གདོད་མའི་མི་བྱུང་བ་ནས་དུས་ཡུན་རིང་ཙམ་ལ་ཕན་ཚུན་ལ་གོ་བརྡ་སྤྲོད་པའི་སྐད་ཆ་བྱུང་བ་ལས་ཡི་གེ་མེད་ལ། ཡི་གེ་བྱུང་བ་དེ་སྤྱི་ཚོགས་འཕེལ་རྒྱས་ངེས་ཅན་ཞིག་ལ་སླེབས་པའི་མཚོན་རྟགས་ཤིག་ཡིན་ལ། དེ་ཡང་མི་རིགས་ག་གེ་མོའི་ཡི་གེ་དུས་ནམ་ཞིག་ནས་བྱུང་བ་དེ་ནི་མི་རིགས་དེའི་ཤེས་རིག་དང་དཔལ་ཡོན་སོགས་དུས་ནམ་ཞིག་ནས་དར་བའི་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་རེད།
རང་ཡུལ་ཁ་བ་ཅན་གྱི་ཡུལ་གྲུ་འདི་ནི་རི་མཐོ་ས་གཙང་ཆུ་བོ་ཀུན་གྱི་མགོ་ཞེས་དཔྱོད་པའི་བློ་མིག་ཡངས་པོར་ཕྱེ་བའི་མཁས་དབང་མང་བོས་ཆེས་གནའ་བོའི་དུས་ནས་མིའི་རིགས་འབྱུང་བའི་རང་བྱུང་གི་ཆ་རྐྱེན་ཕུན་སུམ་ཚོགས་པ་ཡོད་པར་བཞེད་ནའང་། ཡུལ་འདིར་བྱུང་བའི་མིའི་རིགས་ཀྱི་ཤེས་རིག་གི་འབྱུང་ཁུངས་དང་འཕེལ་རྒྱས་ལ་ཕྱིས་འབྱུང་མཁས་པ་རྣམས་ལ་བཞེད་ཚུལ་གཅིག་མཐུན་མིན་པ་འགའ་རེ་ཡོད་ལ་ཡོད་ཀྱང་སྲིད་དེ་དུས་རབས་བདུན་པར་བྱོན་པའི་ཆོས་རྒྱལ་སྲོང་བཙན་གྱི་འཁྲུངས་འདས་ལོ་ཚིགས་ལ་འདོད་ཚུལ་མི་གཅིག་པ་ཡོད་ན་དེ་སྔོན་གྱི་བཙན་པོའི་རྒྱལ་རབས་སོ་གསུམ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ལ་སོགས་པའི་ཡ་ཐོག་རིང་མོའི་ཤེས་རིག་ལོ་རྒྱུས་གླེང་རྒྱུ་ནི་ཧ་ཅང་གི་དཀའ་བའི་གནས་ཤིག་ཏུ་འདུག་པ་རེད། ཡིན་ནའང་ལོ་རྒྱུས་ཀྱི་གནད་དོན་ཆུང་ངུ་ཁ་ཤས་ནི་རྩོད་པས་དུས་འདང་བར་བྱེད་པ་ལས་རང་སོར་བཞག་ན་ལེགས་སྙམས་སྟེ། ཉེ་རབས་བོད་ཀྱི་རྩོམ་རིག་གསར་བའི་དེད་དཔོན་དཔལ་དོན་གྲུབ་རྒྱལ་གྱིས་མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབས་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འདྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམས་པ་ག་ལ་སོད། ཞེས་གསུངས་པ་ནང་བཞིན་ང་ཚོས་ཀྱང་གནའ་བོའི་གཏམ་རྒྱུད་དེ་རང་གི་བརྗིད་ཉམས་སུ་རློམས་སྟེ། ད་ལྟ་དང་མ་འོངས་པའི་དོན་དུ་འབད་བརྩོན་