རྨི་ལམ་ནང་གི་མཇལ་འཛོམས།
༼ རྟུལ་ཕོད ༽ བཀླགས་པའི་དྲིན།
དེ་རིང་ནི་སྤྱི་ཟླ་ལྔ་པའི་ཚེས་༣༠་ཐམ་པ་ཏག་ཏག་ཡིན་ཞིང་།
དགུང་ཉི་མའི་འོད་ཟེར་སྔར་ལས་ཚ་ཞིང་།ལུས་གཟུགས་གཞི་འདི་ཡི་
སྣང་ཁམས་ཤིན་ཏུ་ཉོབ།ནམ་རྒྱུན་བཞིན་ལས་གྲྭ་རུ་ཐམ་འཐོམ་དུ་ཕྱིན་ནས་
ལས་དོན་ཁག་སྒྲུབ་གང་ཐུབ་བྱས།དེ་ནས་དྲྭ་ཁང་དུ་འགྲོ་བའི་འདུན་པ་བྱུང་ཡང་།
མིག་ཤེལ་སོགས་ཁྱེར་མེད་པས་ཐད་ཀར་རབ་བསིལ་དྲི་མེད་མདངས་གསལ་དུ་
ལོག་ནས་ལས་གྲོགས་དང་ལྷན་དུ་ཁ་ཟས་གཡོས་སྦྱོར་ལ་བྲེལ་ནས་བཟའ་བཏུང་བྱས།
དེ་ནས་སོ་སོའི་དགའ་ཕྱོགས་དང་མཐུན་པའི་དཔེ་དེབ་རེ་བལྟ་རྒྱུའི་གྲ་སྒྲིག་ལ་རོལ། ངས་ཀྱང་རིག་རྒོད་སེང་རྡོར་གྱིས་བརྩམས་པའི་༼རྟུལ་ཕོད༽ཀྱི་མགོ་
བརྗོད་ནས་རིམ་བཞིན་མྱོང་རོལ་དུ་ཕྱིན།
ཁོང་གི་ལྗགས་རྩོམ་རྣམས་ནི་བརྗོད་བྱ་རྗོད་བྱེད་གང་གི་ཐོག་ནས་ང་ལྟ་བུའི་
མ་བཤད་ཀྱང་ཁོང་གི་སྙན་རྩོམ་ཀློག་མཁན་ཚང་མས་ཤེས་གསལ་ལྟར་རེད།
ཁོང་གི་སྙན་རྩོམ་དག་ནི་གཞན་དང་མི་འདྲ་བའི་ཁྱད་བོན་ནི་ཀློག་ཡོང་བའི་
སྐབས་སུ་རྫིག་ཉམས་དོད་ལ།ཚིག་སྦྱོར་བདེ་བ།སྙན་ཆ་དོད་པ།
སྙན་རྩོམ་མང་ཆེ་བའི་གོ་དོན་ཅུང་རྟོགས་སླ་བ།
ཀློག་པ་པོས་ཐེངས་ག་ཚོད་བཀླགས་ཀྱང་སུན་སྣང་མི་སྐྱེ་བ་སོགས་ཀྱི་
དགེ་མཚན་ཤིན་ཏུ་ནས་མང་ངོ་།དེ་ནས་འཁྱུག་ཙམ་ཞིག་ལ་དགོང་མོའི་ཆུ་ཚོད་
བཅུ་གཉིས་ཙམ་ཟིན་ལ་ཉེ་བས་སྐབས་དེར་ཏག་ཏག་ཁོང་གི་སྙན་རྩོམ
་༼ ལོ་ཟླའི་མིག་ཆུ ༽ཞེས་པ་དེར་སླེབ་འདུག
དེའི་མགོ་བརྗོད་ནས།
བུ་མོ་ཆུང་ཆུང་ཞིག་ཚེ་རིང་དབྱངས་ཅན། །
བུ་ཕོ་ཆུང་ཆུང་ཞིག་ནོར་བུ་སྟོབས་ལྡན། །
ཞེས་སོགས་བྲིས་འདུག་པ་མཐོང་དུས་ཕོ་མོའི་བརྩེ་དུང་སྐོར་གྱི་ཡིན་ ཚོད་འདུག་སྙམ་ནས་དེ་བས་ཀྱང་ཀློག་འདོད་ཀྱི་མོས་པ་སྐྱེས་ནས་རིམ་བཞིན་
ཀློག་པའི་སྐབས་སྙན་རྩོམ་དེའི་ནང་ང་དང་གངས་དཀར་ལྷ་མོ་ངེད་གཉིས་ཀྱི་
བརྩེ་དུང་ལ་རྨ་ཁ་བྱུང་ཚུལ་ལྟ་བུའི་བརྗོད་བྱ་ ཤིན་ཏུ་མང་གི །ངས་ལག་པ་བྲང་ལ་སྦྱར་ཏེ་དབུགས་རིང་འདྲ་གཏོང་བཞིན་ལྟོགས་པ་ཟས་འདོད་
