད་མེད་ཅིག་དང་། དངོས་སུ་དད་མོས་རང་དབང་ཐོབ་པའི་དགའ་སྤྲོ་ཚད་མེད་ཅིག་གི་ཀློང་ནས་སྤྲུལ་སྐུ་མ་ཡིན་པའི་སྤྲུལ་སྐུ་གང་མང་ཞིག་ཀྱང་བོད་ཀྱི་སྤྱི་ཚོགས་ནང་དུ་མ་བསུས་རང་ཐོན་དུ་གྱུར་བས། དོན་གྲུབ་རྒྱལ་གྱིས་བོད་མི་དད་ལྡན་རྣམས་ཀྱི་ཚབ་ཏུ་ཨ་ཁུ་ཉི་མ་འདྲ་བའི་རང་གཤིས་མདའ་འདྲ་བ་དེ་དང་། སྤྲུལ་སྐུ་རྫུན་མའི་ཚབ་ཏུ་གདོང་སྒོར་ཞིང་རྒྱགས་པ་དང་། སྣ་འབིག་ཅིང་མིག་ཆེ་བ་ཞིག་བརྗོད་བྱར་བཀོད་དེ《སྤྲུལ་སྐུ》ཞེས་པའི་བརྩམས་སྒྲུང་ཞིག་བོད་མི་ཀུན་གྱི་སྤྱན་ལམ་དུ་བསྟར་བས། ཕྱིས་སུ་རྩོམ་རིག་དཔྱད་བརྗོད་ཀྱི་ངོ་བོ་དང་འགན་ནུས། ཚད་གཞི་སོགས་དགོས་ངེས་ཀྱི་ཆ་རྐྱེན་ཚང་མི་ཚང་གི་རྗེས་རབས་པ་རྣམས་ཀྱིས་མཐའ་གཅིག་ཏུ་གནས་ལུགས་འཐུ་བའི་ཚུལ་དང་། བདེན་པ་བརྡར་བའི་ཚུལ་གྱིས་དོན་གྲུབ་རྒྱལ་ཁོང་ཉིད་སྲོལ་རྒྱུན་རིག་གནས་ལ་མི་དགའ་བ་དང་། 《སྤྲུལ་སྐུ》ཡིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དགག་པ་བརྒྱབ་འདུག་ཅེས་བཤད་ཡོང་གི་ཡོད་པ་དེ་རེད། ཡིན་ནའང་ཚུལ་འདི་དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་མཆོག་གི་ཞལ་ནས། འཇིག་རྟེན་ན་རྩོམ་བཟང་བོ་འབྲི་ཤེས་པ་ཉུང་ཞིང་། རྩོམ་གྱི་ལེགས་ཉེས་འབྱེད་ཤེས་པ་དེ་ལས་ཀྱང་ཉུང་བར་སྣང་བས་སངས་རྒྱས་ཀྱིས་ཀྱང་ཆོད་དཀའ་བའི་མང་མང་གི་ཁ་ལ་ཉན་རྒྱུ་ཅི་ཡོད།ཅེས་དང་། ལ་ལ་ཞིག་རང་ལུགས་ཀྱི་གཏད་སོ་ཅི་ཡང་མེད་པར་གཞན་དག་གི་ཟེར་ཚད་དང་ལས་ཚད་ཀྱི་རྗེས་སུ་འབྲངས་ནས་རླུང་ཁའི་ཤིང་བལ་གྱི་བརྟུལ་ཞུགས་འཛིན་པ་ནི་ཅོལ་ཆུང་གི་འཆལ་རྟགས་ལས་བློ་གྲོས་ཀྱི་རྩལ་འཛོམས་པའི་མཁས་རྟགས་ག་ལ་ཡིན།ཞེས་སམ། ཡང་ན་ས་པཎ་གྱིས། དེང་སང་དུ་ནས་ལོ་གྲངས་རྒན་གྱུར་ན། །བླུན་པོ་རྣམས་ཀྱང་གཙུག་གཏོར་ཇི་བཞིན་ཏེ། །ཤེས་རབ་རྒྱ་མཚོའི་ངོས་ལྟར་ཡངས་ན་ཡང་། །གཞོན་ནུར་གྱུར་ན་ཚད་མར་འཛིན་པ་དཀོན། །ཞེས་དང་། རྩོམ་ཆོས་རང་གཞིར་བྱས་ཏེ་བལྟས་ན། འདིས་དགག་བཞག་སྤྲོ་ཡུལ་དེ་བླ་སྤྲུལ་ལམ་ཆོས་ལུགས་མ་ཡིན་པར་བླ་སྤྲུལ་དང་འབྲེལ་མེད་དོན་དང་གཞན་ཅན་གྱི"འཇིག་རྟེན་རྒད་པོ"ཞིག་གོཞེས་གསུངས་པ་སོགས་ཀྱིས་མཚོན། རྩོམ་པ་པོ་ཁོང་ཉིད་སྲོལ་རྒྱུན་རིག་གནས་ལ་མི་དགའ་བ་དང་། ནང་ཆོས་ལ་དགག་པའི་ལོག་ལྟའི་རང་གཤིས་ཅན་ཞིག་རེད་ཅེས་པའི་གཏམ་དེ་དངོས་ནས་ཕྱིས་བྱུང་ཚིག་གི་ཁར་བར་མ་བརྟེན་པའི་དོན་གྱི་རྒན་པོ་ཙམ་དུ་ཟད་དེ། རྒྱུ་མཚན་ནི་ཁོ་རང་འཚོ་བཞུགས་པའི་རིང་། ཁོང་ལ་ངག་ཐོག་གམ་ཡིག་ཐོག་གང་རུང་ནས་དགག་བཞག་ཁུངས་ཐུབ་དང་འཐུས་ཚང་ཅན་མཛད་མཁན་གཅིག་ཀྱང་བྱུང་མེད་པ་དུང་དཀར་བློ་བཟང་འཕྲིན་ལས་དང་། དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས། ཉན་ཤུལ་མཁྱེན་རབ་འོད་གསལ། གཉའ་བློ་གྲོས་རྒྱལ་མཚན། བདུད་ལྷ་རྒྱལ། བན་ཤུལ་དཔལ་མཁར་རྒྱལ་སོགས་ཀྱི་གསུང་རྩོམ་ཁག་ཏུ་གསལ་བ་ལགས་སོ། །
གསུམ་པ། 《སྤྲུལ་སྐུ》ལས་མངོན་པའི་དོན་གྲུབ་རྒྱལ་གྱི་ནང་སེམས་ཀྱི་འཇིག་རྟེན།
《སྤྲུལ་སྐུ》ཡི་བརྗོད་དོན་ངོ་མ་དེ་རྟོགས་ཆེད་དང་། 《སྤྲུལ་སྐུ》ལ་གོ་བ་ལོག་འགྲེལ་བྱེད་པའི་སྐྱོན་མི་འབྱུང་བའི་བསླད་དུ་བརྩམས་སྒྲུང་འདིར་ལན་མང་མཇལ་བ་ལ། རྩོམ་ཡིག་འདིའི་ཁ་བྱང་ལ་བལྟས་པ་ཙམ་གྱིས་ལུགས་གཉིས་གང་ཞིག་བསྒྲུབས་ཀྱང་ཐུགས་དགོངས་སྤྲོ་ལྷང་ལྷང་དང་། དོན་གཉིས་གང་ལ་འབད་ཀྱང་གདོང་ན་འཛུམ་དམུལ་དམུལ་བྱེད་པའི་སྣང་བརྙན་ཞིག་སེམས་ལ་འཆར་ཡང་། རྩོམ་ཡིག་གི་ཐོག་མཐའ་བར་གསུམ་དུ་གཟིག་ལྤགས་གྱོན་པའི་བོང་བུ་དང་། ལུག་ལྤགས་གྱོན་པའི་སྤྱང་ཀིའི་སྣང་བརྙན་ཞིག་གིས་ཀུན་ནས་ཁྱབ་ཡོད་པས། སྤྲུལ་སྐུའི་མཚོན་དོན་ངོ་མ་དེ་དེང་སྐབས་ང་རང་ཚོས་དད་པ་བྱེད་སའི་སྤྲུལ་སྐུ་མ་ཡིན་པའི་སྤྲུལ་སྐུ་རྫུན་མ་ཞིག་ལ་གོ་དགོས་པ་མ་ཡིན་པར་རྣམ་ཀུན་ཡ་མ་བརླ་ཡི་ཆ་ལུགས་དང་འཆལ་མ་འཆོལ་གྱི་ཉམས་འགྱུར་བསྟན་ནས་མི་དགེ་བའི་ལས་གཉེར་མཁན་གྱི་ཚོགས་སྤྱི་ཞིག་ལ་གོ་བ་ལས་སྤྲུལ་སྐུ་ལམ་ལུགས་ལ་འབྲེལ་བ་མེད་སྙམ། ཅིའི་ཕྱིར་ཅེ་ན། འདི་ལ་ཡང་རྒྱུ་མཚན་ཡོད་དེ།