མི་བྱེད་པ་ནི་འཛམ་གླིང་ན་འོད་དུ་འཚེར་བའི་རིག་གནས་ཤིག་ཉམས་མས་སུ་འགྲོ་བའི་ཉེན་བརྡ་རེད། གཞན་ཡང་ད་ལྟ་དང་མ་འོངས་པའི་ལག་ལེན་གྱི་ཆེད་དུ་འདས་པའི་མིག་དཔེ་འཚོལ་དགོས་པའང་ལྡོག་དུ་མེད་པའི་གཏན་ཚིགས་ཤིག་ཡིན་པས། ཁོ་བོས་འདིར་གངས་ལྗོངས་ཤེས་རིག་གི་གཞི་མ་ཡི་གེ་བྱུང་བ་འདི་ནི་ལོ་རྒྱུས་ཀྱི་གནད་གལ་ཆེན་དུ་བསམ་སྟེ། འདིའི་སྐོར་ལ་རང་གི་འདོད་ཚུལ་ཅུང་ཙམ་གླེང་བར་བྱའོ། ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས་“བོད་ལ་སྔ་ན་ཡི་གེ་མེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་།”ཞེས་དང་“བཙན་པོས་བཀའ་རྩལད་པ། དབྱི་ཚབ་གློ་བ་ཉེ་བས། གུམ་ན་མཆད་ཕྱག་དར་ཏོ་བརྩིགས་པར་གནད་རྟ་ནི་བརྒྱའ་དགུམ་བར་གནང་། བུ་ཚ་ག་རུང་བ་གཆིག་གསེར་གྱི་ཡི་གེ་མྱི་ཆད་པར་སྩལད་པར་བཀའ་སྩལ་ཏོ་”“བཙནཔོ་དྲལ་ལ། བཀའ་ལན་ཡི་གེར་གསོལ་བ་ཎི་ཆང་མ་མཆི་སོ”ཞེས་པ་སྔ་ཕྱི་འགལ་བར་བཀོད་འདུག་ཅིང་། གཞན་ད་དུང་ཐང་ཡིག་གསར་རྙིང་ལ་སོགས་རྒྱའི་ལོ་རྒྱུས་དེབ་ཐེར་དང་ཡང་ན་《བཀའ་ཆེམས་ཀ་ཁོལ་མ》དང་《མ་ཎི་བཀའ་འབུམ》སོགས་ལས་བོད་ལ་སྔར་ཡི་གེ་མེད་པ་དང་། ཐོན་མི་སམ་བྷོ་ཊས་རྒྱ་གར་ཡི་གེར་དཔེ་བྱས་ནས་བཟོས་པ་སོགས་བཀོད་ཡོད་པ་ལ་གཞི་བཅོལ་ནས་ཕྱིས་འབྱུང་མཁས་པ་མང་པོ་ཡང་ལུགས་འདི་དང་མཐུན་པར་འདོད། འདོད་ཚུལ་གཞན་ཞིག་ཡོད་པ་ནི་བོད་ཀྱི་ཡི་གེ་ནི་དང་བོ་སངས་རྒྱས་(གཤེན་རབ་མི་བོ)ཀྱིས་མཛད་པར་འདོད་དེ། མདོ(བོན)ལས། “ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང་ཕུབ། །མགོ་ཡིས་ལམ་དྲང་ཤད་ཀྱིས་མདོ་ཡང་བཅད། །ཚིག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། །གུག་འགྲེལ་ན་རོ་ཞབས་ཀྱུ་ཡ་སྟ་ཡིས། །སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏབས། །”ཞེས་དང་“བདག་ཉིད་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་། །མ་འོངས་འགྲོ་ཀུན་ཐར་བར