སྣང་བ་ཡན་པར་མི་གཏོང་ཚོད་འཛིན་བྱེད།
རང་ཉིད་ཀྱི་བྱ་སྤྱོད་དངོས་བྲིས་མ།
ཚིག་གི་སྦྱོར་སྟངས་ཡག་པོ་མ་ཤེས་པས།།
ཉ་ཉོབ་མང་བས་གཞན་ལ་སྒྱིད་ལུག་སྟེར།།
བྱེད་འབྲེལ་སོགས་ཀྱི་དབྱེ་འབྱེད་མ་ཤེས་པས།།
ཡིག་ནོར་རི་བོ་ཙམ་ཞིག་ཁོ་བོས་སྤུང་།།
ཁོ་བོས་བྲིས་པའི་ཡིག་འབྲུ་རེ་ཟུང་དག །
རྩོམ་ཡིག་ཅེས་པའི་མིང་ཐོབ་དཀའ་མོ་རེད།།
སེམས་ཚོར་ཤོག་དཀར་ངོས་སུ་ཕབ་པ་སྟེ།།
དལ་གྱིས་ཀློག་ནས་ཞིབ་དཔྱོད་གནང་རོགས་ཞུ།།
འདི་ནས་ཡར་བརྩིས་པའི་ལོ་ངོ་བཅུ་གཉིས་ཙམ་གྱི་དུས་ལ་ངའི་འཚོ་བ་སྐྱེལ་སྟངས་དང་རིག་གཞུང་ལ་འབད་པ་བྱེད་ཚུལ། བསམ་བློའི་ཁ་ཕྱོགས་གཏོང་ལུགས་ལ་བསམ་གཞིཌ་ཅུང་རེ་བྱ་དུས། ང་ནི་ཇི་འདྲའི་སློབ་མ་ཡ་རབས་ཤིག་དང་ཅི་འདྲའི་རིག་གནས་ལ་བརྩོན་སེམས་ལྡན་པའི་བློ་གསལ་ཞིག་ཡིན་པའི་ངེས་པ་རྙེད་བྱུང་། སྐབས་དེར་ངའི་སེམས་ནང་ཕུགས་བསམ་གྱི་ཆེད་དུ་ཉིན་མཚན་ལྟོས་མེད་ངང་སློབ་སྦྱོང་ལ་བརྩོན་རྒྱུ་དེའོ། དེ་དུས་ནི་ངའི་ཕུགས་བསམ་དེ་རི་རྒྱལ་བཞིན་ཏུ་བརྟན་ཅིང་། རྒྱ་མཚོ་བཞིན་དུ་གཏིང་ཟབ།
ཆུ་ཤེལ་ལྟར་ཕྱི་གསལ་ནང་གསལ་ཡིན་པ་འདྲ་འདུག གང་ལྟར་སྐབས་དེར་ང་ལ་སེམས་ཤུགས་ལྡན། བརྩོན་འགྲུས་ཆེ། རིག་པ་རྣོ། བསམ་གཞིགས་ལྡན། རིགས་ཞེན་ཡོད། དགེ་སློབ་གང་མང་གིས་བསྟོད་བསྔགས་བྱ་ཡུལ་དུ་གྱུར་མྱོང་། འོན་ཀྱང་། མི་གཞིའི་སྤུས་ཚད་ཞན་པའམ་གྲོགས་པོ་ལེ་ལོ་དང་། ཤ་ཉེ་རྣམ་གཡེང་ཁོང་གཉིས་ཁེ་དབང་བཙན་དྲག་པ། ད་དུང་སློབ་ཐོན་བྱུང་ནས་རྒྱལ་ཁབ་ལས་བྱེད་ཞེས་པའི་མིང་ཆེན་དེ་བདག་ལ་དབང་ཟིན་ཅིང་།ཕྱི་རོལ་རྣམ་གཡེང་ལ་མགོ་བ་དུད་པས་ངའི་སེམས་ཤུགས་དེ་ལྷོད་ལ་ཕབ་སོང་། གཟུགས་གཞི་འདི་རི་བོ་ལྟར་ལྗིད་པར་གྱུར་སོང་། སང་གི་བྱ་བ་གནངས་ལ་བསྐྱལ་ཞིང་། གནང་གི་བྱ་བ་རྗེས་མར་གྱུར། སྐབས་རེར། དགོང་མོ་མལ་ཉལ་ཁར་འདི་ལྟར་དམ་བཅའ་བྱེད་ཀྱི་ཡོད། སང་ཉིན་སྔ་མོར་ལངས་ཏེ། དེ་སྔོན་ལོ་མང་རིང་ངག་སྐྱོར་བཏང་ཟིན་པ་དག་སླར་གསོ་དང་། ཞོགས་པར་མཁའ་རླུང་གཙང་བ།རིག་པ་གསལ་བའི་དུས་ཚོད་བེད་སྤྱད་ནས