སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོད་ཀྱི་སྤུ་རྒྱལ་རིམ་བྱུང་ལ་ཞང་སྐད་ཀྱིས་མིང་།  ༼  འོས་སྦྱོར། ༽
[ 2012/1/16 19:19:00 | By: ལྷ་གཡག་དར་མ། ]
 

བོད་ཀྱི་སྤུ་རྒྱལ་རིམ་བྱུང་ལ་ཞང་སྐད་ཀྱིས་མིང་

བཏགས་ཡོད་པའི་སྐོར་ལ་ཕྲན་ཙམ་དཔྱད་པ། །

རྒན་གྱའི་གཡུང་དྲུང་སྐྱབས། 

གླེང་གཞི།

ཞང་ཞུང་རིག་གནས་ནི་ལོ་རྒྱུས་ཀྱི་ཡུན་ཧ་ཅང་རིང་ལ།གནའ་བོའི་དུས་སུ་མདོ་དབུས་མཐོ་སྒང་གི་ཡུལ་ཁམས་

མང་པོ་ཞིག་ཀྱང་ཞང་ཞུང་གི་མངའ་ཁོངས་སམ་ཞང་ཞུང་རིག་གནས་ཀྱི་ཁྱབ་ཁོངས་སུ་ཚུད་ཡོད་པས། 

ཡུལ་ཁམས་དེ་གརགནས་བའི་མི་རིགས་གང་ཞིག་ཡིན་ཀྱང་། ལྟ་བ་དང་འདུ་ཤེས།བསམ་བློ་གང་ཅིའི་ཐད་ལ་

རིག་གནས་དེ་ཉིད་ཤུགས་རྐྱེན་གཏིང་ཟབ་མོ་ཐེབས་ཡོད་པ་བརྗོད་མ་དགོས། དེ་བཞིན་བོད་མི་རིགས་ཀྱང་

གནས་ལུགས་དེ་ལས་མ་འགོང་སྟེ་ཧ་ལམ་བོད་རྒྱལ་ཁྲི་སྲོང་ལྡེ་བརྩན་གྱི་བར་ཞང་ཞུང་རིག་གནས་ཀྱི་

དབང་བསྒྱུར་འོག་ནས་འཚོ་སྡོད་བྱས་པས། ཞང་ཞུང་རིག་གནས་ཀྱི་བག་ཆགས་ཤ་རུས་བའི་རྐང་ལ་ཟུག་

ཡོད་པ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཅིག་རེད། རྒྱུ་རྐྱེན་དེ་དག་གི་དབང་གིས་བོད་རྒྱལ་ཐོག་མ་གཉའ་ཁྲི་བརྩན་པོ་

ནས་འུ་དུམ་བརྩན་པོ་བར་གྱི་སྤུ་རྒྱལ་རིམ་བྱུང་ལ་ཞང་སྐད་ཀྱིས་མིང་བཏགས་ཡོད་མོད་རྗེས་སུ་དུས་

ཀྱི་བཞུར་རྒྱུན་གྱི་ཁྲོད་ནས་རྒྱལ་པོ་རེ་འགའི་ཞང་སྐད་ཀྱིས་བཏགས་པའི་ཐོག་མའི་མིང་དེ་བསྐྱུར་

ནས་གཏམ་རྒྱུད་ལ་སྦྱར་བའི་མིང་གསར་བ་རེ་བཏགས་པའམ།ཡང་ན་རྒྱལ་བོ་རྣམས་ཀྱི་མིང་ཞང་སྐད་

ཡིན་སྟབས་ཞང་སྐད་ལྟར་གོ་བ་མ་བླངས་ན་བོད་སྐད་ལྟར་དོན་གོ་རྒྱུ་མེད་པས། ལོ་རྒྱུས་སྨྲ་བ་འགའ་རེས་

བོད་སྐད་ཀྱི་སྟེང་ནས་ཅི་འདོད་བཞིན་གོ་བདེར་བསྒྱུར་ཏེ་དོན་དངོས་ཀྱི་ལོ་རྒྱུས་ལ་རྙོག་དྲ་བཟོ་བཞིན་པ་དང་།

ཅོ་ཆུང་ཕྱོགས་རིས་ཅན་འགའ་རེས་བསམ་གཟེ་ནས་ཞང་སྐད་ཀྱི་མིང་དེ་མི་བཀོལ་བར་རྗེས་བཏགས་ཀྱི་

མིང་བཀོལ་ཏེ་ལོ་རྒྱུས་ལ་མགོ་རྙོག་ཅི་རིགས་བཟོ་བཞིན་པ་སོགས་ཀྱིས་བོད་རང་གི་ལོ་རྒྱུས་ཀྱི་སྤྱི་ཁོག་ལ་

སླད་སྐྱོན་སྣ་ཚོགས་རྒྱག་བཞིན་པ་སོགས་ཀྱིས་བོད་རང་གི་ལོ་རྒྱུས་ཀྱི་སྤྱི་ཁོག་ལ་སླད་སྐྱོན་སྣ་ཚོགས་རྒྱག་

བཞིན་པས་དམིགས་ཏེ། བདག་གིས་བོན་གྱི་ཡིག་རྙིང་དང་ཕྱོགས་རེས་ཀྱིས་མ་བསླད་པའི་ལོ་རྒྱུས་ཀྱི་དེབ་ཐེར་

འགའ་རེར་ཁོངས་བཅོལ་ཏེ།སྤུ་རྒྱལ་རིམ་བྱུང་ལ་ཞང་སྐད་ཀྱིས་མིང་བཏགས་ཡོད་པའི་སྐོར་ལ་ཕྲན་ཙམ་

དཔྱད་པར་སྤྲོའོ། །

ས་བཅད་དང་པོ།  སྤུ་རྒྱལ་རིམ་བྱུང་ལ་མིང་འདོགས་མཁན་སུ་ཡིན་ལ་དཔྱད་པ། 

༡༽སྤུ་རྒྱལ་རིམ་པའི་སྐུ་གཤེན་བཤད་པ།༼རྣམ་འབྱེད་འཕྲུལ་གྱི་ལྡེ་མིག༽ལས།གནམ་རི་སྲོང་བཙན་ཡན་ཆད་དུ།

རྒྱལ་རབས་སུམ་ཅུ་རྩ་གསུམ་ལ།ཆབ་སྲིད་འཛིན་པའི་རྒྱལ་པོ་རེ།འདྲེན་པའི་སྐུ་གཤེན་རེ།སྐད་བསྒྱུར་བའི་ལོ་པཎ་རེ།