་འདྲེན་པའི་ཕྱིར། །གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། །དེ་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན། །རྒྱལ་བའི་བསྟན་པ་ཡི་གེའི་འཛིན་དགོས་ཕྱིར། །འཕྲུལ་གྱི་ཡི་གེར་ཀུན་གྱིས་བཀུར་བསྟི་གྱིས། །”ཞེས་སོགས་ཡི་གེ་བརྟེན་ནས་བོན་གྱི་བསྟན་པ་སྤེལ་བ་དང་མ་འོངས་སྤེལ་བར་རྗེས་བཞག་མཛད་པ་སོགས་བསྟན་ཡོད་ལ། གཞན་ཡང་བོད་ཀྱི་རྒྱལ་རབས་སྔ་མ་དེ་དག་གི་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་པ་སྟེ། དེ་ཡང་བོན་སྒྲུང་ལྡེའུ་གསུམ་ཞེས་པ་དེ་ནི་ཚིག་རེ་གཉིས་ཙམ་མ་ཡིན་པར། བོད་ཀྱི་རྒྱལ་རབས་རེ་རེའི་བཤད་བཞིན་པའི་ལོ་རྒྱུས་སོགས་དང་། རྒྱལ་བུ་མཐིང་གེའི་ལོ་རྒྱུས་དང་ཞང་རྒན་ཨ་ནུས་བྱས་པའི་བསྟན་བཅོས་ལྟ་བུ་སོགས་དཔེ་རྒྱུན་དེང་སང་ཡང་ཡོད་པ་དང་། གཞན་ཡང་བོད་ཁམས་ཀྱི་གྲོང་གསེབ་ཁག་ནས་མང་དུ་རྙེད་པའི་དམངས་ཚོགས་ཀྱི་རིམ་གྲོའི་ཆོ་ག་སྲིད་པ་སྤྱི་མདོའི་ཞེས་སུ་གྲགས་པ། མདོ་ཁམས་སྡེ་དགེ་ནས་ཐོན་པའི་དཔེ་གཅིག་ཡོད་པ་དེ་དག་གི་མཇུག་བྱང་དུ་གསལ་བོར་འཁོད་ཡོད་པ་ནི་“གཤེན་ཆེན་གཅེ་འོད་ནས་རིམ་པར་བརྒྱུད་པ་སྲིད་པའི་མདོལ་སྐོང་ཆེན་མོ། སངས་པོ་ཁྲིན་ཁོད་བདག་གིས་ཡི་གེ་བཏབ་པ་ཞང་འོད་དཔོན་གསལ་བར་མཚད་པས་མཐུ་ཐོན་པ་ཁྲབ་མོ་ཆིག་ཆིག་ནི་རྫོགས་སོ། །”ཞེས་ཁྲི་བདུན་གཉིས་པ་མུ་ཁྲི་བཙན་པོའི་སྐུ་གཤེན་གཅེའུ་འོད་དཀར་ནས་བཙན་པོ་སྟག་རི་གཉན་གཟིགས་ཀྱི་སྐུ་གཤེན་ར་སངས་ཁྲི་ན་ཁོད་བར་བརྒྱུད་པ་འདི་སངས་པོ་ཁྲི་ན་ཁོད་ཀྱིས་ཡི་གེར་བཏབ་པ་གསལ་བ་འདིའི་ཀྱང་བློ་གཟུ་བོར་གནས་ན་སྲོང་བཙན་གོང་དུ་བོད་ལ་ཡི་གེ་འབྲི་བའི་སྲོལ་བྱུང་ཡོད་པའི་ངེས་ཤེས་རྙེད་ཐུབ། དེ་ཡང་《རྒྱལ་རབས་གསལ་བའི་མེ་ལོང་》ལས། “དེར་རྒྱལ་བུ་དེ་ནར་སོན་དུས་བཟོ་དང་རྩིས་དང་། སྒྱུ་རྩལ་དང་། རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་བས། བློན་པོ་ན་རེ། འོ་