སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱུང་ཆེན།       ༼  འོས་སྦྱོར།  ༽ 
[ 2011/7/24 21:49:00 | By: ལྷ་གཡག་དར་མ། ]
 

ཁྱུང་ཆེན།

ཧོར་གཙང་འཇིགས་མེད།

སྲ་མཁྲེགས་སྲོལ་གྱི་སྒོང་ཤུན་ལྕགས་རི་འཕག་འཚག་གཅིག་གིས་ཚལ་པར་གཤཌ།།

གཉོམ་པོའི་གཤོག་ཟུང་ཤུཌ་ཀྱིས་བགྲད་དེ་ཟད་མེད་ནམ་མཁའི་མཐའ་ལ་རྒོལ། །

འཇིགས་རུང་སྲིད་པའི་བྲག་རྫོང་བཤིག་པའི་གསོན་ཤུཌ་སྤུ་གྲིའི་གཤོག་འགྱུར་ཅན།།

ཤར་མཐའི་རི་བྲག་སྟུག་པོའི་ཚལ་ནས་མཁའ་ལམ་རྩུབ་མོའི་ལམ་དུ་ཆས། །

 

ཐོག་སེར་གློག་ཞགས་སྟུག་པོའི་རྔམ་ཁ་འཇིགས་མེད་མཐོང་ཁའི་རྩལ་གྱིས་གཤཌ།།

མུན་པའི་དབྱིངས་རུམ་སྟུག་པོའི་ཀློང་དུ་རེ་བའི་མིག་ཞགས་མེ་ལྟར་འབར། །

འཇིགས་ཞུམ་མེད་པ་སྤོབས་པའི་སྟོབས་ཀྱིས་བཙན་པོ་དག་གི་དུར་ས་བསྔོགས། །

ཐོགས་རྡུགས་བྲལ་བ་རང་དབང་བར་སྣང་ཁྱེད་ཉིད་འཚོ་བའི་ཕ་གཞིས་ཡིན། །

 

རྣོ་ངར་རླུང་གི་རླབས་འཕྲེང་རེ་རེས་ཁྱེད་ལ་འཕུར་ལྡིང་གཤོག་རྩལ་བསླབས། །

སྨུག་སྤྲིན་ནག་པོའི་རྔམ་ཁ་རེ་རེས་ཁྱེད་ལ་འཇིགས་མེད་སྤོབས་པ་བསྩལ། །

ཁ་ཆར་ཐོག་གི་རྣོ་མདེལ་རེ་རེས་ཁྱེད་ལ་བཟོད་སྒོམ་ངར་ཁ་བླུད། །

ཚུར་རྒོལ་འཚེ་བའི་གྲང་ལྷགས་རེ་རེས་ཁྱེད་ལ་ཞུམ་མེད་སྙིང་སྟོབས་བསྐྲུན། །

 

རྒྱ་སྟག་དམར་པོའི་ཚང་ལ་འཛུལ་ཏེ་རྣོ་དབལ་འབར་བའི་སྡེར་མོ་བརྡར། །

སྤྲེལ་ཚོགས་འཁྲིཌ་པའི་ནགས་ལ་ཞུགས་ཏེ་དུས་ཀྱི་འགྱུ་སྟབས་རྩལ་དྲུག་སྦྱངས། །

གདོད་མའི་དམུ་ཐག་སྲོག་ཏུ་བཟུང་ནས་གཡང་གཟར་བྲག་གི་ཁང་བུ་བཅོས། །

གདུག་ཅན་ཀླུ་ཡི་སྲོག་ལ་རྒོལ་བའི་དཔའ་རྩལ་སྲིད་པའི་ཁམས་ལ་ངོམ། །

 

གངས་དཀར་རི་བོའི་མཐོངས་སུ་ལྡིང་སྟེ་ཡབ་མེས་གཤེགས་པའི་ལམ་བུ་བཙལ། །

རི་ཀློང་དཀྲིགས་པའི་ས་འཛིན་ཕང་བར་ཞིག་པའི་ཁྱིམ་གཞིས་སླར་ཡང་བསྐྲུན། །

ཕྱོགས་བཞིའི་འདབ་ལྡན་བྱེ་བའི་ཚོགས་ལ་བདེན་པའི་འགྱུ་སྟབས་ཡང་ཡང་ངོམ།།

འཐོར་རླུང་དྲག་པོ་ཁྱད་དུ་བསད་དེ་བདེ་དྲོད་སྣང་བ་མཐོངས་ལ་བསུས། །

 