ཀུན་གྱིས་མཁྱེན་གསལ་ལྟར་དུ། ཚད་ལྡན་གྱི་རྩོམ་པ་པོ་གང་དེའི་སྨྱུག་རྩེ་ནས་འཇོ་བ་ནི་རང་ཉིད་ཀྱི་ལྟ་བ་དང་རེ་སྨོན། ཕུགས་འདུན་དང་ཀུན་སློང་། མིག་རྒྱང་དང་ཡིད་སྨོན་སོགས་ཀྱི་སྙིང་བསྡུས་ཡི་གེར་ཕབ་ནས་སྤྱི་ཚོགས་འཚོ་བ་ལས་ཕྱུང་བའི་ཡིད་ཀྱི་དགའ་སྐྱོ་ཆགས་སྡང་ངམ་རྩོམ་པ་པོས་སྤྱི་ཚོགས་དང་མི་རིགས་ལ་བཅངས་པའི་སེམས་འདུ་དང་དུང་སེམས་ཚུར་སྣང་བྱས་པ་ཡིན་པས། རྩོམ་རིག་བརྩམས་ཆོས་གང་ཞིག་གིས་ཀྱང་སྤྱི་ཚོགས་ཀྱི་བྱ་བ་ཆེ་ཆུང་གང་རུང་ཞིག་རྒྱབ་དཔང་དུ་བཅོལ་ནས་ལེགས་ཉེས་སྤང་བླང་གི་གནས་ལུགས་ཤིག་བསྟན་དང་སྟོན་པའི་ཞོར་དུ་རྩོམ་པ་པོའི་ནང་སེམས་ཀྱི་སེམས་འདུ་དང་བརྩེ་བ་ཞིག་ཀྱང་མཚོན་ཡོད་པ་དང་། ནང་སྒོས་སུ《སྤྲུལ་སྐུ》ཞེས་པའི་རྩོམ་ཡིག་འདིས་སྤྲུལ་སྐུ་ལམ་ལུགས་ལ་དགག་བཞག་མཛད་ཡོད་ཅེས་རྩོམ་པ་པོ་ཁོང་ལ་རྒྱུས་མངའ་བའི་གཉེན་ཉེ་རིང་དང་གྲོགས་གྲོགས་མོ་སོགས་ཁོང་ལ་ཆ་རྒྱུས་ཡོད་པའི་མི་གང་ཞིག་གི་ཁ་ནས་ཀྱང་ཐོས་མ་མྱོང་བར་མ་ཟད། བོད་ཀྱི་ནང་ཆོས་དང་རྩོམ་རིག་གཤིན་ས་ཆེན་མོའི་སྟེང་དུ་འཁྱུག་རྩལ་ངོམ་བཞིན་པའི་ཆེད་མཁས་པ་དང་རྩོམ་པོ་གང་གིས་ཀྱང་གསུངས་མ་མྱོང་ལ། རྩོམ་པ་པོ་ཁོང་གི་བརྩམས་ཆོས་གང་དང་གང་ལ་མཇལ་ན་ཡང་ཁོང་གི་སེམས་ཀྱི་གཏིང་དང་། གློ་རྒྱུའི་བར། མཆིན་པའི་ཞབས་ནས་བོད་མི་རིགས་ལ་བཅངས་པའི་བརྩེ་བ་དྲོན་མོ་དེ་དང་། བོད་མི་རིགས་འདི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་ཀྱི་ལམ་དུ་བསྙེག་པར་སྐུལ་བའི་རེ་འདུན་གྱིས་ཁེངས་འདུག་པས། རྩོམ་པ་པོས་སྤྱི་ཚོགས་ཀྱི་ངན་མཚང་ཐེར་འདོན་དང་བོད་མིའི་གོ་རྟོགས་སད་པར་གསལ་འདེབས་དང་སྐུལ་མ་བཏང་ཡོད་པ་མ་གཏོགས། 