ཅག་ཚོའི་རྗེ་འདི་ཡོན་ཏན་དུ་མ་དང་ལྡན་ཏེ། ཐུགས་ཤིན་ཏུ་སྒམ་མོ་ཟེར་བས། མཚམ་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ། །དེ་ནས་རྒྱལ་པོ་དགུང་ལོ་བཅུ་གསུམ་ལོན་དུས་ཡབ་འདས་ཏེ་རྒྱལ་སར་བྱོན་པ་ཡིན་ནོ། །”ཞེས་ཆོས་རྒྱལ་དེ་རྒྱལ་སར་མ་ཕེབས་གོང་ནས་རིག་པའི་གནས་ལྔ་ལ་མཁས་པ་དེ་ཡི་གེ་མེད་མི་སྲིད་པ་དང་། ཐོན་མིས་ཡི་གེ་གསར་གཏོད་མཛད་པ་བཙན་པོ་རྒྱལ་སར་བཀོད་པའི་རྗེས་ཡིན་པ་གཉིས་འགལ་འདུག་པས། ཐོན་མི་རྒྱ་གར་དུ་མ་བཏང་གོང་ནས་བོད་ལ་ཡི་གེ་ཡོད་པ་འདི་ལས་ཤེས་ལ། མཁས་མཆོག་དམ་པ་ཚེ་ཏན་ཞབས་དྲུང་གིས་ཀྱང་“ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་བོན་པོའི་ཆོས་ཕྱོགས་སྤྱོད་པའི་ཡི་གེ་རེ་ཡོད་པའང་སྲིད།”ཞེས་པ་དང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་“རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་བོད་ལ་བོན་པོའི་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་ཡོད་སྟབས་ཡི་གེ་མེད་ཟེར་བ་དངོས་ཡོད་གནས་ཚུལ་དང་མི་མཐུནཞིང་། ཕྱིས་ཀྱིས་ལོ་རྒྱུས་མཁས་པ་འགས་སྲོང་བཙན་གོང་དུ་ཡི་གེ་མེད་ཅིང་ཐོན་མིས་རྒྱ་གར་ནཱ་ག་རའི་ཡི་གེར་དཔེ་བྱས་ནས་ཡིག་གཟུགས་གསར་གཏོད་བྱས་པ་ཡིན་ཞེས་བཤད་ཡོད་པ་ནི། དེའི་གོང་དུ་བོད་ས་གནས་ཡོངས་ལ་སྤྱི་ཁྱབ་ཏུ་སྤྱོད་པའི་ཡི་གེ་མེད་པ་བཅས་ཀྱི་གོ་དོན་ཡིན་པ་མ་གཏོགས། དེའི་གོང་དུ་ཡི་གེ་གཏན་ནས་མེད་པ་དང་། ཐོན་མིས་རྒྱ་གར་གྱི་ཡི་གེར་དཔེ་བྱས་ནས་བོད་ཡིག་བཟོས་པ་ཡིན་ཟེར་བའི་གོ་དོན་མིན། རྒྱུ་མཚན་ནི་ཡི་གེ་ཡོད་པའི་མི་རིགས་གང་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་སྐད་གཞིར་བཟུང་ནས་བཟོས་པ་ཡིན་པ་ལྟར་བོད་ཡིག་ཀྱང་དེ་འདྲ་རང་རེད”ཅེས་གསུངས་པ་བཞིན། བོད་ཡིག་ནི་སྲོང་བཙན་སྔོན་ནས་ཡོད་པར་བཞེད། ཡིག་གཟུགས་ཐད་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