༄༅།ཁྱོད་ལ་ཡང་སྙིང་ཅི་ཞིག་ཡོད། །
ང་བོད་ལ་སྐྱེས། ཕ་སྐད་མ་ཡིག་ལ་དུང་བ་ཡོད་མདོག་གིས་ལོ་མང་རིང་སྦྱོང་ཁུལ་བྱས། འོན་ཀྱང་ངས་བོད་སྐད་ཡིག་དེ་ཕུག་ཆོད་པ་ཞིག་དང་བོད་སྐད་དག་མ་ཞིག་བཤད་མ་ཤེས། འདི་ནི་ང་ལ་དབང་པོ་རྣམ་ལྔ་གང་ཞིག་མ་ཚང་པ་རེད་དམ།།
ང་ཞིང་པ་བྱས། ནམ་ཟླ་དུས་བཞིར་སོ་ནམ་གྱི་ལས་ལ་འབད་ཁུལ་བྱས། འོན་ཀྱང་ངས་རོ་བཅུད་བྲོ་མངར་ལྡན་པའི་སྟོན་ཐོག་ཞིག་བཟའ་རྒྱུ་མ་རྙེད། འདི་ནི་གནམ་རྒན་མས་ང་ལ་སྟེར་བའི་ལག་རྟགས་བྱིན་ཅན་དེ་ཡིན་ནམ།
ང་འབྲོག་པ་བྱས། ཁ་ཆར་དང་བུ་ཡུག་གི་ཁྲོད་ནས་ཕྱུགས་རིགས་དག་གཅེས་སྐྱོང་བྱས། འོན་ཀྱང་ངས་དཀར་འོ་ཞོ་སོགས་གཞན་དང་འདྲ་བའི་ལོངས་སྤྱོད་བྱ་མྱོང་མེད། འདི་ནི་ནོར་བདག་ཀུ་བེ་ར་ཡིས་ང་ལ་བགོས་སྐལ་བཅད་པ་ཡིན་ནམ།
ང་གྲོང་ཆོག་པ་བྱས། ཨ་མྱེ་དྲིན་ཆེན་གྱིས་ཐུགས་དྲིན་ལས་ཡི་གེའི་འདོན་ཀློག་ལ་སྣང་དག་མེད་པར་གྱུར། འོན་ཀྱང་། མ་ཏྲི་ཡིག་དྲུག་སོགས་ཀྱི་ནང་དོན་ངོ་མ་དེ་ཅི་ཡིན་མ་རྟོགས། འདི་ནི་སྨྲ་ཤེས་དོན་གོ་བའི་མི་བུའི་མཚན་ཉིད་དེ་ཚང་ངམ།
ང་སློབ་གྲྭར་སོང་། ཉིན་མཚན་མེད་པར་རིག་གཞུང་ལ་འབད་ཁུར་བྱས། འོན་ཀྱང་ངས་སྐད་ཡིག་གང་ཞིག་ལའང་གདེང་ལྡན་ཐུབ་པ་ཞིག་མ་ཤེས། འདི་ནི་གུས་པའི་སྦྱང་བརྩོན་མེད་པས་ལན་ནམ།
ངས་བོད་སྨན་སྦྱོང་། ལོ་ངོ་བདུན་ཙམ་གྱི་རིང་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་ལ་འཇུག་ཁུལ་བྱས།།འོན་ཀྱང་ཉེས་པ་གསུམ་པོའི་གྲངས་འདྲེན་ཤེས་པ་ཙམ་ལ་དོན་ངོ་མ་ནད་ཅན་ཞིག་ལ་ན་ཟུག་ཅུང་ཟད་འཇག་པའི་ཕན་ཞིག་ཐོག་དཀའ་མོར་གྱུར། འདི་ནི་སངས་རྒྱས་སྨན་ལྷའི་བྱིན་རླབས་མ་ཐོབ་པ་ཡིན་ནམ།།
ངས་དཔེ་ཀློག་བྱས ། ཞིབ་ཏུ་བསམ་ན་དཔེ་དེབ་མགོ་མཇུག་ཚང་པ་ཞིག་བཀླགས་ཡོད་མེད་དོག་གཞི་བྱུང་། ཟུར་དུ་བྲིས་པའི་ཟིན་བྲིས་མི་འདུག་ལ་ཀླད་པའི་ནང་ཉར་ཚགས་བྱས་པའི་རྗེས་ཤུལ་ཙམ་མངོན་དཀའ་མོ་རེད། འདི་ལྟ་བུའི་དཔེ་ཀློག་དེ་རིན་ཐང་ལྡན་པ་ཞིག་ཨེ་རེད།།
ངས་རྩོམ་ཡིག་བྲིས། སོ་སོའི་དགའ་ཕྱོགས་ཀྱིས་ལོ་ལྔ་དྲུག་གོང་ནས་རང་རང་གི་སེམས་ཚོར་དག་རང་ནུས་གང་ཡོད་ཀྱིས་ཤོག་ངོས་སུ་ཕབ་འགོ་བཙུག། འོན་ཀྱང་སྙན་རྩོམ་རེ་ཟུང་ཞིག་མ་གཏོགས་རང་གཞན་གཉིས་ཀར་ཕན་པའི་དཔྱད་རྩོམ་ཡང་དག་ཞིག་འབྲི་མ་ཤེས། འདི་ནི་གུས་པས་དུས་ཚོད་འཕྲོག་རླགས་བྱས་པ་མ་ཡིན་ནམ།
ནམ་བྲིས་ཆ་མ་འཚལ་བས་བརྗེད་ཐོ་བྲི་དེབ་ནང་འདུག་པས་སླར་ཡང་འདི་རུ་སྤེལ་བའོ།།
༢༠༡༤ ༣ ༤ ཉིན་སྤེལ།