《སྤྲུལ་སྐུ》ཞེས་པའི་ཁ་བྱང་ལྗིད་པོ་འདི་གཡར་ནས་ཆོས་ལུགས་ལ་དགག་བཞག་མཛད་མི་སྲིད་ལ། དགག་བཞག་བརྒྱབ་ཀྱང་མེད་དེ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ལགས་ཀྱིས་བརྩམས་པའི《དཔལ་དོན་གྲུབ་རྒྱལ་གྱི་མི་གཞིའི་གས་ཁ་དང་དེང་རབས་ལ་བྱིན་པའི་བློ་བསྐྱེད》ལས། ང་ཚོས《སྤྲུལ་སྐུ》དེ་ཁོང་གི་མི་གཞིའི་གསར་བའི་ཆ་མཚོན་བྱེད་དུ་ད་སྔ་ངོས་བཟུང་བ་ཡིན་ཀྱང་། ཞིབ་ཏུ་བལྟས་ན། དེས་བླ་མ་སྤྲུལ་སྐུ་ལ་སྐྱོན་ཅི་ཡང་བརྒྱབ་མེད། ངན་གཡོ་བརྩམས་བརྩམས་པའི་མཐའ་མཇུག་དེ་ཉིད་སྤྲུལ་སྐུ་ཞིག་མ་ཡིན་པར་སྤྲུལ་སྐུ་རྫུན་མ་ཞིག་ཡིན་པ་རྩོམ་གྱི་མཇུག་ཏུ་དངོས་སུ་བསྟན་ཡོད་པས། བླ་སྤྲུལ་དང་འབྲེལ་བ་གཏན་ནས་མེད་པར་བྱས་ཡོད།ཅེས་གསུངས་པར་གཞིགས་ན། སྤྲུལ་སྐུས་མཚོན་པ་ནི་བླ་མ་དང་སྤྲུལ་སྐུ་སོགས་ཀྱི་ཚབ་མཚོན་དུ་གྱུར་བའི་ཆོས་བྱེད་མི་སྣ་ག་གེ་མོ་ཞིག་གཏན་ནས་མ་ཡིན་པར། ནམ་རྒྱུན་གཞན་དོན་གྱི་ཁ་གཡང་སྒྲོག་བཞིན་རང་དོན་ལྷུང་གཟེད་མནབས་མཁན་དང་། ཡར་རྒྱས་ཀྱི་ཁུ་ཚུར་འཕྱར་ནས་ཁྲེལ་མེད་ལུགས་མེད་བྱེད་བཞིན་པའི་གང་ཟག་སྤྱིས་མཚོན་པའི་ཁྲམ་དང་གཡོ་སྒྱུ་དགུ་སྒྲིལ་གྱི་ལྡོག་ཕྱོགས་ཀྱི་ཚོགས་སྤྱི་ཞིག་ཏུ་རློམ་པ་དང་། ཨ་ཁུ་ཉི་མ་ལྟ་བུའི་རང་གཤིས་མདའ་ལྟར་དྲང་ཡང་། བླང་དོར་འབྱེད་པའི་ཤེས་རབ་དང་མི་ལྡན་པ་དེ་ཏག་ཏག་གཡོ་སྒྱུའི་ཚེར་མདའ་གཟེང་བའི་རྗེས་སུ་རྐང་བ་འཇོག་པའི་རྨང་གཞི་ལྟ་བུར་གྱུར་ཡོད་པས། མ་བརྟགས་མ་དཔྱད་ཟེར་སྒྲོས་ཙམ་དང་། ཕྱི་ཚུལ་གྱི་བཅོས་མའི་བརྩེ་བ་དང་སེམས་ཁྲལ་སོགས་ཀྱིས་བསླུས་པར་མི་བྱེད་པ་ནི་ད་གཟོད་སྤྲུལ་སྐུའི་སྙིང་བསྡུས་ཡིན་པར་འདོད་དོ། །
བཞི་པ། 《སྤྲུལ་སྐུ》ལས་མངོན་པའི་དོན་གྲུབ་རྒྱལ་གྱི་སྒྱུ་རྩལ་བློས་བསླང་།
དེང་གི་དུས་སུ་དཔལ་དོན་གྲུབ་རྒྱལ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་རྡོ་རིང་ངོས་སུ་གསེར་འོད་ལྷེམ་ལྷེམ་འཕྲོ་བའི་སྐར་མ་འོད་ཆེན་ཞིག་ཡིན་པར་སྨྲ་བ་དང་། ལ་ལས་སྲོལ་རྒྱུན་ལ་མི་དགའ་བ་དང་ནང་ཆོས་ལ་དགག་པའི་ལྟ་ལོག་ཅན་ཞེས་གདེང་འཇོག་འདྲ་མིན་སྣ་ཚོགས་བྱེད་བཞིན་འདུག་པ་དག་མདོར་དེད་ན་རྩོམ་པ་པོ་ཁོང་གིས《སྤྲུལ་སྐུ》ཞེས་པའི་བརྩམས་སྒྲུང་དེ་བྲིས་ནས་བོད་ཀྱི་སྤྱི་ཚོགས་ལ་གཡོ་འགུལ་ཆེན་པོ་ཐེབས་སུ་བཅུག་པ་དེ་ལ་ཐུག་ཡོད་མོད། འོན་ཀྱང་དེ་ནི་དཔྱད་བརྗོད་པའམ་ཀློག་པ་པོའི་མིང་འཛིན་མཁན་ག་གེ་མོ་ཞིག་འཆུགས་པའི་ཉེས་དམིགས་བསགས་བསགས་ནས་མཐར་བོད་མི་མང་པོས་མོན་ཡུལ་རྡོར་སྤྱོད་ཀྱི་དཔེ་ལྟར་དཔལ་དོན་གྲུབ་རྒྱལ་གྱི་ནང་སེམས་ཀྱི་འཇིག་རྟེན་དང་འཚོ་གནས་ཀྱི་རྒྱབ་ལྗོངས་ལ་བསམ་བློ་ཞིབ་མོ་མ་བཏང་བར《སྤྲུལ་སྐུ》ལ་ཚིག་ངོས་ཙམ་ནས་འགྲེལ་བཤད་བརྒྱབ་པ་དེས་གཡམ་རྒྱུག་ལ་དགའ་ཞིང་ཀུ་ཅོ་ལ་གོམས་པའི་བོད་ཆོལ་ཁ་གསུམ་གྱི་ན་གཞོན་གང་མང་ཞིག་གིས་རི་བོང་ཅལ་འདྲོགས་ཀྱི་རྣམ་ཐར་བསྐྱངས་པའི་ཚུལ་ད་ལྟའི་བར་དུ་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པ་ལྟར་རེད། འོན་ཏེ་འདི་ནི་ཀློག་པ་པོའམ་དཔྱད་བརྗོད་པའི་ཚད་གཞི་མ་ཚང་བའི་སྐྱོན་ཡིན་པ་ལས་རྩོམ་པ་པོ་ཁོང་གི་སྐྱོན་དུ་མི་འགྲོ་སྟེ། བརྩམས་སྒྲུང་གང་དང་གང་ཞིག་ཡིན་རུང་ཚིག་ངོས་ནས་འགྲེལ་བརྒྱབ་ན་སྐབས་འདིའི་བརྗོད་བྱ་སྤྲུལ་སྐུ་རྫུན་མ་ཞིག་མཐོང་སྲིད་ཀྱང་། དགེ་བའི་ཁ་གཡང་སྒྲོག་བཞིན་ངན་ཕྱོགས་བསྒྲུབས་པ་དང་། རྨོངས་མུན་སེལ་བའི་གསེར་ཐུར་བཟུང་ནས་མ་རིག་མུན་པའི་ཁ་ཟས་སྤྱོད་པ། ཡང་ན་རང་རིགས་ཀྱི་ཕྱོགས་སུ་བདེན་མིན་གྱི་དོགས་སློང་ཞིག་བྱས་པ་དང་། རྟོགས་སད་ཀྱི་འབོད་སྐུལ་གང་ཞིག་གཏོང་བཞིན་པ་མཁྱེན་མི་སྲིད་པས། རྩོམ་པ་པོས་བོད་ཀྱི་སྤྱི་ཚོགས་ནང་དུ་རྒྱུགས་ཆེ་ཞིང་ཀུན་གྱིས་ཡིད་འཇོག་བྱེད་པའི་ཁ་བྱང《སྤྲུལ་སྐུ》ཞེས་པ་འདི་བདམ་ནས་བོད་མི་བྱིངས་ལ་གནད་དོན་ཞིག་ཉེན་ཁའི་ཅོང་བརྡའི་ཚུལ་དུ་བསྒྲགས་པ་མ་གཏོགས། གནའ་དེང་བླ་སྤྲུལ་རྣམས་དང་ཁ་བྲལ་ཐབས་མེད་པའི་བོད་ཀྱི་རིག་གནས་སྤྱིའི་ཕ་ལྟ་བུར་གྱུར་བའི་ནང་ཆོས་རིག་གནས་ལ་དགག་བཞག་མཛད་པའི་བརྟུལ་ཞུགས་བཟུང་ནས་ཡབ་མེས་ཀྱིས་བཞག་པའི་གཅེས་ནོར་འདི་ལ་རྡོག་རྫིས་གཏོང་མི་སྲིད་ལ་བཏང་ཡང་མེད་དེ། གལ་ཏེ་ཡོད་ཀི་ཟེར་ན་དེ་ནི་དཔལ་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ཀུན་ལ་གཟིགས་མ་མྱོང་བ་ཞིག་གམ། ཡང་ན་བློ་རྣལ་དུ་མ་གནས་པ་ཞིག་དང་། ཡིད་འཛིན་གྱི་ནུས་པ་ཞན་དྲགས་པའི་ཀློག་པ་པོ་མ་ཡིན་པའི་ཀློག་པ་པོ་ཞིག་ཏུ་སེམས།
ཡང་གཅིག་བཤད་ན། རྩོམ་པ་པོས་སྤྱི་ཚོགས་སྟེང་བྱུང་དང་འབྱུང་བཞིན་པའི་བྱ་དངོས་དེ་སྒྱུ་རྩལ་གྱི་སྣང་བརྙན་གཞན་ཞིག་ལ་བཅིངས་ནས《སྤྲུལ་སྐུ》བརྩམས་གནང་མཛད་པ་དེས་སྤྱིར་ན་གནད་དོན་གྱི་གནད་དོན་གལ་འགངས་ཆེ་བ་ཞིག་བཏོན་པར་བོད་མི་བྱིངས་ནས་གནད་དོན་དེར་དབྱེ་ཞིབ་ནན་མོ་དང་ཐག་གཅོད་ཡང་དག་བྱ་རྒྱུའི་ཕྱོགས་ལ་ནུས་པ་འདོན་རྒྱུ་ང་རང་ཚོའི་འོས་འགན་དུ་བཟུང་མུར། རྩོམ་ཡིག་འདི་སྤྱི་ཚོགས་ཀྱི་སྒུལ་ཤུགས་སུ་བཟུང་ནས་དེ་ལ་འཚོལ་རྟོག་དང་། བསམ་གཞིག དོགས་སློང་། དཔྱད་འཇོག་བཅས་ཀྱི་ལས་ལ་ཞུགས་ན་ནི་དཔལ་དོན་གྲུབ་རྒྱལ་གྱིས་མི་ཚེ་ཐུང་ཐུང་གི་རྣོ་གྲིས་ཕ་རོལ་ཧམ་རྫུན་གྱི་གཡབ་མོ་ཕུག་པར་བགྱིས་པ་དང་ཆབས་ཅིག རིག་གནས་ཀྱི་འགལ་འདུ་དང་། སྤྱི་ཚོགས་ཀྱི་རུལ་སུངས། ཀུན་སྤྱོད་ཀྱི་འཇིག་ཉེན། གཡོ་སྒྱུ་ཡི་གར་སྟབས་ཤིག་ངང་ངམ་ཤུགས་ཀྱིས་ཐོན་ངེས་ཤིང་། གལ་སྲིད་དེ་ལས་ལྡོག་སྟེ་སྤྲུལ་སྐུ་དང་། ཆོས་ལུགས། ལྟ་ལོག་སོགས་ཀྱི་མིང་ཚིག་འགར་འཐམ་ནས་《སྤྲུལ་སྐུ》ལ་དཔྱད་འཇོག་དང་ཕྱོགས་སྡོམ་བྱེད་པའི་ཚེ། ནང་ཆོས་ལ་སེམས་པ་རྣམ་དག་གིས་དད་ཅིང་། ནང་བསྟན་ལ་ཁ་ཞེ་གཉིས་མེད་ཀྱིས་འདྲིས་ཤིང་གོམས་པའི་བོད་མི་མང་ཚོགས་ཀྱི་སེམས་སུ་ན་ཟུག་ཅིག་དང་། གདུང་བ་ཞིག་བསྐྱེད་སྲིད་པ་དེ་ནི་རྩོམ་པ་པོས་ཁོར་ཡུག་འདི་གར་འཚོ་བའི་སྐྱེས་བུ་རབ་འབྲིང་ཐ་གསུམ་གང་དེ《སྤྲུལ་སྐུ》ལ་མཇལ་ཚེ། རང་སོ་སོའི་ཆུ་ཚད་ལྟར་གོ་བ་ལོན་རྒྱུ་ཡོད་པ་དེ་ནི་དཔལ་དོན་གྲུབ་རྒྱལ་གྱི་རྩོམ་རིག་སྒྱུ་རྩལ་གྱི་བློས་བསླང་ལས་སྨིན་པའི་འབྲས་བུ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་སེམས་སོ། །