“ཐུ་མི་དང་མཉམ་པའི་གུ་བmཊའི་རྒྱལ་རྒྱུད་རྒྱལ་པོ་ཧརmཥ་དང་། ཀུམཱར་གུབmཊ་སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བམ་དང་རྡོ་རིང་ཡི་གེ་ཡོད་པ་རྣམས་བོད་ཡིག་དང་འདྲ་ཆེ་ཞིང་། ཅུང་ཟད་རྒྱང་ནས་བལྟས་ན་ལག་མི་མཁས་བ་ཞིག་གིས་བོད་ཡིག་བྲིས་པ་བཞིན་ཡོད།”ཟེར་བ་དང་དེང་སང་བོད་མི་འགའ་རེའི་ཁྲོད་ན་ཡང་ཞུང་ཞང་གི་ཡི་གེ་སྨར་ཆེ་ཆུང་ལ་བལྟས་ནས་དེ་ནི་ལག་མི་བདེ་བ་ཞིག་གིས་བོད་ཡིག་བྲིས་པ་རེད་ཟེར་བ་གཉིས་ལ་ཡང་བསམ་བློ་གཏོང་དགོས་ས་ཞིག་འདུག་སྟེ། སྤྱི་ལོའི་དུས་རབས་ཐོག་མའི་དུས་འཇང་ཡུལ་དུ་དར་བའི་ནག་ཆེ་རིགས་ཀྱི་སྟོན་པའི་ཡི་གེ་ཞེས་པ་དེ་ཆེད་གཉེར་བ་ཧུའི་ཀྲེ་བུ་བྱ་བ་ཞིག་གིས་ཡུན་རིང་ཞིབ་འཇུག་བྱས་པའི་བསྡོམས་ཚིག་ཏུ། སྟོན་པའི་ཡི་གེ་དེ་ནི་གནའ་དུས་བོད་ལ་དར་བའི་འདྲ་གཟུགས་ཞིག་རེད་འདུག་ཅེས་བཤད་འདུག་པ་དང་། སྐབས་དེའི་ཞང་ཞུང་གི་མངའ་ཁོངས་རྒྱ་ཆེ་ལ། ཤེས་རིག་ཧ་ཅང་དར་བ་ལ་བསམ་ན་རང་རེའི་བོད་ཡིག་འདི་ནི་མི་རིགས་གཞན་ལ་གྱི་ཡི་གེ་ལ་དཔེ་བྱས་ཏེ་བཟོས་པ་ཡིན་ནམ། ཡང་ན་མི་རིགས་གཞན་གྱིས་བོད་ཀྱི་ཡི་གེ་ལ་དཔེ་བྱས་ཏེ་བཟོས་པ་ཡིན་ནམ་ཞེས་བཤད་ན་གོ་མ་ཐག་ཏུ་འགའ་རེ་ཁུང་དགོད་རེ་ལངས་ཀྱང་སྲིད་མོད་ཞིབ་ཏུ་བསམ་ན་དེ་ཡང་བསམ་བློ་གཏོང་རྒྱུ་མེད་པ་ཞིག་མ་ཡིན་པ་འདྲ། གཤེན་མཁས་གྲུབ་ཀྱིས་མཛད་པའི་བརྡ་སྤྲོད་ཉེར་བདུན་པར། “དེ་ཡང་ཡི་གེ་རྣམ་པ་མང་མཆིས་ཀྱང་། །རྟག་གཟིགས་ཡུལ་གྱི་སྤུངས་སོ་ཆེ་ཆུང་དང་། །ཞང་ཞུང་ལོ་ཙྰས་དམར་ཆེན་དམར་ཆུང་བསྒྱུར། །བོད་ཀྱི་རྫབ་ཤར་དཀར་ནག་གཉིས་བསྟན་ཀྱང་། །ངོ་བོ་འཕྲུལ་ཡིག་བཞི་བཅུ་འགྱུར་བ་མེད། །”ཞེས་གསུངས་པ་དོན་ལ་གནས་པའི་གཏམ་དུ་འཁུམས་ཏེ། ངོ་བོ་དབྱངས་གསལ་སོ་བཞིའམ་འཕྲུལ་ཡིག་བཞི་བཅུའི་སྒྲ་གདངས་མ་འགྱུར་ན་ཡི་གེའི་གཟུགས་སྦལ་ནག་ན་ལ་བགྲལ་འདྲ་དང་ཉ་མོ་ཆུ་ལས་མཆོང་འདྲ་སོགས་ག་འདྲ་ཞིག་ཡིན་ཀྱང་བོད་ཀྱི་སྤྱི་སྐད་དང་མཐུན་