ཞེས་དང་༼བསྒྲགས་བྱང་ལས༽དེ་ཡན་ཆད་དུ་བོད་འདི་ན་བོན་མེད་པ་ལ།དེ་སྤྱད་པའི་ཡན་ཏན་གྱིས་རྗེ་བླ་ན་

མངའ་ཐང་མཐོ།འབངས་འགོ་ན་བདེ་སྐྱིད་ལྡན། ཞེས་པས།ཁྲི་སྲོང་བརྩན་ཡན་ཆད་དུ་བོད་ཁམས་

ཡོངས་རྫོགས་སུ་ཞང་ཞུང་རིག་གནས་གཞན་པ་མེད་ལ།ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་འདི་ཁོ་ནས་

ཡུལ་ཁམས་འདི་ན་འཚོ་བཞིན་པའི་བོད་མི་རིགས་ཀྱི་བསམ་བློ་དང་འདུ་ཤེས།ལྟ་བ་སོགས་གསར་བཞེངས་

བྱེད་བཞིན་པ་གསལ་བོར་མཚོན་ཡོད།དེ་བས་སྐབས་དེ་དུས་སུ་བོད་མི་རིགས་ཀྱི་ལུགས་སྲོལ་དང་དད་མོས།

བེད་སྤྱོད་ཚང་མ་ཞང་ ཞུང་རིག་གནས་ནང་བཞིན་གོམས་ཡོད་པ་ཆོས་ཉིད་དུ་གྲུབ་པས།སྤུ་རྒྱལ་བཙན་པོ་

རིམ་བྱུང་ལ་མིང་འདོགས་པའང་ཞང་སྐད་དང་སྐུ་གཤེན་རྣམས་ལ་ཐད་དཀར་འབྲེལ་བ་ཡོད། 

སྤྱིར་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱི་དུས་སུ་བོན་ཆོས་རྒྱ་ཆེར་བསྣུབས་ཀྱང་། བོན་གྱི་སྐུ་གཤེན་འདྲེན་པའི་

སྲོལ་དེ་སྤུ་རྒྱལ་མཐའ་མ་འུ་དུམ་བརྩན་གྱི་བར་དུ་རྒྱུན་བཅད་མེད་དེ། 

གཉའ་ཁྲི་བཙན་པོར་སྐུ་སྲུང་གི་

གཤེན་པོ་གཉིས་བྱུང་བ་སྟེ། 

མཚེ་མི་དམུ་རྒྱལ་དང་གཅོའུ་ཕྱག་དཀར་གཉིས་སོ། 

མུ་ཁྲི་བཙན་པོའི་སྐུ་གཤེན་གཅོའུ་ལན་ཆས་མཛད། དིང་ཁྲི་བཙན་པོའི་སྐུ་གཤེན་གཅོའུ་སྨིན་དཀར་གྱིས་མཛད།

སོ་ཁྲི་བཙན་པོའི་སྐུ་གཤེན་གཅོའུ་འོད་དཀར་གྱིས་མཛད།དར་ཁྲི་བཙན་པོའི་སྐུ་གཤེན་མཚེ་མི་ཟུང་སྨན། 

དྭགས་ཁྲི་བཙན་པོའི་སྐུ་གཤེན་དག་པ་མི་ཆེན།  སྲིབ་ཁྲི་བཙན་པོའི་སྐུ་གཤེན་གཅོའུ་ཞལ་དཀར། 

གྲི་རུམ་བཙན་པོའི་སྐུ་གཤེན་ཕ་བ་མཚེ་གཅོ།སྤུ་ལྡེ་གུང་རྒྱལ་གྱི་སྐུ་གཤེན་ཞང་ཞུང་ཚེའི་རྒྱལ་པོ། 

ཨ་ཤོ་ལེགས་ཀྱི་སྐུ་གཤེན་ཞང་ཞུང་མཁས་པ་ཉི་ཤུ། དེ་ཤོ་ལེགས་ཀྱི་སྐུ་གཤེན་འཛི་བོན་ཁོད་དེ།

 ཐི་ཤོ་ལེགས་ཀྱི་སྐུ་གཤེན་གཅོ་བདུད་ཀྱི་མདུད་བཀྲོལ། གུ་རུ་ལེགས་ཀྱི་སྐུ་གཤེན་མཚེས་པ་གནམ་འདུལ། 

འབྲང་ཞི་ལེགས་ཀྱི་སྐུ་གཤེན་ཡེ་གཤེན་བདུད་འདུལ། ཨི་ཤོ་ལེགས་ཀྱི་སྐུ་གཤེན་འཛི་བོན་ཁ་ཏོར། 

ཟིན་ནམ་ཟིན་ལྡེའི་སྐུ་གཤེན་ཞང་ཞང་གཡུང་དྲུང་རྒྱལ་བོ། ལྡེ་འཕྲུལ་ནམ་ཞུང་བཙན་གྱི་སྐུ་གཤེན་ཞང་ཞུང་མཚེ་མི་ཀུན་སྣང་།

སེ་སྣོལ་གནམ་ལྡེའི་སྐུ་གཤེན་ཞང་ཞུང་དོན་རྟོགས་རྒྱལ་བོ།སེ་སྣོལ་བོ་ལྡེའི་སྐུ་གཤེན་ཞང་ཞུང་ཨ་པོ་གཙུག་ཕུད།

ལྡེ་སྣོལ་ནམ་གྱི་སྐུ་གཤེན་ཞང་ཞུང་ཨ་པོ་གཙུག་ཕུད།ལྡེ་སྣོལ་ནམ་གྱི་སྐུ་གཤེན་ཞང་ཞུང་ཨ་ལ་དམ་ཅི།

ལྡེ་སྣོལ་པོའི་སྐུ་གཤེན་ཞང་ཞུང་ད་ར་མ་ཧ་ཏི། ལྡེ་རྒྱལ་པོའི་སྐུ་གཤེན་ཞང་ཞུང་ད་པ་ཧ་ཏི། 

ལྡེ་སྲིན་བཙན་གྱི་སྐུ་གཤེན་ཞང་ཞུང་མུ་ལ་མ་ཧོ།རྒྱལ་ཏོ་རེ་ལོང་བཙན་གྱི་སྐུ་གཤེན་ཞང་ཞུང་ཏ་ར་ལ་ཧ་རི་ཏི།

 ཁྲི་བཙན་ནམ་དང་ཁྲི་སྒྲ་དཔུང་བཙན།ཁྲི་ཐོག་རྗེ་བཙན་འདི་གསུམ་གྱི་སྐུ་གཤེན་ཞང་ཞུང་མུ་ལ་ཧ་རྒྱལ་གྱིས་མཛད།

ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐུ་གཤེན་གཅོའུ་བོན་པོ་གཡང་སྐྱེས།ཚེའི་བོན་པོ་འདུས་སྲོང་།

འདྲིའི་བོན་པོ་ཤོ་ཏྲི་གསུམ་གྱིས་བྱས།ཁྲི་གཉན་བཟུང་བཙན་གྱི་སྐུ་གཤེན་ཁུའི་བོན་པོ་མ་སྒྲ་ལེགས་པ། 

འབྲོང་སྙན་ལྡེའུ་བཙན་གྱི་སྐུ་གཤེན་ཁུའི་བོན་མང་རྗེ་ལོད་པ། 

སྟག་གུ་སྙན་གཟིགས་ཀྱི་སྐུ་གཤེན་རང་སངས་ཁྲི་ནེ་ཁོད།

གནམ་རི་སྲོང་བཙན་གྱི་སྐུ་གཤེན་གཅོའི་བོན་པོ་ཁྲི་ཕྱུང་གྲགས་པ།

ཁྲི་སྲོང་བརྩན་གྱི་སྐུ་གཤེན་གཅོ་བོན་གནམ་ལ་སྐྱེས་དང་སུམ་བོན་རྒྱལ་དབང་། 

དགུང་སྲོང་དགུང་བཙན་གྱི་སྐུ་གཤེན་ཞང་ཞུང་ཁྱུང་སྐར། མང་སྲོང་མང་བཙན་གྱི་སྐུ་གཤེན་ཁྱུང་པོ་སྟག་སྒྲ།

  རླུང་སྲོལ་འཕྲུལ་གྱི་སྐུ་གཤེན་ངན་ལམ་སྤེ་ནེ་གུ། ཁྲི་རྗེ་གཙུག་བརྟན་གྱི་སྐུ་གཤེན་ངན་ལམ་ཀླུ་ཁོང་། 

 ཁྲི་སྲོང་ལྡེ་བཙན་གྱི་སྐུ་གཤེན་སྤེ་ནེ་གུ་དང་བེ་ཤོད་ཀྲམ་མོ། མུ་ནེ་བཙན་པོའི་སྐུ་གཤེན། 

མུ་རུམ་བཙན་པོའི་སྐུ་གཤེན། ཁྲི་གཙུག་ལྡེ་བཙན་ནམ་རལ་བ་ཅན་གྱི་སྐུ་གཤེན་ཁྱུང་པོ་སྟག་སྒྲ་དུན་བཙུན་དང་

ཞང་ཞུང་བོན་པོ་དུན་ཏང་གྱིས་བྱས་པ་སོགས་སྤུར་རྒྱལ་རིམ་བྱོན་ཚང་མར་སྐུ་གཤེན་རེ་ཡོད་ལ། 

སྐུ་གཤེན་ཚང་མ་ཞང་ཞུང་ནས་གདན་འདྲེན་དགོས་པ་བོད་ཀྱི་དེབ་ཐེར་ཁག་ནས་གསལ་ལ་སྐབས་དེ་དུས་

སུ་སྐུ་གཤེན་རྣམས་ཀྱིས་རྒྱལ་བོའི་སྐུ་བླའི་ལས་འགན་ཅི་རིགས་གཉེར་བཞིན་པའི་མི་ཚད་མཚམས་རེར་

རྒྱལ་བོའི་སྲིད་ལའང་ཐེ་གཏོགས་བྱེད་བཞིན་པ་དེབ་ཐེར་ཁག་ཏུ་གསལ་ཏེ།༼  ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ ༽ ལས།

ད་ལྟ་རྒྱལ་གཤེན་དོ་མཉམ་པ་ཙམ་གདའ་སྟེ།སྲས་དབོན་རྣམས་ཀྱི་སྐུ་རིང་ལ་རྒྱལ་སྲིད་བོན་པོས་འཁྱེར་བར་འཆིའོ། 

ཞེས་པ་ཡིས། དུས་སྐབས་དེའི་སྐུ་གཤེན་རྣམས་ཀྱི་བླ་ན་མཐོ་བའི་གོ་གནས་དང་ཞང་ཞུང་རིག་གནས་ཀྱི་གནས་བབས་གསལ་བོར་རྟོགས་ནུས། 

༢ ༽ རྒྱལ་བོ་དང་སྐུ་གཤེན་ཚོའི་འབྲེལ་བ་བཤད་པ། 

༼ རྣམ་འབྱེད་འཕྲུལ་གྱི་ལྡེ་མིག ༽ལས།ཆབ་སྲིད་འཛིན་པའི་རྒྱལ་པོ་རེ།འདྲེན་པའི་སྐུ་གཤེན་རེ། 

ཞེས་པ། འདི་གཙོ་བོ་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པ་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱི་བར་དུ་

བཤད་བཞིན་ཡོདནའང་། རྒྱལ་བོ་རེ་སྐུ་གཤེན་རེ་ཡོད་པ་སྤུ་རྒྱལ་མཐའ་མ་ཁྲི་དར་མ་ཨུ་དུམ་

བརྩན་གྱི་བར་དུ་ཡོད་པ་སྔར་བཤད་ཟིན།  གཤེན་པོ་ཞེས་པ་ཞང་སྐད་དེ་བོད་སྐད་ལྟར་ན་བླ་

མ་ཞེས་བའི་དོན་ཡིན།དེས་ན་སྐུ་གཤེན་ཞེས་པ་ལས་སྐུ་ཞེས་པ་རྒྱལ་བོའི་སྐུ་ལ་གོ་བ་དང་

གཤེན་ཞེས་པ་བླ་མ་ཡིན་པས།རྒྱལ་བོའི་སྐུ་བླའམ་དབུ་བླ་ཞེས་པའི་དོན་ཡིན་ལ།གཙོ་བོ་རྒྱལ་པོར་ལེགས་

ཉེས་གང་རུང་གི་དོན་རྐྱེན་ཡོད་ཚེ་རིམ་གྲོ་བསྒྲུབ་པ་དང་རྒྱལ་བོའི་སྐུ་ཚེ་བར་ཆད་དང་གེགས་རྐྱེན་ཅི་རིགས་དང་འཕྲལ་ཚེ་འགལ་རྐྱེན་ཕྱིར་བཟློག་པ། རྒྱལ་པོ་ཆེས་ཐོག་མའི་མཚན་གསོལ་བ་

སོགས་ཀྱི་ལས་འགན་གཉེར་གྱི་ཡོད་དེ། ༼དུང་དཀར་ཚིག་མཛོད་ཆེན་མོ ༽ལས།རྒྱལ་བོའི་རིམ་འགྲོ་

