རྩོམ་འདི་ཁྱུང་པོའི་ཡུལ་སྐད་་ཕྱོགས་བསྒྲིགས་ལས་དྲངས།
ལེའུ་ཉེར་བཞི་པ།
འཚོ་བའི་ཉམས་མྱོང་ལས་བྱུང་བའི་བརྟག་ཕྲན་སྐོར།
བྱ་ཡི་སྐྱིད་སྡུག དཔྱིད་ཀར་ཁུ་བྱུག་གི་སྐད་ཐོག་མར་གོ་དུས་རང་ཉིད་ཀྱི་སེམས་སྐྱིད་སྡུག་གང་འདྲར་གནས་ཡོད་ན་ལོ་དེར་སྐྱིད་སྡུག་དེ་བཞིན་ཡོང་ཟེར།
བྱ་ལྐུགས་ཐུག དཔྱིད་ཀར་ཁུ་བྱུག་སླེབ་དུས་སྐད་མ་ཐོས་པར་མཐོང་ན་ལོ་དེར་ལྟས་ངན་པ་ཡོང་ཟེར།
བྱ་ཡར་བདུན་མར་བདུན། དཔྱིད་ཀ་ཁུ་བྱུག་སླེབ་དུས་ཀྱི་སྔོན་མའི་ཞག་བདུན་དང་བསླེབས་རྗེས་ཀྱི་ཞག་ཨབདུན་རིང་ལ་ཕྱུགས་རིགས་ཞན་ཤོས་ཡིན་ཟེར།
པིས་འོ་ལེའི་དྲོ་གྲང་། དཔྱིད་ཀར་བྱ་འོལ་བ་ཐོག་མར་མཐོང་སྐབས་རང་ཉིད་ཀྱི་ལུས་དྲོ་གྲང་གང་འདྲར་གནས་ཡོད་ན་ལོ་དེར་ལུས་དྲོ་གྲང་དེ་འདྲ་ཡོང་ཟེར།
ཕྱས་ཀྱི་དེས་བྲེལ། དཔྱིད་ཀར་འཕྱི་བ་ཐོག་མར་མཐོང་སྐབས་འཕྱི་བ་དལ་བྲེལ་གང་འདྲ་ཡོད་པ་བཞིན་ལོ་དེར་རང་ཡང་དལ་བྲེལ་དེ་འདྲ་ཡོང་ཟེར།
སྨིན་དྲུག་ལ་ཧ་རྨོ་ཁེས་ཆུ་ཧ། དགོང་མོ་ས་རུབ་པ་དང་སྨིན་དྲུག་ལ་ཁར་སླེབ་ཚེ་རྨོ་ཁལ་ཆུ་ཁ་ཞེས་སྐྱ་ཞིང་རྨོ་འདེབས་རན་ཟེར།
འབི་རབ་ལ་བེའུ་འཁྲིད་ཞིང་རབ་ལ་ཐང་ཟུག དཔྱིད་ཀར་འབྲི་བཟང་ཤོས་ལ་བེའུ་སྐྱེས་ཚེ་ཞིང་ཡག་ཤོས་ལ་ཐང་ཟུག་ཅེས་རྨོ་རན་ཟེར།
དཔྱིད་ཉི་མས་ཕི་ལྟས་ཝས་ན་རྫི་བོས་གས་ས་ཚུས། དཔྱིད་ཀ་གནམ་འཐིབ་སྐབས་གཞུང་ཉི་ཡོལ་རུང་སླར་ཤར་རིའི་རྩེར་ཉི་འོད་ཕོག་པ་བྱུང་ན་གངས་ཆེན་འབབ་རྟགས་ཡིན་པས་རྫི་བོས་ཕྱུགས་འཚོ་ཡུལ་ཀྱི་གངས་ས་འཚོལ་དགོས་ཞེས་ཟེར།