བཞིན་ཡང་སྐོར་བསྐྱར་སྐོར་གྱིས་ཐེངས་མང་བལྟས།དེ་ནས་རང་སེམས་རང་གསོའི་
ཚུལ་དུ།སེམས་ངོགས་ནས་བཞུར་བའི་ལྷད་མདེ་དྭངས་གཙང་ཆུ་ཐིགས་དེ་
ཤོག་ངོས་སུ་ཕབ་འགོ་བཙུག།
སེམས་ནང་གི་གངས་དཀར་ལྷ་མོ། །
ཟླ་ཁ་ཤས་འབྲེལ་བ་མེད་རིང་། །
ལུས་གཟུགས་གཞི་བདེ་མོ་ཨི་ཡིན། །
གནམ་གཤིས་ཀྱི་གྲང་དྲོད་སྙོམ་མམ། །
ལས་དོན་ལ་བྲེལ་བ་ཆེ་འམ། །
ཁྱོད་ཕྱོགས་ཀྱི་དྲིན་ཆེན་ཕ་མའི། །
ལུས་སྐུ་ཁམས་བདེ་མོ་ཨི་རེད། །
ཁྱོད་ངེད་གཉིས་ལས་དབང་འདི་བཞིན། །
ཚེ་སྔོན་མའི་ལན་ཆགས་ཡིན་ནམ། །
དུས་ད་ལྟའི་བར་ཆད་ཡིན་ནམ། །
ངའི་ཡ་ཆུང་སེམས་ཀྱི་གཏིང་ན། །
ཁྱོའི་གྲིབ་གཟུགས་སྔར་ལྟར་ལུས་འདུག །
ཁྱོད་འཁྲེང་བའི་བརྩེ་སེམས་དེ་ནི།།
དུས་བཞི་ལ་འགྱུར་བ་མེད་པའི། །
སྔོ་ལྗང་གི་ལྷ་ཤུག་ལྟར་གནས། །
ལག་ཐོག་གྱི་ཁ་པར་ནང་དུ། །
ཁྱོའི་ཨང་གྲངས་པར་རིས་མཐོང་དུས། །
ཁམས་བདེ་ཡི་འཚམས་འདྲི་ཞུ་འདོད། །
དེ་སྔོན་ལྟར་ཁྱོད་དང་ང་གཉིས། །
སེམས་ཁོང་ནས་འཕྱུར་བའི་སྙིང་གཏམ། །
ཉིན་གཅིག་ནང་ལས་ཀ་གང་བྱས། །
ཁ་པར་གྱི་འཕྲིན་ཐུང་བརྒྱུད་ནས། །
མ་གསང་པར་ལྷུག་པོར་སྨྲ་བསམ། །
མདོ་མེད་ཀྱི་བུ་རུལ་ང་ལ།
སེམས་པ་འདི་རང་ལ་དབང་རུང་། །
ལུས་པོ་འདི་རང་དབང་མི་འདུག།
སྔོན་ལས་དང་བར་ཆད་དབང་གིས། །
ཁྱོད་ང་ལ་མ་དབང་ལུས་ཐལ། །
ལས་འདི་ལ་སྣང་བ་སྐྱོ་གི །
དོན་འདི་ལ་ཡིད་རེ་ཕམ་གི །
དོན་འདི་འདྲས་སེམས་རེ་ན་གི །
ཡིད་ཕམ་པའི་སྐྱོ་གླུ་ངོ་མ།
ཞེས། སེམས་ཁམས་ཤིན་ཏུ་ཉོབ་པས་མལ་ལ་ཉལ་ནས་བསམ་བློ་འདྲ་
གཏོང་བཞིན་གཏི་མུག་གཉིད་ལ་ཡུར་ཐུབ་པའི་རེ་བ་བྱས།
དེ་ནས་ཕལ་ཆེར་ཐོ་རེངས་མཚམས་སླེབ་དུས།
མཐའ་ཡས་པའི་སྤང་ལྗང་སྟེང་དུ། །
ཕྱུག་དཀར་ནག་ཁྱུ་ལ་ཁྱུ་མཐུད། །
དེའི་རྗེས་སྙེགས་རྗི་བོའི་གླུ་ཆུང་། །
སྐད་ངག་དེ་རྣ་བར་སྙན་གི །
མཁའ་དབྱིངས་ནས་ནམ་མཁའི་ལྷ་མོས།
སྦྲང་ཆར་གྱི་དངོས་འགྲུབ་སིམ་སིམ། །
ཞིང་ཁའི་ནང་འབྲུ་དྲུག་སྙེ་མས། །
རྩེད་དགའ་ཡི་མགོ་ལྕོག་ལྡེམ་ལྡེམ། །
རྩི་ཤིང་གི་འདབ་ལོ་རྒྱས་པས།
