ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྩོད་ལན་ཤ་ཐོག་མེ་བཙའ།
[ 2012/9/24 11:11:00 | By: ཁྱུང་གསེར་ཞུན། ]
 

༄༅།།  རྩོད་ལན་ཤ་ཐོག་མེ་བཙའ།། 

རྗེ་ཡི་ཚད་མ་ལས།  རྟགས་ཁྱབ་གསལ་བའི་ཁྱད་པར་གྱིས།  །ཐལ་འགྱུར་ལན་ལ་རྣམ་པ་གསུམ།  །ཞེས་གསུངས་པ་ལྟར་ང་ཚོས་རྒྱུན་ལྡན་ཐལ་འགྱུར་གྱི་ལན་ལ་གཙོ་བོ་རྣམ་པ་གསུམ་དང་གཞན་དུས་སྦྱར་མ་སོགས་དམིགས་བསལ་གྱི་ལན་འདེབས་ཚུལ་མང་པོ་ཞིག་ཡོད་མཆི་བ་ལས།  འདིར་དུས་རྒྱུན་རྒྱུག་ཆེ་བ་སྟེ་དཔེར་ན་རྩོད་པ་བས་ཀ་བ་དངོས་པོ་ཡིན་པའི་ཕྱིར།  ཞེས་པ་བོན་ཅན་མ་བཀོད་ཀྱང་གཞི་དེ་རྟགས་དེ་ཡིན་པའི་རིགས་ལ་དམ་བཅའ་བས་ལན་འདེབས་ཚུལ་ལ་འགའ་རེས་འདོད་ཅེས་ཟེར་མི་རུང་སྟེ་དེ་ལྟར་ན་རྟགས་ལ་འདོད་ལན་རྒྱབ་ན་མཚན་ཉིད་པའི་ཞབས་འདྲེན་ཡིན་ཟེར་ནས་ཡིན་པའི་ཕྱིར།  ཞེས་ལན་འདེབས་པར་བྱེད།   ཡང་འགའ་རེས་དེ་རིགས་ལ་ཁྱབ་པ་མ་བྱུང་ཞེས་པའི་ལན་འདེབས་དགོས་ལ་དེའི་གོ་བ་ཡང་ཀ་བ་དངོས་པོ་ཡིན་པར་འདོད་པའི་དོན་དུ་བྱེད།  དེས་ན་ཁྱབ་པ་མ་བྱུང་ཞེས་པ་ཡང་སྐབས་འགར་མ་ཁྱབ་ཅེས་པའི་དོན་དང་།  སྐབས་འགར་འདོད་ཅེས་པའི་དོན་གཉིས་སུ་འགྲེལ།   ཡང་འགའ་རེས་དེ་ལ་ཁ་ཐུག་འདོད་ཅེས་ལན་འདེབས་པར་བྱེད།  འོ་ན་རྟགས་ལ་འདོད་ལན་བཏབ་པའི་ཉེས་པ་མི་འབྱུང་ངམ་ཟེར་ན་མ་ཡིན་ཏེ།  རྟགས་ལ་འདོད་ལན་བཏབ་པའི་དོན་དཔེར་ན།   རྟགས་གསལ་གང་གི་གསལ་བ་ལ་འདོད་ལན་སོགས་མ་ཐེབས་པར་རྟགས་བཀོད་ཚེ་མ་ཁྱབ་དང་མ་གྲུབ་པའི་ལན་ཡང་འདེབས་མ་ནུས་ནས་འདོད་ཅེས་ཟེར་བ་མ་གཏོགས།   སྔོན་དུ་རྟགས་བཀོད་པའམ་ཕྱིར་ཞེས་བརྗོད་པའི་རྗེས་སུ་འདོད་ཟེར་བ་ཙམ་གྱིས་མཚན་ཉིད་པའི་ཞབས་འདྲེན་དུ་མི་འགྱུར་རོ།  དེ་ལྟར་མ་ཡིན་ན་ཁྱབ་པ་མ་བྱུང་ཟེར་མཁན་དེ་ཡང་དོན་དུ་ཞབས་འདྲེན་དུ་འགྱུར་རོ།  ཞེས་སོགས་ཟེར།  རང་གི་བསམ་ཚུལ་ཡང་དེ་རིགས་ལ་འདོད་ལན་བཏབ་ན་ཚིག་དོན་གཉིས་ཆར་སྐྱོན་མེད་དོན་མཐུན་གྱི་ལན་དུ་འདོད།  འོན་ཀྱང་འདིའི་སྐོར་ལ་འབྲེལ་ཡོད་གྲོགས་མཆོག་རྣམས་ནས་གསལ་ཁའམ་ཡང་ན་རང་རང་གི་བཞེད་ཕྱོགས་ཅི་ཡོད་བསྲི་ཚགས་མེད་པར་བཀའ་མོལ་ལྷུག་སྩོལ་ཡོད་པར་མཁྱེན།།   

༢༠༡༢་༩་༢༤

 
 