བྱེད་མཁན་ཀྱི་བོན་པོ་རྣམས་ལ་ཞེ་སའི་ཚིག་གིས་འབོད་པའི་སྐུ་གཤེན་དང་སྐུ་བོན་ཟེར། ཞེས་པ་དང་། 

༼ བོན་ཆོས་དར་ནུབ་ཀྱི་ལོ་རྒྱུས་བསྒྲགས་པ་རིན་ཆེན་གླིང་གྲགས ༽ ལས།

དང་པོ་མིང་གི་ཡིག་ཚང་གནང་བ་བ་ནི།རྒྱལ་བོའི་སྐུ་འཚོ་བ་ནས་སྐུ་གཤེན་དུ་མཚན་གསོལ། 

ཞེས་པ།༼ཞང་བོད་ལོ་རྒྱུས་ཏི་སེའི་འོད༽ལས།སྤྱིར་བཏང་བོད་ཀྱི་རྒྱལ་བོ་རྣམས་ལ་རྒྱལ་བོའི་

སྐུ་འཚོ་བའི་གཤེན་པོ་རེ་དང་། སྐབས་འགར་རྒྱལ་བོའི་གདུང་རྒྱུད་སྐྱོབས་པའི་ཕ་བ་རེ་བཅས་བླའི་

མཆོད་གནས་བོན་པོ་རེའམ་གཉིས་རེ་བྱུང་ཡོད་པ་དེ་དག་བཀའ་བགྲོས་རེ། 

བཙན་པོ་སྲས་རྣམས་ཚན་ཁྲུས་ནས་ཕྱུངས་རྗེས་སུ་གནའ་ལུགས་དང་མཐུན་པའི་མཚན་རེ་གསོལ་བའི་སྲོལ་ལུགས་ཡོད་ཞེས་པ། 

༼ བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ ༽ ལས།སྐུ་གཤེན་ཕ་བ་གཙེ་གཅོའི། 

མཚན་ཡང་གྲི་རུམ་བཙན་པོར་བཏགས། ཞེས་པ།༼ ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། ༽ ལས། 

གཤེན་གཅོ་ལྡན་མཚོ་མགྲོན་ཞེས་པ་ལ་བསྟན་པས། འདི་བོད་ཀྱི་རྗེ་བོར་འོས་སོ་ཞེས་གསུངས་ཏེ་ཚན་ཁྲུས་

བྱས་ཏེ་མིའི་རྗེ་གཉའ་ཁྲི་བཙད་པོར་མཚན་གསོལ་ནས་བོད་ཀྱི་རྒྱལ་སར་ཕྱུང་ངོ་།ཞེས་པ་སོགས་ལས་

སྐུ་གཤེན་ཚོ་དང་རྒྱལ་པོའི་བར་དུ་འབྲེལ་བ་དམ་ཟབ་ཅན་ཡོད་ལ། རྒྱལ་བོ་སུ་ཡིན་ཀྱང་མིང་ཐོག་མ་འདོགས་མཁན་དེ་སྐུ་གཤེན་

ཚོ་ཡིན་པ་གསལ་བོར་བསྟན་ཡོད། ལུགས་སྲོལ་རྙིང་བ་དེ་ད་ལྟའི་དུས་སུ་ང་ཚོའི་ཚོ་བའི་ནང་དུའང་མ་ཉམས་པར་གནས་ཡོད་དེ། 

བྱིས་པ་ཞིག་སྐྱེས་ཚེ་དེར་མིང་རང་བསམ་རང་འདོད་ལྟར་གཏན་ནས་མི་འདོགས་པར།ཁྱིམ་རྒྱུད་དམ་ཚོ་

ཁག་གིས་དད་པའི་བླ་མ་ཞིག་ལ་སྐྱབས་སུ་བཅོལ་ཏེ་མིང་གདགས་ཏུ་འཇོག་པ་དང་གནའ་སྲོལ་རྙིང་བ་

མ་ཉམས་པ་རེད།དུས་སྐབས་དེར་རྒྱལ་བོ་ཚོས་ཀྱང་སྐུ་གཤེན་རྣམས་ལ་དད་པ་དང་གོང་བཀུར། 

སྐུ་གཤེགས་དུས་ཀྱང་རྩ་བའི་བླ་མར་བསྟེན་པ་བོད་ཀྱི་དེབ་ཐེར་ཁག་ན་གསལ་ཏེ། 

༼ རྒྱལ་རབས་བོན་གྱི་འབྱུང་གནས ༽ ལས།ཆབ་སྲིད་འཛིན་པའི་རྒྱལ་བོ་རེ་རེའི་རིང་ལ་སྐུ་སྲུང་གི་

གཤེན་རེ། འདྲེན་པའི་བོན་གཤེན་རེ།ཞེས་པ་དང་། 

༼སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ ༽ལས། 

བོད་རྒྱལ་རེ་རེའི་སྐུ་རིང་ལ་སྐུ་ཚོ་བའི་བོན་གཤེན་རྣམས་ལ་གཙིགས་ཆེན་པོ་འཇོག་པའི་སྲོལ་ཡོད་པ་ལ་

རྒྱལ་བོ་ཁྲི་སྲོང་ལྡེ་བཙན་མ་མཉེས། །ཞེས་པ་སོགས་ཀྱིས་བོན་གཤེན་རྣམས་ཀྱི་གནས་བབས་དང་རྒྱལ་གཤེན་བར་གྱི་འབྲེལ་བ་གསལ་བོར་རྟོགས་ནུས་སོ ། །

ས་བཅད་གཉིས་པ།  སྤུ་རྒྱལ་རིམ་བྱུང་གི་མིང་ལ་དཔྱད་པ། 

༡ ༽ སྤུ་རྒྱལ་རིམ་བྱུང་གི་མིང་ལས་བརྩན་དང་བཙན་་་ཞེས་པའི་ཐ་སྙད་ལ་དཔྱད་པ། 

རིག་གནས་གང་ཞིག་ཡིན་ཀྱང་དུས་ཀྱི་བཞུར་རྒྱུན་ཁྲོད་ནས་འགྱུར་ལྡོག་ཅི་རིགས་འབྱུང་ངེས་བ་ཐུན་མོང་

གི་གཤིགས་ལུགས་ཤིག་ཡིན། དེ་བཞིན་བོད་ཀྱི་སྤུ་རྒྱལ་རིམ་བྱུང་གི་མིང་གི་རྗེས་ཀྱི་་་་བརྩན་ནམ་་་་བཙན་

ཞེས་པའི་ཐ་སྙད་འདིར་དུས་ཀྱི་བཞུར་རྒྱུན་ནམ་མི་ཐོག་མིས་བརྗེ་བའི་དུས་ཡུན་རིང་པོའི་ཁྲོད་ནས་