་སློབ་སྦྱོང་ལ་བརྩོན་བསམ་རུང་། སྐྱ་རེང་ལྷ་མོས་སྒེག་ཉམས་སྟོན་བཞིན་དལ་གྱིས་ཕེབས་ཡོང་དུས་གཏི་མུག་གི་གཉིད་དེ་སྔར་ལས་དགའ་ཞིང་སྐྱིད་པོ་བྱུང་ནས་མདང་དགོང་གི་དམ་བཅའ་དེ་རྨི་ལམ་དུ་གྱུར། སྐབས་རེ་ཞོགས་ཟས་བཟའ་བའི་དུས་ཚོད་མེད་བཞིན་ལྟོགས་སྟོང་ངང་ལས་གྲྭར་བསྐྱོད་མགོ་་བརྩམས། མི་ཚོས་ཟེར་སྲོལ་ལ། མི་ཆེན་པོ་གྱུར་དུས་བསམ་བློས་ཟིན་གྱི་རེད་ཟེར། བྱ་བ་ཆེ་ཆུང་གང་ཞིག་སྒྲུབ་ན་འཇོན་གྱི་རེད་ཟེར། འོན་ཀྱང་ཁོ་བོ་ནི་དེ་ལས་ལྡོག་སྟེ། ཇེ་ངན་ཇེ་སྡུག་བོང་བུའི་བུ་ཞེས་པ་ལྟར་གཡོ་དང་སྒྱིད་ལུགས་ཀྱི་ཕྱུག་ཅིང་། བྱ་བ་ཀུན་སྤྱོད་སོགས་ལ་ཁའི་ཉི་མ་བཞིན་མར་འགྲིབ་མགོ་ཙམ། སྐབས་རེ་བཅོས་བསྒྱུར་ལམ་ལ་ཞུགས་ཁུལ་བྱས་རུང་། སྣང་བ་རྒྱ་ཡན་དུ་ཕྱིན་དྲག་པས་བཅོས་ཐབས་དཀའ་བའི་ནད་ངན་རྙིང་པ་ཞིག་དང་འདྲ། ལན་རེ་དཔེ་ཀློག་རེ་བྱ་དུས་ཅུང་མ་འགོར་ནས་མིག་ལྕིབ་གཉིས་པོ་ཐུར་དུ་ལུག་ཞིང་། གཉིད་ཀྱིས་གཟིར་བས་གྲགས་ཅན་དཔེ་དེབ་འགའ་ས་རུ་ལྷུང་ཤོར་བ་ཉུང་ཉུང་མིན། དེ་ནས་དགོང་མོ་ཉལ་བའི་དུས་ཐོག་ལས་འདས་ཤིང་། ཆོ་མེད་པའི་ལས་བྱ་འགའི་དོན་དུ་ཉིན་མཚན་གོ་ལོག་དུ་གྱུར།
དུས་རབས་ཉེར་གཅིག་ནང་།།
ཚན་རྩལ་འཕོ་འགྱུར་བཟང་།།
འཛམ་གླིང་ལག་མཐིལ་ནང་།།
བལྟས་པ་ནང་བཞིན་གསལ། །
ཚོད་འཛིན་མེད་གྱུར་ན།།
དུས་ཚོད་གང་མང་ཞིག །
རོལ་རྩེད་གློག་ཆས་སྟེང་།།
ཟད་ན་ཤིན་ཏུ་ཕམ།།
གླུ་གཞས་ཉན་བྱེད་དེMP3།།
ཡུན་རིང་སྤྱོད་དྲག་ནས།།
ཉན་བྱེད་རྣ་བ་ཡིས།།
ཐོས་ཤུགས་ཉམས་ནས་གདའ།།
ཁ་པར་གློག་ཀླད་སོགས།།
རྒྱུན་རིང་བལྟས་དྲགས་ནས།།
མཐོང་བྱེད་མིག་གཉིས་ཀྱིས།།
མཐོང་ཤུགས་ཉིན་བཞིན་ཞན།།
དགའ་རོགས་མཉམ་འཛོམས་དུས།།
སྙིང་གཏམ་མི་འཆད་དེ།།
ཁ་པར་འཛིན་མང་ན།།
བརྩེ་དུང་གས་ཆགས་ཤོར།།
གྲོགས་པོ་ལྷན་འཛོམས་དུས།།
གླེང་མོལ་རྒྱང་གཡུགས་ནས།།
ཁ་པར་མགོ་འཁོར་བས།།
འདུ་ཤེས་རྒྱང་ལ་ཡལ།།
འཕྲིན་ཕྲན་སྤྱོད་མང་ན།།
དྲྭ་བའི་བཞུར་ཚད་བརྒལ།།
བརྒྱ་ལོ་དམར་དམར་ཚོ།།
བཟོད་ཐབས་དཀའ་མོ་འགྱུར།།