པའི་ཡི་གེ་ཡིན་ཀྱང་ཆོག་ཏེ། ཡི་གེ་དེའི་བོད་ཀྱི་སྐད་ཆ་ཡོངས་སུ་བཤུ་ཐུབ་པས་རེད། དེས་ན་འཕྲིན་ལས་ཆོས་གྲགས་ཀྱིས་རྒྱ་གར་དུ་སྟོན་པ་ཤཱཀྱའི་དབང་བོ་མ་བྱོན་གོང་རོལ་གྱི་མི་ལོ་ཆིག་སྟོང་སུམ་བརྒྱ་ཙམ་དང་བོད་དུ་སྲོང་བཙན་སྒམ་པོ་མ་འཁྲུངས་ཀྱི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་སྔོན་ནས་བོད་འདི་གནའ་རབས་ཀྱི་ཤེས་རིག་ལྡན་པའི་ཡུལ་ཁམས་ཤིག་ཏུ་ཆགས་ཟིན་པ་ཤེས་ཐུབ་ཞེས་པ་སོགས་དེང་དུས་ཀྱིས་བློ་གཟུ་བོར་གནས་པའི་དཔྱོད་ལྡན་མང་བོ་ཅིག་གིས་ཀྱང་འདི་ལྟར་བཞེད་ཀྱིན་ཡོད་པ་རེད།
དེ་ན་སྲོང་བཙན་སྔོན་ལ་ཡི་གེ་ཡོད་མེད་ཀྱི་ལྟ་ཚུལ་འདི་འདྲ་གཉིས་ཆགས་པའི་རྒྱུ་མཚན་ནི་ཁོ་བོས་བསམ་པར་བན་བོན་གྱི་གྲུབ་མཐའི་ཕྱོགས་ཞེན་ལས་བྱུང་བར་འདོད་ལ། གཅིག་གིས་རང་ཉིད་སྔ་བར་འདོད་པ་དང་། གཅིག་གིས་རང་གི་སྔ་ན་བོད་ན་རིག་གནས་དར་ཡོད་པར་ཁས་ལེན་མ་འདོད་པར་ཕན་ཚུན་ཕྱོགས་འཛིན་ཆགས་སྡང་སོགས་ཀྱིས་ངན་སྨྲས་བྱས་ཏེ། འདས་བའི་ལོ་མང་ཤས་ནང་དུ་བོད་མི་ཕལ་མོ་ཆེས་བོན་ནི་མུ་སྟེགས་པ་དང་། དེ་ལ་མཇལ་མི་ཉན་པ་དང་ཐ་ན་དེའི་ཉེ་སར་འགྲོ་མི་ཉན་པ། དེའི་སྐོར་ཀྱི་དཔེ་ཆར་ལྟ་མི་ཉན་པ་སོགས། བོད་རང་གི་ཕ་མེས་ཤེས་རིག་ལ་དམའ་འབེབས་དང་རྣམ་རྟོགས་ཟ་བ་སོགས་ཀྱང་བན་དེ་ཕྱོགས་འཛིན་པ་ག་གེ་མོས་བོད་རིགས་མང་ཚོགས་ལ་བཞག་པའི་བག་ཆགས་ཡིན་པ་རེད། འདི་ལྟར་ཕན་ཚུན་ལ་ཕྲག་དོག་དང་སྨོན་པ་བྱེད་པ་ནི་བསྟན་པ་འདི་གཉིས་ཀྱི་ཡང་དག་གསུང་རབ་དང་མི་མཐུན་སྟེ། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས། ཕྲག་དོག་དབང་གིས་ཆོས་དང་གང་ཟག་ལ། །སྨོན་ན་བདག་དགེ་ཉམས་ཤིང་གཞན་སེམས་འཁྲུགས། །ཞེས་དང་། བླ་ཆེན་དྲན་པའི་ཞལ་ནས། བོན་ཆོས་གཉིས་ལ་བདག་འཛིན་རུ་ཏྲ་བྱེད། །ངོ་བོ་གཅིག་ལ་སོ་སོ་འཛིན་པ་དེ། །དོན་དང་མི་མཐུན་ང་དང་རྒྱང་ཐག་རིང་། །ཞེས་དང་། སློབ་དཔོན་པད་མའི་ཞལ་ནས། སྔོན་ཚེ་བསྐལ་བཟང་སངས་རྒྱས་ཐམས