འགྱུར་ལྡོག་བྱུང་སྲིད་པ་ཧ་ཅང་གནས་ལུགས་དང་མཐུན་པ་ཞིག་རེད་དེ། 

དེང་གིས་དུས་སུ་སྤུ་རྒྱལ་ཚོའི་མིང་གི་རྗེས་ཀྱི་བཙན་པོ་ཞེས་པའི་ཐ་སྙད་དེ་རྒྱལ་བོའི་དོན་ལ་ངོས་འཛིན་གྱི་

ཡོད་མོད། བཙན་ཞེས་པའི་ཐ་སྙད་དེའི་ཐོག་མའི་འབྱུང་ཁུངས་བརྩན་ལས་རིམ་འགྱུར་བྱུང་བ་ཡིན་དེ། 

དཔེར་ན། ཁྲི་སྲོང་བརྩན་དང་ཁྲི་སྲོང་ལྡེ་བརྩན་སོགས་ཀྱི་མིང་གི་འཇུག་གི་ཐ་སྙད་དེ་དེང་དུས་

ཁྲི་སྲོང་བཙན་དང་ཁྲི་སྲོང་ལྡེ་བཙན་ལ་འགྱུར་ཡོད་པ་དེ་དག་གིས་གསལ་བཤད་བྱེད་ཐུབ། དེས་ན། 

བརྩན་ཞེས་པའི་ཐ་སྙད་དེའི་ཐོག་མའི་དོན་བརྟན་པོའམ་འགྱུར་བ་མེད་པ།

 བརྟན་ཞིང་བརླིང་བཅས་ཀྱི་དོན་ལ་འཇུག་སྟེ། དུས་རྒྱུན་གྱི་ཁ་སྐད་ཀྱི་ནང་འཁེན་ས་དེ་བརྩན་མོ་ཞིག་ཨི་རེདཞེས་པ་ནི་འཁེན་ས་དེ་བརྟན་པོ་ཞིག་ཨི་རེད་

དང་མཁར་རྫོང་བརྩན་མོཞེས་པ་མཐའ་བཞིའི་དམག་གིས་རྒོལ་ཀྱང་གཏོར་བའམ་

གཞོམ་པར་དཀའ་བའི་མཁར་རྫོང་བརྟན་མོ་ལ་གོ ། 

༼  བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས  ༽ ལས། 

གནམ་རི་སྲོང་བཙན་མཚན་སྲོལ་སྐབས། ཆབ་སྲིད་གནམ་བས་མཐོ། དབུ་རྨོག་རི་བས་བརྩན། ཞེས་པ་དང་།

 ༼ བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན ༽ལས། 

སྟོན་པས་གསུངས་པ་དེ་བརྩན་པར་གྱུར་བས་ན་བཀའ་བརྗོད་ཡོད་པ་སོགས་ལ་

གཞིགས་ན་བརྩན་པར་གྱུར་བས་བཀའ་བརྗོདཡོད་པ་སོགས་ལ་གཞིགས་ན་བརྩན་ཞེས་

བ་དེ་ནི་བོད་ཀྱི་རྙིང་ཞིག་སྟེ་དེའི་ཐོག་མའི་དོན་ནི་བརྟན་པོའམ་འགྱུར་བ་མེད་པར་འཇུག་

བདེན་དཔང་བྱེད་ཐུབ། དེའི་སྟབས་ཀྱིས་བརྩནཞེས་པའི་ཐ་སྙད་དེ་བཙན་

ལ་བསྒྱུར་བ་དང་། བཙན་ཞེས་བའི་ཐ་སྙད་དེ་རྒྱལ་བའི་དོན་ལ་སྦྱར་ན་དོན་དང་བརྡ་སྤྲོད་

གང་ཐད་ནས་གཞིགས་ཀྱང་ནོར་འཁྲུལ་ཆེན་པོ་ཡོད་དེ།ཐོག་མར་དོན་གྱི་སྟེང་ནས་ཁྲི་སྲོང་རྩན་དང་

གུང་སྲོང་གུང་རྩན་གཉིས་ལ་མཚོན་ནའང་།རྩན་ཞེས་པ་དེ་བཙན་ལ་བསྒྱུར་ཅིང་རྒྱལ་བོའི་དོན་ལ་གོ་བླངས་ཏེ།

 ཁྲི་སྲོང་རྒྱལ་བོ་དང་གུང་སྲོང་རྒྱལ་བོ་ཞེས་བར་འདོད་པ་ནི་ནོར་འཁྲུལ་ཆེན་པོ་ཡིན་ཏེ ། 

རྒྱུ་མཚན་ནི་བོད་ཀྱི་སྤུ་རྒྱལ་རིམ་བྱུང་གི་མིང་ཞང་སྐད་ཀྱིས་བཏགས་ཡོད་པས། སྔོན་ལ་ཁྲི་སྲོང་དང་

གུང་སྲོང་གུང་ཞེས་པའི་ཞང་ཚིག་དེ་དག་བོད་སྐད་ལ་བསྒྱུར་ན་དོན་ཅི་ཡིན་པ་དང་། 

དེ་ནས་བརྩན་ཞེས་པ་དེ་བོད་ཀྱི་བརྡ་རྙིང་བ་ལྟར་བརྟན་པོའི་དོན་ལ་གོ་བ་བླངས་ཏེ་སྦྱར་ན་ཧ་ཅང་འགྲིག་པ་རེད། 