རྐང་དྲུག་ཡང་རང་འཁོར་ཤིག་ཤིག །
ད་བར་དུ་འགྲོ་མྱོང་མེད་པའི། །
ཡིད་འོང་བའི་ས་ཞིག་སླེབ་འདུག །
ཕུ་གངས་རི་དཀར་པོའི་བརྗིད་ཉམས། །
སྤྲིན་དཀར་གྱི་འདབ་མའི་གོས་གྱོན། །
བར་རྫ་རི་སྨུག་པོའི་རྫིག་རྔམ། །
དེ་མཐོང་བ་ཙམ་གྱིས་ཡིད་སྤྲོ། །
གཤམ་སྤང་ལྗང་སྔོན་མོའི་མཛེས་སྡུག །
གནས་སུམ་རྩེན་ས་ལ་འཕོས་འདྲ། །
ཡིད་འོང་བའི་ཞིང་ཁམས་དེ་རུ། །
སེམས་ནང་གི་གངས་དཀར་ལྷ་མོ། །
མ་བགྲོས་ཀྱང་མཉམ་དུ་འཛོམས་སོང་། །
ཆེས་ཤིན་ཏུ་དགའ་བའི་བུ་མོའི། །
མིང་བོས་ཏེ་ལག་ནས་འཇུས་ཏེ། །
མཐའ་མེད་ཀྱི་རྩྭ་ཐང་ཐོག་ཏུ། །
ཕན་ཚུན་བར་སྙིང་གཏམ་གླེང་བཞིན། །
མདུན་བསྐྱོད་ཀྱི་ལམ་ལ་ཆས་སྐབས། །
མཁའ་དབྱིངས་ནས་ཁུ་བྱུག་སྔོན་མོས། །
འཕུར་ལྡིང་ངང་གསུངས་སྐད་ལྷང་ལྷང་། །
མེ་ཏོག་ཚོས་མཚར་སྡུག་ངོམ་བྱུང་། །
དགའ་སྣང་གི་མགོ་ལྕོག་ལྡེམ་ལྡེམ། །
གཡུ་སྦྲང་གིས་སྐྱེལ་མ་གནང་ནས། །
སྐྱིད་སྣང་ཁྲོད་གཞས་ཆུང་ལྷང་ལྷང་། །
ངའི་སྙིང་སྡུག་གངས་དཀར་ལྷ་མོའི། །
སྐུ་གཟུགས་ནི་ཙ་རིའི་སྨྱུག་མ། །
ཞལ་རས་ནི་སྐར་གསལ་ཟླ་བ། །
སྤྱན་མིག་ནི་ནམ་མཁའི་སྐར་རྒྱན། །
མཛངས་མ་ཡི་ཡོན་ཏན་ཀུན་ཚང་། །
མུ་མཐུན་ནས་མདུན་དུ་བསྐྱོད་སྐབས། །
སྦྲང་ཆར་ཡང་སིམ་སིམ་བབ་བྱུང་། །
ངེད་གཉིས་པོ་གྲོས་མཐུན་བྱས་ནས། །
སྐྱིད་ལ་ཁའི་རྩྭ་ལ་མཉམ་བཟའ། །
སྡུག་སྔོ་མོའི་ཆུ་ལ་མཉམ་འཐུང་། །
དཔེ་དེ་ལྟར་བྱེད་རྒྱུའི་དམ་བཅས། །
ཕན་ཚུན་གྱི་ངོ་གདོང་བལྟ་དུས། །
ཁྱོའི་འཛུམ་མདངས་སྔར་ལས་རྒྱས་འདུག །
རེ་བ་དང་ཡིད་ཆེས་ཀྱི་ཁེངས་འདུག །
དོན་འདི་འདྲ་དངོས་སུ་ཡིན་པའི། །
རེ་དོག་གི་འཕྲང་ལམ་དེ་ནས། །
གློ་བུར་དུ་གཉིད་ལས་སད་སོང་། །
ཁྱོ་དངོས་སུ་མཐོང་རྒྱུ་མེད་པས། །
རྨི་ལམ་གྱི་སྒྱུ་མའི་ཞིང་ནས། །
ཁྱོད་འཕྲད་པ་གཞི་ནས་ཤེས་ཟིན། །
མཆོག་གསུམ་ལ་གསོལ་བ་བཏབ་ཏེ། །
ཡིད་སེམས་འོ་ཆུ་ལྟར་འདྲེས་པའི། །
གནམ་འོག་གི་ཕོ་མོའི་དབར་ལ། །
རྒྱུ་རྐྱེན་དུ་མ་ཡི་དབང་གིས། །
ཁ་བྲལ་དུ་མེད་པའི་སྨོན་ལམ། །
༢༠༡༢ལོའི་ཟླ་༥པའི་༣༠ཉིན