འཁྱགས་ལ་འབྱར་བའི་སྒྲོ་ཡི་ཐུལ་པ་དཔྱིད་ཀྱི་ལང་ཚོས་ཀུན་ཏུ་སྤྲུགས། །

དབྱར་ལྗོངས་སྒེག་མོའི་ཞིང་ཁམས་དེ་ན་རྒྱལ་ཁའི་སྤྲོ་སྣང་འོད་དུ་འབར། །

བྱེའུ་ཆུང་ཅོ་ཀས་གྲེ་བ་བསང་སྟེ་སྨྲེང་བ་སྙོམས་པོ་གདངས་སུ་འགུག །

བདལ་དྲུག་མེས་པོའི་ཞལ་ཆེམས་ཁྱེར་ཏེ་རྒྱང་བཞུད་ཕོ་ཉའི་ལས་ལ་ཞུགས། །

 

སྲིད་པའི་འདབ་ཆགས་རེ་རེའི་སྙིང་ན་མྱ་ངན་བྲལ་བའི་ནམ་མཁའ་རེ། །

ཤིན་ཏུ་རྩུབ་པའི་མཁའ་ལམ་རིང་མོར་འཁྲེང་ཞེན་རེ་བས་མངོན་པར་འཚོ། །

མཁའ་ལྡིང་རྒྱལ་པོ་ཁྱེད་ཀྱི་རྨི་ལམ་སྐྱོ་ངལ་བྲལ་བའི་སྟོང་ཁམས་ཏེ། །

རླུང་འཁོར་སྤུ་གྲིའི་ཕ་རོལ་དེ་ན་གཉུག་མའི་ཕ་གཞིས་དྲོན་པོ་ཡོད། །

 

ཆོས་ཉིད་གཤིས་ཀྱིས་ཐགས་སུ་བསྐྲུན་པའི་ལུས་སྲུང་སྒྲོ་ཡི་ཐུལ་པ་ཡོད། །

གནམ་གྱི་རྒྱལ་མོས་གྲོགས་སུ་སྦྲན་པའི་དཔག་ཚད་གཞལ་བའི་མིག་དབང་ཡོད། །

ཀླུ་དབང་མགོ་བོ་རྣམ་པར་འཇོམས་པའི་རྣོ་ལྡན་སྡེར་མོའི་གདེངས་ཀ་ཡོད། །

འཕུར་རྩལ་གཤོག་འགྱུར་མངོན་པར་བསྟོད་པའི་སྐྱི་བསེར་རླུང་གི་སྐྱོར་མ་ཡོད། །

 

ཁྱེད་ཉིད་བཞུད་པའི་བཤུལ་ལམ་རིང་མོ་མཁའ་ལམ་གཤགས་པའི་སྔོན་འགྲོ་སྟེ། །

ཁྱེད་ཀྱིས་རྩལ་དྲུག་གདམས་ངག་གནང་བའི་ཚ་རྒྱུད་མཁའ་ལ་ཐོག་ལྟར་འགྱུ། །

ཁྱེད་ཀྱི་ཕུགས་བསམ་དབྱིངས་རུམ་ཀློང་ན་འཛད་པ་མེད་པའི་གྲུ་ཆར་འཇོ། །

བཅུ་ཕྲག་བརྒྱད་ཀྱི་རྒྱང་བཞུད་འཕུར་སྐྱོད་སྟོན་གྱི་འབྲས་བུ་སྨིན་པ་བཞིན། །

 

སྤྲིན་དཀར་འདབ་མའི་མེ་ཏོག་འཕྲེང་བ་མཛའ་སེམས་མཚོན་པའི་ཁ་བཏགས་ཡིན།།

གཡུ་འབྲུག་ལྗང་ལོའི་གསུང་སྐད་སྙན་མོ་ཁྱེད་ལ་ཕུལ་བའི་ཤིས་ཚིག་ཡིན། །

སྣང་བའི་འབྱུང་གནས་ཉི་ཟླ་སྐར་གསུམ་ཁྱེད་ལ་བསྟར་བའི་མཆོད་སྤྲིན་ཏེ། །

འཇིགས་མེད་རྩལ་གྱི་ཟིལ་ཤུཌ་ངོམ་བཞིན་རང་དབང་མཁའ་ལ་ལྡིང་བར་མཛོད།།

 

སྨན་རི་ཁྲི་འཛིན་སོ་གསུམ་པ་ྋརྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་རྟེན་འབྲེལ་ཤིས་ཚིག་མཚོན་བྱེད་དུ་ཕྱི་ལོ་ ༢༠༠༨ ཟླ་བ་ ༡༡ པའི་ཚེས་ ༡༦ ཉིན་ཕུལ།། །།

གཡུང་དྲུང་བོན་དྲྭ་ཚིགས་ལས་བཤུས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.