དངོས་པོའི་དཔལ་ཡོན་ནི།།
ཡར་ངོས་ཟླ་ལྟར་འཕེལ།།
བསམ་པའི་རྒྱགས་ཕྱེ་དེ།།
ཁུག་མ་ཞབས་རྡོལ་འདྲ།།
དེ་ཡང་རྣམ་དཔྱོད་ཀྱི་རིག་པ་མངའ་ཞིང་། བློ་གྲོས་ཀྱི་སྤོབས་པས་ཕྱུག་པའི་དྲིན་ཆེན་དམ་པ་(ཆོ་པོ་སྲིའམ་ཆོས་དཔོན་སྲས།乔布斯)ཀྱིས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་སོགས་གསར་གཏོད་གནང་བ་དང་།འཕྲིན་ཕྲན་དང་པོད་འཕྲན་དེ་བཞིན་འཕྲིན་ཐུང་སོགས་བོད་ཡིག་གི་ཐོག་ནས་ཕྱི་ནང་གང་སར་ནས་དགའ་ཉེ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ། དེ་བཞིན་ཕ་སྐད་མ་ཡིག་ལ་དུང་བ་ཟབ་པའི་རིགས་ཞེན་འགའ་དང་ལྷན་དུ་རང་རང་གི་ལྟ་ཚུལ་དང་། རྒྱུན་ཤེས་འོས་སྦྱོར། བསམ་བློ་བརྗེ་རེས། ཟུར་ཟའི་གཏམ་འཆལ་སོགས་གང་ལ་གང་དགོས་རེ་གླེང་ནས་ཁ་པར་འདི་མིག་དང་འབྲལ་མེད་བྱས། དེ་བཞིན་དེང་སང་དར་ཁྱབ་ཆེ་བའི་འཕྲིན་ཕྲན་ནང་ རང་གཞན་སོགས་ཀྱིས་བཟོས་པའི་ཚོགས་པ་དང་། དེ་བཞིན་གླེང་སྟེགས་ནི་ཉིན་བཞིན་ཇེ་མང་འགྲོ་བ་འདི་རེད། དེ་ཚོ་འགའ་ཞིག་ནས་མིང་དོན་མཚུངས་པའི་རིག་གཞུང་གླེང་སྟེགས་ཤིག་ཡིན་པས་བློ་སྐྱེད་ཡང་
མི་དམན་པ་ཐུབ་པ་གདོན་མི་ཟ།
འགའ་ཞིག་ནི་ང་དང་འདྲ་བའི་གསར་བ་འགས་འགྲུབ་རྒྱུ་གང་ཡང་མེད་པའི་རྫིག་གཏམ་གྱི་འུར་སྒྲ་འབྲུག་ལྟར་གྲག་ཅིང་། ཐོབ་རྒྱུ་ཅི་ཡང་མེད་པའི་དུས་ཚོད་ཟད་བྱེད་དུ་མི་གཞི་ལ་དམའ་འབེབ། ཕྱོགས་རིས་ཀྱི་འཆལ་གཏམ་གླེང་ས་ཁོ་ནའོ།ད་དུང་འགའ་ཞིག་གིས་གྲགས་ཅན་རྩོམ་པ་པོའི་མིང་དེ་རྐུ་རྒྱབ་ནས་ཕྱོགས་རིས་སྐད་ཆ་འཆད་བཞིན། སུ་དང་གང་གི་རྣ་ལམ་མི་འགྲོ་བའི་རྩོམ་རྙོག་ཁོ་ན་སྤེལ། ཡང་འགའ་ཞིག་གིས་བུ་བུ་མོར་ཕན་ཚུན་བརྫུས་ནས་ཆགས་ལྡན་ཆེ་བའི་མི་བུ་འགར་གཡོ་རྒྱུའི་འོག་ཏུ་ཁྲིད།སྟབས་མ་ལེགས་ཚེ་ཕན་ཚུན་རྩོད་འཛིང་དང་། ཁ་མཆུ་ཐུག་ཤོར་བའང་ཉུང་ཉུང་མིན་པའི་གོ་ཐོས་བྱུང་།