དེས་ན་བོད་ཀྱི་སྐད་ཆའི་བརྡ་སྤྲོད་ཀྱི་འགྲོས་དང་འགལ་ཡོད་ལུགས་ཕྲན་ཙམ་བཤད་ན། 

གོང་གི་ཁྲི་སྲོང་བརྩན་དང་གུང་སྲོང་གུང་བརྩན་ལྟར་

བརྩན་དེབཙན་ལ་བསྒྱུར་ཅིང་རྒྱལ་བོའི་དོན་ལ་གོ་བ་བླངས་ཏེ་ཁྲི་སྲོང་

རྒྱལ་བོ་དང་གུང་སྲོང་གུང་རྒྱལ་བོ་ཞེས་པར་འདོད་པ་ནི་བོད་སྐད་ཀྱི་བརྗོད་ལུགས་ལྟར་ན། 

རྒྱལ་བོ་ཁྲི་སྲོང་དང་རྒྱལ་བོ་གུང་སྲོང་གུང་ཞེས་བརྗོད་པ་ནི་ནོར་འཁྲུལ་ཆེན་པོ་ཡིན་ཏེ།

དཔེར་ན། སྡེ་དཔོན་བཀྲ་ཤིས་དང་དགེ་རྒན་རྡོ་རྗེ་ཞེས་བརྗོད་པ་ལས། བཀྲ་ཤིས་སྡེ་དཔོན་དང་

རྡོ་རྗེ་དགེ་རྒན་ཞེས་བརྗོད་པ་ནི་སྐད་རིགས་གཞན་གྱི་ལྷད་སྐྱོན་ཞུགས་པ་རེད་སྙམ།

དེ་ལྟར་ཆོག་སྟེ་སྡེ་དགེ་རྒྱལ་བོ་དང་གཙང་པ་རྒྱལ་བོ་ཞེས་བཤད་སྲོལ་ཡོད་ཟེར་ན།

དེ་ནི་ཁ་སྐད་རྐྱང་རྐྱང་ལས་དག་ཆ་ལྟར་ན་སྡེ་དགེའི་རྒྱལ་བོ་དང་གཙང་པའི་རྒྱལ་བོ་ཞེས་

བར་དུ་འབྲེལ་སྒྲ་ཞུགས་ཏེ་མ་བྲིས་ན་དོན་གྱི་སྟེང་ནས་ནོར་འཁྲུལ་ཆེན་པོ་ཡོད་སོམས་དང་

ཤེས་བཙན་ཞེས་པའི་ཐ་སྙད་དེའི་ཐོག་མའི་དོན་རྩན་ལས་འགྱུར་བ་ལས་རྒྱལ་བོའི་དོན་

མིན་པ་ཏུང་ཧོང་ཡིག་རྙིང་ལས་ཀྱང་གསལ་བོར་ཤེས་ཏེ། ཏུ་ཧོང་བོད་ཀྱི་ལོ་རྒྱུས་ཡིག་རྙིང་

ན[PI597]བཙན་པོ་ཁྲི་སྲོང་རྩནཞེས་པ་དང་།

༼བོད་ཀྱི་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས ༽ ལས། ཁྲི་སྲོང་ལྡེ་བཙན་གྱི་ཚན་པར་བཙན་ཁྲི་སྲོང་ལྡེ་བརྩན ཞེས་བརྗོད་ཡོད་པ་སོགསལས། རྩན་ཞེས་བ་དེའི་ཐོག་མའི་དོན་རྒྱལ་བོའི་

དོན་ལ་འཇུག་ན་རྒྱལ་བོ་ཁྲི་སྲོང་རྒྱལ་བོ་དང་རྒྱལ་བོ་ཁྲི་སྲོང་ལྡེ་རྒྱལ་བོ་ཞེས་གོ་བ་ལེན་དགོས་པས།

དེ་ལྟར་འབོད་པ་ནི་གད་མོ་ཤོར་བའི་གནས་སོ།  

༢ ༽སྤུ་རྒྱལ་རིམ་བྱུང་གི་མིང་དེ་དེང་དུས་བོད་སྐད་ཀྱི་ལུགས་སུ་

བྱས་ན་དོན་ཅི་ལ་འཇུག་པར་བཤད་པ། 

སྤུ་རྒྱལ་བཙན་པོ་སོ་སོར་ཞང་ཞུང་གི་སྐད་ལས་དྲངས་པའི་རྒྱུ་མཚན་གསོལ་བ་དེ་ལ་ཡང་སྤྱིར་བཏང་

ཚིག་ངོས་ནས་བལྟས་ན་གོ་དོན་གང་ཡང་མེད་པར་ཡ་མཚན་ལྟ་བུར་སྣང་ཡང་། དོན་དངོས་སུ་དེ་གོ་དོན་

རྒྱ་ཆེ་ཞིང་གཏིང་ཟབ་ལྡན་པ་སྨོས་མ་དགོས། རྒྱུ་མཚན་ཅི་ཟེར་ན།སྤྱིར་འགྲོ་བ་མིའི་རིགས་ཡོངས་དང་།

ལྷག་དོན་དུ་བོད་མི་མཆོག་དམན་སུ་འདྲ་ཞིག་ཡིན་རུ་རང་གི་མིང་ལ་གོ་དོན་རེ་ཡོད། 

མིང་འདོགས་མཁན་གང་འདྲ་ཞིག་ཡིན་རུང་མནོ་བསམ་ལེགས་པར་བཏང་ནས་བཀྲ་ཤིས་པ་དང་དགེ་མཚན་

ལྡན་པའི་མིང་འདོགས་པ་ལས་གོ་དོན་ཅི་ཡང་མེད་པའི་མིང་འདོགས་སྲོལ་རྩ་བ་ནས་མེད།

དུས་ཀྱི་བཞུར་རྒྱུན་གྱི་ཁྲོད་ནས་སྤུ་རྒྱལ་རིམ་བྱུང་གི་མིང་ལ་ གཏམ་རྒྱུད་ལ་སྦྱར་བའི་མིང་དང་། 

ཡང་ན་མཁས་པ་ལ་ལས་རྒྱལ་བོ་ཚོའི་མིང་རྣམས་ཞང་སྐད་ཡིན་པར་བསམ་གཞིགས་མ་བྱས་པར།

ཚིག་ངོས་ལ་བལྟས་ན་དོན་ལ་གོ་བ་མེད་པར་བརྟེན་རང་འདོད་བཞིན་བོད་སྐད་ལྟར་གོ་བདེར་བསྒྱུར་བ་

སོགས་ཀྱི་རྙོག་དྲ་ཅི་རིགས་བཟོས་ཡོད་དེ།གཉའ་ཁྲི་བཙན་པོ་ལ་མཚོན་ནའང་། 

ཏུ་ཧོང་ཡིག་རྙིང་ལས་ཉག་ཁྲི་བཙན་པོདང་།

བན་བོན་རྒྱལ་གྱི་རབས་ཕལ་ཆེ་བའི་ནང་དུ་གཉའ་ཁྲི་བཙན་པོ་ལོ་རྒྱུས་ཁ་ཤས་ནང་

སྙ་ཁྲི ། ཀོང་པོ་དེ་མོ་ཁུལ་གྱི་བྲག་བརྐོས་ཡིག་རྙིང་ལས། ཉ་ཁྲིབཙན་པོཞེས་འདྲ་མིན་སྣ་ཚོགས་བྲིས་འདུག་ཀྱང་།བདག་གིས་འདིར་རྒྱལ་བོ་རྣམས་ཀྱི་མིང་གཙོ་བོ

༼ལེགས་བཤད་རིན་པོ་ ཆེའི་གཏེར་མཛོད༽དང་།༼བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན༽