སྟོན་ཉི་མས་ཕི་ལྟས་ཝས་ན་ཡུས་སེར་རྒས་པོས་ལག་རོགས་ཚུས། སྟོན་དུས་ནམ་འཁོར་ཆེ་སྐབས་དགོང་མོ་གཞུང་ཉི་ཡོལ་རུང་ཤར་རིའི་རྩེར་སླར་ཉི་འོད་ཕོག་པ་བྱུང་ན་ཕྱི་ཉིན་གནམ་དྭངས་རྟགས་ཡིན་པས་སྟོན་ཐོག་བསྡུ་མཁན་གྱིས་རོགས་འཚོལ་དགོས་ཟེར།
དེམས་དམར་ཆུ་ཡིན་ཏེ་སྤྲིན་སོ་དཀར་ན་མེ་ཡིན། དེམས་དམར་ཏེ་ཞོགས་པ་མཚམས་སྤྲིན་བྱུང་ན་སྤྱིར་ཁ་ཆར་ཆར་འབབ་ཀྱང་དེའི་མཇུག་གི་སྤྲིན་དཀར་པོར་འགྱུར་ན་ཁ་ཆར་མི་ཡོང་ཟེར།
དགོང་དམར་མེ་ཡིན་ཏེ་སྤྲིན་སོ་ནག་ན་ཆུ་ཡིན། དགོང་མོར་མཚམས་སྤྲིན་བྱུང་ན་སྤྱིར་གནམ་གཤིས་དྭངས་བའི་རྟགས་ཡིན་ཀྱང་དེའི་སྤྲིན་སོ་ནག་པོར་སོང་ན་དེ་ནུབ་ཙམ་ནས་ཁ་ཆར་ཡོང་ཟེར།
སྤིན་ཆུ་ཚང་སྐོར། དབྱར་དུས་སུ་སྤྲིན་རྣམས་ཕྱོགས་གཅིག་ཏུ་མི་འགྲོ་བར་ཕན་ཚུན་འཐབ་པའི་ཚུལ་དུ་ཡང་ཡང་འཁོར་ན་གནམ་འབབ་ཟེར།
ལྷོ་རྒན་འོག་མིག་བྱེད། དགོང་མོ་གནམ་འཐིབ་ཅིང་ལྷོ་ཕྱོགས་གནམ་མཐའ་ན་ཅུང་གསལ་བར་བྱུང་ན་ལྷོ་རྒན་འོག་མིག་བྱས་འདུག་པས་གནམ་འབབ་ཟེར།
སེར་ལན། སེར་བ་འབབ་ཁར་ལྷོ་ངོས་སུ་སྤྲིན་མེད་ན་སེར་ལན་ལྷོ་ལ་ཡོད་པས་བྱང་དུ་སེར་བ་འབབ་པ་དང་དེ་བཞིན་སྤྲིན་མེད་སའི་ཁ་གཏད་དེར་སེར་བ་འབབ་ཟེར།
དགུ་ཧྲིག་ཉྭ་ཡུ་ཁྱིས་འཇུས། དགོང་མོར་གནམ་དྭངས་ཀྱང་དགུ་ཚིགས་སྤྲིན་ནག་གིས་སྒྲིབ་ན་མི་རིང་བར་ཁ་
ཆར་ཡོང་ཟེར།
ཉི་གུར་ཕུབ་ན་ཉིན་གཅིག་དྭངས། དེ་མི་བདེན་དེ་ཉིན་འབབ། སྔ་དྲོ་ཉི་གུར་ཕུབ་ན་ཉིན་དེར་ཁ་ཆར་འབབ་པར་བཤད།
ཟླ་གུར་ཕུབ་ན་ཟླ་གཅིག་དྭངས། དེ་མི་བདེན་དེ་དགོང་འབབ། ནམ་སྟོད་ཟླ་གུར་ཕུབ་ན་དགོང་དེར་ཁ་ཆར་འབབ་པར་བཤད།
དཔྱིད་ཁུ་འཕང་ཉི་མའི་བླ་རྟགས། དཔྱིད་ཀར་ཁུ་འཕང་བབས་ན་དེ་རྗེས་གནམ་གཤིས་བཟང་ཞིང་ཉི་མ་བསྟན་ཟེར།
སྟོན་ཁུ་འཕང་ཁ་བའི་བླ་རྟགས། སྟོན་ཁར་ཁུ་འཕང་བབས་ན་གནམ་གཤིས་ངན་ཞིང་ཁ་བ་འབབ་པར་བཤད།
སྙེ་ལོ་དཀར་པོ་ལུག་ལ་འགྱུར་དུས་འབྲོག་པ་རྒས་པོ་སྟག་ཙེས་ཙེས། ཡུས་བ་རྒས་པོ་ཁྱི་བས་ལོད། དབྱར་སྟོད་སྙ་ལོའི་མེ་ཏོག་དཀར་པོར་ཡོད་སྐབས་འབྲོག་པ་རྣམས་ཟས་དང་ལས་ཀ་གཉིས་ཀར་མོད་ཅིག་ཡུལ་པ་རྣམས་དེ་ལས་ལྡོག་པར་བསྟན།
སྙེ་ལོ་དམར་པོ་རྟ་ལ་འགྱུར་དུས་ཡུས་བ་རྒས་པོ་སྟག་ཙེས་ཙེས། འབྲོག་པ་རྒས་པོ་ཁྱི་བས་ལོད། སྟོན་དུས་སྙ་ལོའི་མེ་ཏོག་དམར་པོར་གྱུར་ཚེ་ཡུལ་འབྲོག་གཉིས་གོང་ལྟར་ལས་ལྡོག་པར་བསྟན།
དབྱར་ཟོག་མུག་སྣང་ཆེ་ན་དགུན་དུས་ཁ་བ་ཆེ། དབྱར་ཁར་ཟོག་རྣམས་བརྒྱག་ཀྱང་རྩྭ་ཟ་འདོད་ལྷག་
པར་ཆེ་ན་ལོ་དེར་ཁ་བ་ཆེན་པོ་འབྱུང་ཟེར།
དམར་མོ་བཙག་ཏིག་ཕོག་དུས། སྟོན་དུས་ཤིང་དམར་མོའི་ལོ་མ་དམར་པོ་ཐོག་མར་བྱུང་དུས་སྟོན་ཐོག་བསྡུ་རན་ཟེར།
ཞྭ་དམར་སེར་འདྲེས་དུས། སྟོན་དུས་ཤིང་ལོ་འགའ་ཞིག་དམར་པོ་དང་འགའ་རེ་སེར་པོ་བྱུང་དུས་སྟོན་ཐོག་བསྡུ་རན་ཟེར།
སྟག་ལོ་ཡག་ན་ཤ་ལོ་ཡག སོས་ཀར་ཤིང་སྟག་མའི་མེ་ཏོག་མང་པོ་རྒྱས་ན་ལོ་དེར་ཤ་མོང་མང་པོ་འབྱུང་ཟེར།
ཁོ་ལོ་ཡག་ན་ཤ་ལོ་མི་ཡག ལྕུམ་ལ་ཁོ་ཕུད་མང་པོ་བྱུང་ན་ལོ་དེར་ཤ་མོང་མང་པོ་མི་འབྱུང་ཟེར།
ཤ་ལོ་ཡག་ན་ཁ་བ་ཆེ། དབྱར་དུས་ཤ་མོང་ཧ་ཅང་མང་ན་ལོ་དགུན་དུས་ཁ་བ་ཆེན་པོ་འབབ་ཟེར།
གཤར་ལོ་ཡག་ན་དཀར་ལོ་ཡག དགུན་དུ་གཤར་ཆེན་པོ་བྱུང་ན་ལོ་དེར་ཕྱུགས་རིགས་ཀྱི་དཀར་ཆུ་མོད་ཟེར།།