ང་རང་ཉིད་ལྟ་བུ་ལ་མཚོན་ན། དེ་སྔོན་ལས་ཀའི་བར་སེང་དང་ངལ་གསོའི་དུས་དང་།ཁོམ་པ་ཅུང་ཡོད་ཚད་དཔེ་ཀློག་ལ་བྲེལ་བའི་གོམས་གཤིས་ཤིག་ཡོད། འོན་ཀྱང་གོང་ཞུས་ལྟར་མི་གཞིའི་སྤུས་ཚད་མེད་རྐྱེན་དུས་ཚོད་སྐར་མ་གཅིག་བྱུང་ན་ཁ་པར་འདི་ལ་མིག་གིས་གཅེར་རེར་བལྟ་དགོས་པའི་གཅོང་ནད་ཞིག་ཕོག་འདུག ཁ་པར་འདི་བྱེད་ནུས་མང་བས་དཔེ་དེབ་སོགས་འདིའི་ནང་བླུག་སྟེ་བལྟ་ཆོག་རུང་དེ་ཚོ་ལ་མིག་ཟུར་ཙམ་མི་བལྟ་ནས་ཐད་ཀར་འཕྲིན་ཕྲན་དང་པོད་ཕྲན་སོགས་ལས་རང་མགོ་རང་གཡོགས་བྱེད་རྒྱུར་མགོ་བརྩམས། སྐྱོན་འདི་དག་ནི་ང་རང་ཉིད་ཀྱི་སྐྱོན་ཡིན་པ་ལས་སུ་ཞིག་ལ་ངན་ཁག་དཀྲི་བའི་འོས་འགན་མེད་པ་ཚོར་ཡོད། མི་བུ་འགའ་ཞིག་གིས་ངའི་མི་གཞི་དང་ཀུན་སྤྱོད་སློབ་སྦྱོང་སོགས་ལ་ཡིད་སྨོན་བྱེད་ཅིང་མིག་དཔེ་འཇོག་གི་ཡོད་པའི་ཚོར་སྣང་བྱུང་། ཁོ་ཚོ་ལ་ཁག་མེད་དེ། ངའི་ཕྱི་ཡི་རྣམ་པ་མཐོང་བ་ཙམ་ལས་དོན་དངོས་ཐོག་ངའི་སྒྱིད་ལུག་གི་རྣམ་པ་འདི་དང་དུས་ཚོད་གང་མང་ཞིག་ཆུད་ཟོས་སུ་གཏོང་བ་མཐོང་གི་མེད་པས་རེད། གང་ལྟར་ངས་ཁོ་ཚོ་ལ་ཁ་མིན་སེམས་ཀྱི་གཏིང་ནས་བཀའ་དྲིན་ལན་བརྒྱར་ཞུ་བ་ཡིན། དེ་རིང་ངས་སླར་ཡང་འདི་ནས་དུས་ཚོད་གཅེས་འཛིན་གྱི་དམ་བཅའ་ཞིག་འཇོག་ཁུལ་བྱས་ཏེ་རང་སེམས་རང་གིས་བཅུན་ནས་རང་སྦྱོང་གི་དུས་ཚོད་ཞིག་དང་འཕྲིན་ཕྲན་སོགས་སྒོ་འཕྱེ་བའི་དུས་ཚོད་ཅིག་བཀོད་སྒྲིག་བྱེད་པའི་ཐབས་ལ་འབད་བཞིན། ན་མཉམ་གྲོགས་པོ་ཡོངས་ལ་ཅ་དངོས་གང་ཡིན་རུང་བེད་སྤྱོད་ཤེས་དགོས་ལ། དེ་ཚོ་ལ་སྣང་བ་གཡེང་དྲགས་པ་མ་ཡིན་པའི་ཐོག་ནས་ཚོད་འཛིན་དགོས་པའི་གྲོས་བསྡུར་ཞིག་ཀྱང་ཡིན་ཁུལ་བྱས་པ་ཡིན་ནོ།།།
གསལ་བཤད། འཕྲིན་ཕྲན་སྒོ་འཕྱེ་བའི་དུས། ཉིན་གུང་ཆུ་ཚོད་༡ནས་༢བར། དགོང་མོ་༩ནས་༡༠བར། དམིགས་བསལ་གྱི་འབྲེལ་བ་དགོས་ཚེ་སྐར་མ༡༥བར་འཕྱེ་རྒྱུ། གལ་སྲིད་གུས་པས་འཇོན་པའི་དོན་དག་འདྲ་ཡོད་ཚེ་ཁ་པར་གྱི་ལམ་ནས་འབྲེལ་བ་གནང་རོགས་ཞུ་བ་དེ་ཡིན།།
ཆེན་པོ་ཡིན་པའི་སྤོབས་པ་བཤད་པ་མིན།།
ཁ་བདེ་མིན་ལ་དོན་དངོས་བརྗོད་པ་ཡིན།།
རང་གིས་རང་ལ་བརྟག་དཔྱད་བྱས་པ་ཡིན།།
རང་གིས་རང་ལ་སྐུལ་མ་བཏང་བ་ཡིན།།
རང་གིས་དུས་ཚོད་གཅེས་འཛིན་དགོས་ཚུལ་ཡིན།།
རང་གི་སློབ་སྦྱོང་ཡར་རྒྱས་ཡོང་ཆེད་ཡིན།
་༢༠༡༣.༧.༢༤ཉིན །།