༼ཞང་བོད་ལོ་རྒྱུས་ཏེ་སེའི་འོད ༽ ཏུང་ཧོང་ཡིག་རྙིང་བཅས་ལ་ཁུངས་བཅོལ་ཏེ་བྲིས་པ་ཡིན། 

དེ་ཞང་ཞུང་གི་སྐད་ལ་ཁྲི་ཞེས་པ་སངས་རྒྱས་དང་བྱམས་སེམས། ལྷ་དང་ལྷའི་ཐུགས་ཀྱི་དོན་ལ་འཇུག ། 

ལྡེའུ་ནི་ཤེས་རབ་དང་བློ་གྲོས། ཤེས་རིག་སོགས་ཀྱི་དོན། མུ་ཞེས་པ་ཀུན་ཁྱབ་དང་ནམ་མཁའ།

སྲོང་ནི་ཐོགས་པ་མེད་པ་དང་དྲང་པོ།མཛངས་པ་སོགས་ཀྱི་དོན་ལ་འཇུགདིང་ཞེས་པ་ཀློང་གི་དོན། 

དར་ཞེས་པ་ལེགས་པའི་དོན་དང་མཐུན་པ་སོགས་ཞང་སྐད་ཀྱི་མིང་དེ་དག་བཀོལ་ཏེ་སྤུ་

རྒྱལ་རིམ་བྱུང་ལ་མིང་བཏགས་ཡོད་པ་དེ་དག་དེང་དུས་ཀྱི་བོད་ལྟར་འགྲེལ་ན། 

གནམ་གྱི་ཁྲི་བདུན།

ཞང་ཞུང་གི་སྐད།                   བོད་སྐད །

 གཉའ་ཁྲི་བཙན་པོ།                 ལྷ་གཅིག་བདག་ཉིད་བརྟན་པོ།

མུ་ཁྲི་བཙན་པོ།                   ཀུན་ཁྱབ་བདག་ཉིད་བརྟན་པོ།

དིང་ཁྲི་བཙན་པོ།                     ཀློང་ཐུགས་བརྟན་པོ།

མེར་ཁྲི་བཙན་པོ།                     དངོས་འགྲུབ་བརྟན་པོ།

གདགས་ཁྲི་བཙན་པོ།                    ཐུགས་དགོངས་བརྟན་པོ།

སྲིབས་ཁྲི་བཙན་པོ།                    མཁྱེན་རབ་བརྟན་པོ།

བར་གྱི་སྟེང་གཉིས། 

       གྲི་གུམ་བཙན་པོ།             བཀྲ་ཤིས་བརྟན་པོ།

       སྤུ་ལྡེ་གུང་རྒྱལ།              གངས་ཅན་མཁྱེན་པ་ཀུན་འཛོམས།

                  

                    ས་ཡི་ལེགས་དྲུག 

       ཨ་ཤོ་ལེགས།                   གསུང་དབྱངས་མཆོག །

        དེ་ཤོ་ལེགས།                       བདེ་བ་མཆོག

        ཐི་ཤོ་ལེགས །                     རབ་གསལ་མཆོག

        གུ་རུམ་ལེགས།                     ཡོན་ཏན་མཆོག

        འབྲོང་གཞི་ལེགས།                  འཇའ་ཚོན་མཆོག

        ཨི་ཤོ་ལེགས།                    སྙན་གྲགས་མཆོག

                

 ཁྲི་སྲོང་རྩན་ནས་ཁྲི་དར་མ་འུ་དུམ་བཙན་གྱི་བར །

       ཁྲི་སྲོང་རྩན །             ཐུགས་མཛངས་བརྟན་པོ།

       གུང་སྲོང་གུང་བཙན།     ནམ་མཁའ་ལྟར་ཐུགས་རྒྱ་ཆེ་ལ་མཛངས་པའི་

                     རང་གཤིས་ནམ་མཁའ་ལྟར་བརྟན་པོའི་དོན་ནོ།

         མང་སློན་མང་རྩན།  ལྷ་འོད་དམར་ལྷུན་གྲུབ། འོད་དམར་ལྷུན་གྲུབ་བརྟན་པོ །

       ཁྲི་འདུས་སྲོང་།              ལྷ་ཕུན་ཚོགས་ཐུགས་མཛངས།

      ཁྲི་ལྡེ་གཙུག་བརྟན།              ཐུགས་ཉིད་མཁྱེན་མཆོག་འགྱུར་མེད།

      ཁྲི་སྲོང་ལྡེའུ་བཙན།              ལྷ་མཛམས་མཁྱེན་རབ་བརྟན་པོ།

      མུ་ནེ་བཙན་པོ།                 ནམ་མཁའ་བརྟན་པོ །

      མུ་རུམ་བཙན་པོ།                མཁའ་ཀློང་བརྟན་པོ །

      ཁྲི་ལྡེ་སྲོང་བཙན།                 མཆོག་མཁྱེན་བརྟན་པོ །

      འུ་དུམ་བཙན།                   གསང་རྣམ་བརྟན་པོ།

ཆུའི་སྡེ་བརྒྱད་དང་བར་གྱི་བཙན་ལྔ།ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་བཅས་ཀྱི་ཕྱོགས་ནས་

ཡིད་རྟོན་རུང་བའི་ཡིག་ཆ་ཚད་ལྡན་རེ་ད་ལྟ་ལག་སོན་མ་བྱུང་བས་གནས་སྐབས་བཏང་སྙོམས་

སུ་བཞག་པའོ། །

ཆབ་སྲིད་ཀྱི་ཐད་ནས་རྒྱལ་བོ་ཁྲི་སྲོང་རྩན་གྱི་དུས་ནས་ཞང་ཞུང་རྒྱལ་རབས་ཕལ་ཆེར་

ཆབ་འོག་ཏུ་བཀུག་མོད་ཀྱང་། རིག་གནས་ཀྱི་ཐད་ནས་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་བར་

དུ་ས་སྐྱེས་རྡོ་སྐྱེས་ཀྱི་ཞང་ཞུང་རིག་གནས་ཀྱིས་བོད་ཁམས་ཡོངས་ལ་དབང་བསྒྱུར་བ་རྐང་མ་ཉམས་པས། གནའ་བོའི་རིག་གནས་དེས་སྤུ་རྒྱལ་རིམ་བྱུང་གི་ཆབ་སྲིད་དཔལ་འབྱོར།

