བོད་སྨན་བོན་ནག་ཁྲག་གི་སྒོ་ང་།
རྩོམ་པ་པོ། དཀོན་མཆོག་ཕྲིན་ལས།
མཚོ་སྔོན་པོ་བདོ་ཡིག་ཟིན་བྲིས་ལས་ནང་འདྲེན་བྱས།
རིག་པའི་དབང་ཕྱུག་གཤེན་རབ་མི་བོ་ཆེས། །
དཔྱད་བུ་ཁྲི་ཤེས་སོགས་ལ་གདམས་པའི་གཞུང་། །
སྨན་འབུམ་དཀར་ནག་དཔྱད་འབུམ་ཁྲ་བོ་སོགས། །
འབུམ་བཞི་མདོ་དགུའི་གསོ་རིག་བོད་ལ་དར། །
སྔ་དར་བོན་གྱི་ཤེས་ཆེན་བཅུ་གཉིས་ཞེས། །
ཆེད་ལས་རྒྱུན་བཟང་སོ་སོར་འཛིན་པ་ཡི། །
སྒང་བ་བོད་ཀྱི་གྲུབ་མཐའ་བཅུ་གཉིས་ལས། །
ཕན་ཤེས་སྨན་དཔྱད་པ་ཡིས་ལེགས་པར་སྤེལ། །
ཤཱཀྱའི་དབང་བོ་མཆོག་དང་འཚོ་བྱེད་གཞོན། །
ཀླུ་སྒྲུབ་དཔའ་བོ་སོགས་ཀྱི་གསོ་རིག་གཞུང་། །
ཁ་ཆེའི་པཎ་ཆེན་ཟླ་བ་མངོན་དགའ་དང་། །
ལོ་ཆེན་བེེ་རོ་ཙ་ནས་བོད་དུ་སྒྱུར། །
གཞན་ཡང་མཐའ་བཞིར་གནས་པའི་རྒྱལ་ཁམས་དང་། །
རྒྱལ་ཕྲན་དུ་མར་དར་བའི་གསོ་བྱེད་ལས། །
ལེགས་པའི་ཆ་ཀུན་སྤོ་རྒྱལ་བཙན་པོས་བསྡུས། །
སྲིད་པའི་རྩེ་མོ་སྨན་གྱི་ཞིང་དུ་གྱུར། །
འདྲེ་ཞེས་བྱ་བའི་རུས་ཚན་ལས་འཁྲུངས་ཀྱང་། །
ལྷ་ཞེས་གྲགས་པའི་རྒྱལ་བོའི་རྗེར་གྱུར་བ། །
ནད་པའི་གཡོག་པོར་འདུར་བའི་གཡུ་ཐོག་པ། །
སྨན་པའི་རྒྱལ་བོར་གྲགས་པ་དེ་ཉིད་བྱུང་། །
གང་དེའི་རྣམ་དཔྱོད་དུང་གི་ཟླ་བའི་གཟིས། །
སྨན་གཞུང་སྐར་ཚོགས་འབུམ་གྱི་བཅུད་བསྡུས་སྟེ། །
བོད་ཀྱི་གསོ་རིག་སྲིད་པའི་གངས་དཀར་ལ། །
རྒྱུད་བཞིའི་དྲི་མེད་འོད་དཀར་འབར་བར་མཛད། །
དུག་ནག་སྨན་དུ་སྒྱུར་བའི་རྣམ་དཔྱོད་ལས། །
ས་སྟེང་སྨན་མིན་ཅི་ཡང་མེད་པར་གྱུར། །
སྣ་ཚོགས་ནད་ཀྱིས་གདུངས་པའི་སྐྱེ་བོ་ཀུན། །
འཚེ་བྲལ་ཞི་བདེ་འབུམ་གྱི་དཔལ་ལ་སྦྱར། །
བྱང་ཟུར་དྭགས་པོ་དེའུ་དམར་དར་མོ་བ། །
སྡེ་སྲིད་འབྲི་གུང་ཆོས་གྲགས་ཐང་སྟོང་རྒྱལ། །
ཀོང་སྤྲུལ་ཁྲོ་རུ་ཚེ་རྣམ་འཇིགས་མེད་སོགས། །
དམ་པ་བགྲང་ལས་འདས་པས་རྒྱུན་བཟང་བསྐྱངས། །
འོན་ཀྱང་བདུད་རྩིའི་རྒྱུན་བཟང་འདི་ཡི་ཁུངས་། །
སུམ་རྩེན་ལྷ་ཡི་མཛེས་ལྗོངས་མ་ཡིན་པར། །
བོན་ནག་ཞིག་གི་ཁྲག་གི་སྒོ་ངར་སྣང་། །
གཏམ་འདིར་ཞེན་པ་མ་ལོག་ཞིབ་ཏུ་སོམས། །
ཕ་རྒན་གཤེན་རབ་བོན་ནག་མཐུ་བོ་ཆེའི། །
རྗེས་ཆགས་རིགས་ལ་བསྐྱིལ་པའི་སྙིང་གི་ཁྲག། །
དམོད་ཚིག་སྟོང་གིས་འདྲིལ་བའི་སྒོ་ང་ལས། །
བབས་པར་ཤེས་ནས་བུ་ང་ལྷག་ཏུ་དང་། །
ཁྱོད་ཀྱང་བདུད་རྩའི་རྒྱུན་འདིར་རོལ་བའི་རྗེས།།
མི་ལོ་སྟོང་ཕྲག་མང་བོའི་ཆར་རླུང་ཁྲོད། །
དུར་མིག་བོད་ལ་འཕེན་པའི་སྟོན་མཆོག་དེའི། །
དབུ་སྐྲའི་ལྕང་ལོར་བྱིལ་བྱིལ་ཞུས་ན་འགྲིག །
སྒ་ཡུལ་གཡུ་ཐོག་སྨན་ཁང་སྨན་པ་འགར། །
གསོ་རིག་དཔེ་ཁྲིད་རེ་ཞིག་གྲུབ་པའི་ཉིན། །
རྒྱུ་དྲུག་ཚང་བ་བསྟན་བཀྲ་སོགས་ཀྱི་ངོར། །
མདོ་སྨད་འཁྱམ་པོའི་ངག་ནས་འདི་ཡང་བརྡོལ། །
2012.8.15 ཉིན་བྲིས།