་ཅད་དང་། །ད་ལྟའི་སྟོན་པའི་སྐུ་གསུང་ཐུགས་ཀྱི་བསྟེན། །ཅི་གསུང་ཐམས་ཅད་འགྲོ་དོན་ཡིན་པའི་ཕྱིར། །བོན་དང་ཆོས་ཞེས་བྱ་བ་ག་ལ་ཡོད། །མཉམ་པར་མི་འཇོག་ཕྲག་དོག་རྩོད་པ་འདི། །མཐར་ཐུག་བོད་ཡུལ་ཕུང་བའི་གཞི་རུ་འགྲོ། །ཞེས་དང་དཔལ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས། བོན་ཆོས་གཉིས་ག་སངས་རྒྱས་བཀའ། །སངས་རྒྱས་བཀའ་ལ་སྨད་པ་དང་། །བདེན་པ་ཁྱད་དུ་བསད་པ་ནི། །ཤན་པ་གྲི་ཐོགས་བས་ཀྱང་ཐུ། །ཞེས་དང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས། བོན་ཆོས་མཁའ་གསལ་ཉི་ཟླ་འདྲ། །ཁྱད་གསོད་བྱེད་པ་སྒྲ་གཅན་འཛིན། །བསྟན་པ་གཉིས་ལྡན་དཔྲལ་བའི་མིག །གཅིག་མེད་གཅིག་ལས་ལྷག་མི་འགྱུར། །ཞེས་གསུངས་པ་ནང་བཞིན་འཕགས་པའི་ཐུགས་རྗེ་ཕྱོགས་རིས་མེད་མོད་ཀྱང་། གང་ཟག་མོས་པའི་སྣང་ངོར་སོ་སོར་བསྟན་པ་དང་གང་ལ་གང་འདུལ་གྱིས་སྒྱུ་འཕྲུལ་རོལ་གར་ཇི་སྙེད་པ་བསྒྱུར་བ་སེམས་དགོས་ལ། དེ་སྔ་བོད་ཀྱི་ལོ་རྒྱུས་སུ་བན་བོན་བརྩད་པས་བོད་ཡུལ་ལ་གནོད་མི་ཉུང་བ་བཟོས་སོང་བ་ཡང་བསྟན་པ་རྣམ་གཉིས་དགོངས་པ་མ་མཐུན་པ་མིན་པར་ཆོས་བྱེད་མི་སྣ་འགའ་རེས་ཆབ་སྲིད་ཀྱི་དགོས་མཁོ་དང་གོ་གནས་ག་གེ་མོའི་ཆེད་དུ་བཟོས་པ་ཡིན་ལ། ལོ་རྒྱུས་ཀྱི་བསླབ་བྱ་འདི་ང་ཚོས་དང་ལེན་བྱས་ཏེ། མ་འོངས་པར་སངས་རྒྱས་བསྟན་པའི་རྩ་ལག་ཕན་ཚུན་བར་ཁྱད་གསོད་ལོག་ལྟ་སོགས་རིང་དུ་དོར་ནས་རྒྱལ་བའི་བསྟན་པ་ཞུགས་མཁན་རྣམས་ཀྱིས་ཕན་ཚུན་མཛའ་བརྩེ་མཐུན་སྒྲིལ་གྱིས་ཁྱད་འཕགས་རིག་གཞུང་གཅེས་སྤྲས་དང་སློབ་གཉེར། དར་སྤེལ་བྱེད་པ་བཅས་ལ་འབད་དགོས་པ་ནི་དགོངས་དོན་གཅིག་པའི་བསྟན་པ་རིན་པོ་ཆེ་འདི་གཉིས་ཀྱི་རླབས་ཆེའི་དགོངས་པ་དང་མཐུན་པར་བློ་དམན་ཁོ་བོས་སེམས་སོ། །
མ་རིག་དབང་གིས་ཉེས་སྐྱོན་ཅི་མཆིས་པ། །
མཆོག་གསུམ་བདེན་པས་ཅིག་ཅར་གཞོམས་པ་དང་།
སངས་རྒྱས་བསྟན་པ་དར་ཞིང་ཡུན་གནས་ནས། །
འགྲོ་རྣམས་བདེ་ཆེན་ས་ལ་འགོད་པར་ཤོག །