རིག་གནས། དམག་དོན་བཅས་ལ་བྱས་རྗེས་བླ་ལྷག་ཡོད་པ་དང་བོད་མི་རིགས་ཀྱི་རུས་པའི་རྐང་ལའང་

ཞང་ཞུང་རིག་གནས་ཀྱི་བག་ཆགས་ཁབ་ལྟར་ཟུག་ཡོད་པ་སྨོས་མི་དགོས་མོད།དེང་སྐབས་ཞང་ཞུང་

རིག་གནས་ལ་ཆ་རྒྱུས་དང་འབྲེལ་འདྲིས་བྱེད་མཁན་ཧ་ཅང་ཉུང་ལ།མ་མཐར་སྤུ་རྒྱལ་རིམ་བྱུང་གི་

མིང་དེའང་ཞང་སྐད་ཡིན་པར་བསམ་བློ་མི་གཏོང་བའི་ཁར།ཚིག་ངོས་ནས་གོ་བ་ལོན་རྒྱུ་མེད་པས་ན་

རང་འདོད་བཞིན་བཅོས་བསྒྱུར་དང་གོ་བདེར་ཕབ་སྟེ་ལོ་རྒྱུས་དངོས་ལ་རྙོག་དྲ་ཅི་རིགས་བཟོ་བཞིན་པར་

དམིགས་ཏེ། ཞང་སྐད་ཀྱིས་བཏགས་ཡོད་པའི་སྤུ་རྒྱལ་རིང་བྱུང་གི་མིང་ཏེ་དེང་དུས་ཀྱི་བོད་སྐད་ལྟར་

འགྲེལ་ན་དོན་ཅི་ཡིན་པར་བན་བོན་གྱི་དེབ་ཐེར་སྐོར་ཞིག་ལ་ཁུངས་བཅོལ་ཏེ་ཕྲན་ཙམ་དཔྱད་ཁུལ་

བྱས་དོན། སྤུ་རྒྱལ་རིམ་བྱུང་གི་མིང་དེ་བོད་སྐད་ལ་བསྒྱུར་ཚེ་དོན་གྱི་གོ་བ་ཐུན་མོང་མ་ཡིན་པ་

ཡོད་པའི་ཁར་མིང་དེ་དག་གི་སྟེང་ནས་སྐབས་དེའི་རིག་གནས་རྒྱབ་ལྗོངས་དང་མི་རྣམས་

ཀྱི་སེམས་ཁམས། དད་མོས། འདུ་ཤེས། སྤྱི་ཚོགས་གནས་བབས། 

དུས་སྐབས་དེའི་ཞང་ཞུང་རིག་གནས་ཀྱི་གོ་གནས་སོགས་ལ་ངེས་ཤེས་གསར་བ་འདྲོངས་བའི་ཕྱིར་རོ། །

 

ཟུར་ལྟའི་ཡིག་ཆ། 

༼  རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གསུངས་པོད ༽ 

ཞང་བོད་ཤེས་རིག་པར་སྒྲིག་ལྟེ་གནས་ཁང་གིས་བསྒྲིགས།  2005.12

༼ ཞང་བོད་ལོ་རྒྱུས་ཏེ་སེའི་འོད ༽ ནམ་མཁའི་ནོར་བུ །

ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།  1996.5

༼  ལེགས་བཤད་རིན་པོ་ཆེའི་གཏེར་མཛོད ༽ ཤར་རྫ་བཀྲ་ཤིས་རྒྱལ་མཚན །

མི་རིགས་དཔེ་སྐྲུན་ཁང་།  1985.9

༼ བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ ༽ སྤ་བསྟན་རྒྱལ་བཟང་པོ། 

ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991.12

༼ བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས ༽ གོ་ཤུལ་གྲགས་པ་འབྱུང་གནས།

 མི་རིགས་དཔེ་སྐྲུན་ཁང་།  2001.6

༼ བོད་ཀྱི་ཡིག་རྙིང་ཞིབ་འཇུག ༽ ཁ་སྒང་བཀྲ་ཤིས་ཚེ་རིང་སོགས། 

མི་རིགས་དཔེ་སྐྲུན་ཁང་། 2003.6

༼ སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ། ༽

 སློབ་དཔོན་བསྟན་འཛིན་རྣམ་དག   ཁྲི་བརྟན་ནོར་བུ་རྩའི་དཔེ་མཛོད་ཁང་། 2005. 1

༼ ཞང་བོད་སྐད་གཉིས་ཤན་སྦྱར་མིང་མཛོད་ཆུང་བ༽

ཐེ་བོ་ལེགས་བཤད་རྒྱ་མཚོས་བསྒྲིགས།  2008

༼ བོན་སྒོ ༽  འདོན་ཐེངས་བཅུ་བཞི་བ། 2001

༼ བོན་སྒོ ༽ འདོན་ཐེངས་བཞི་བ། 1990

        ༼དཔྱོད་ལྡན་མཆོད་པའི་མེ་ཏོག༽ ལས་ཡིག་བཏགས་བྱས།

 

 
 
Re:བོད་ཀྱི་སྤུ་རྒྱལ་རིམ་བྱུང་ལ་ཞང་སྐད་ཀྱིས་མིང་།  ༼  འོས་སྦྱོར། ༽
[ 2012/1/28 15:26:31 | By: yongdrom ]
 
yongdromདྲྭ་གྲོགས་བསྟན་འཛིན་ཡེ་ཤེས་ལགས། མཚམས་འདྲི་བཀྲ་ཤིས་བདེ་ལེགས།དུས་ཡུན་རིང་པོ་ཞིག་རང་ཉིད་ཕ་ཡུལ་དུ་ལུས་སོང་བས་ཁྱེད་ཀྱི་ཟིན་བྲིས་སོགས་ཧེ་བོན་ཟིན་བྲིས་ཡོད་ཚད་ཀློག་ཁོམ་མ་བྱུང་བས་དགོངས་འགལ་མེད་པར་མཁྱེན།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
དྲྭ་གྲོགས་གཡུང་དྲུང་གཙུག་ཕུད་ལགས། ཕེབས་པར་དགའ་བསུ་ཞུའོ།
མུ་མཐུད་ནས་དྲྭ་ལམ་ནས་མཇལ་ཡོང་།
 
 
Re:བོད་ཀྱི་སྤུ་རྒྱལ་རིམ་བྱུང་ལ་ཞང་སྐད་ཀྱིས་མིང་།  ༼  འོས་སྦྱོར། ༽
[ 2012/1/16 20:00:44 | By: danzengyixi ]
 
danzengyixi

གུས་པར་གློག་ཀླད་ལ་རྒྱུས་མངའ་དམན་པས་སྒྲིག་སྟང་ཅུང་ཟད་ལེགས་པོ་བྱུང་མ་སོང་བས་དྲྭ་གྲོགས་རྣམས་པས་ད་ལུགས་ཀྱི་
དགོངས་འཇག་མཚལ།
ཟིན་བདག་གིས་གུས་འདུས་དང་བཅས་སོ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.