Re:རྩོད་ལན་ཤ་ཐོག་མེ་བཙའ།
[ 2012/10/3 22:29:26 | By: སྐུ་མགྲོན་pTkw5B(སྐུ་མགྲོན) ]
 
སྐུ་མགྲོན་pTkw5B(སྐུ་མགྲོན)འགོ་མཇུག་གང་ཡང་མེད་པར་“ཀ་བ་དངོས་པོ་ཡིན་པའི་ཕྱིར།” ཟེར་མཁན་དེ་ཚོ་རྩ་མ་ཚང་མཁན་ནམ། ཡང་ན་འཆད་རར་ཉི་མ་མི་ཆོད་ནས་ཅི་གྲོས་མི་གྲོས་འཆད་སྡོད་མཁན་དེ་ཚོ་རེད། དེ་མིན་འགོ་མཇུག་གང་ཡང་མེད་པའི་ཚིག་དེ་ཚོ་རིག་ལམ་པའི་ངག་ཞིག་ནམ་ཡང་མི་འདོད་དོ། གལ་སྲིད་མི་ཞིག་གིས་དེ་ལྟར་ལབ་པའི་དབང་དུ་བཏང་ཚེ་ཁྱེད་རང་སྨྱོན་པ་ཡིན་པས་ཞེས་ཕར་འདྲི་རྒྱུ་ལས་གང་ཡང་མེད་དོ།
 
 
Re:རྩོད་ལན་ཤ་ཐོག་མེ་བཙའ།
[ 2012/9/28 19:50:37 | By: སྐུ་མགྲོན་0Fv2YL(སྐུ་མགྲོན) ]
 
སྐུ་མགྲོན་0Fv2YL(སྐུ་མགྲོན)ང་ཡི་ལྟེས་ན་མ་ཁྱབ་ཅེ་ལན་འདབ་དགོས་ས་རེད་
 
 
Re:རྩོད་ལན་ཤ་ཐོག་མེ་བཙའ།
[ 2012/9/27 22:16:22 | By: zhongsong ]
 
zhongsongདེ་ལྟ་བུའི་གསུང་གླེང་གནང་བར་དགའ་བསུ་ཞུ། གུས་པས་དེ་སྔོན་ཁྱབ་པ་མ་བྱུང་ཞེས་པའི་ལན་རྒྱབ་ན་བདེ་བར་སྙམ་ནས་དེ་བཞིན་བྱེད་ཀྱི་ཡོད། འོན་ཀྱང་ཉེ་ཆར་གྲོགས་པོ་འགས་མཐོང་ཐོས་ལ་༼ཀ་བ་དངོས་པོ་ཡིན་པའི་ཕྱིར་༽ཞེས་པ་དེ་ལྟ་བུ་ལ། ཁྱབ་པ་མ་བྱུང་གི་ལན་བཏབས་ན་ཁྱབ་པ་སློང་ཚུལ་ཞོགས་ཟེར་ནས་རིགས་ལམ་པས་ཨུ་ཚུགས་ཆེན་པོ་བྱས་རབས་བཤད་རྒྱུ་འདུག དོན་ངོ་མ་ཁྱབ་པ་མ་བྱུང་ཞེས་ལན་བཏབས་ན་ཁྱབ་པ་སློང་དགོས་སམ། གལ་སྲིད་ཁྱབ་པ་སློང་པའི་དབང་དུ་བཏང་ན་ཡང་ཀ་བ་དངོས་པོ་ཡིན་ན་ཁྱབ་པ་མེད་ཅེས་བརྗོད་ན་ཇི་འདྲ་ཡོང་རྒྱུ་རེད། ཡང་རིག་ལམ་ཀ་བ་དངོས་པོ་ཡིན་ན་ཁྱབ་པ་ཡོད་བ་ཐལ་ཟེར་ན། དེ་རིགས་སྦྱོར་ལུགས་སྐྱོན་ཅན་ཡིན་ནམ། མིན་ན་ལན་ཅི་ཞིག་འདེབས་དགོས། དེ་དང་དེ་ལྟ་བུའི་གནད་དོན་རྣམས་ལ་སྐུ་ཉིད་ནས་གསལ་བཤད་གནང་བའི་རེ་བསུ་ཆེ་ཞུ།
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
དྲྭ་གྲོགས་མཆོག་ནས་དཔྱད་གླེང་གནང་བར་གུས་འདུད་ཞུ། གོང་གསལ་ལྟར་གྱི་ཁྱབ་པ་མ་བྱུང་ཟེར་མཁན་དེ་ཡང་གྲྭ་ས་ཆེ་བ་ཁག་ནས་གསུང་སྲོལ་ཡོད་མཆི། དེའི་རྒྱུ་མཚན་ཀ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་རྟགས་བཀོད་པའི་ཚུལ་དུ་ཡིན་ཕྱིར་སྤྱིར་རྟགས་ལ་ལན་རྟགས་མ་གྲུབ་པའམ་ཁྱབ་པ་མེད་ཅེས་ལན་གཉིས་ཙམ་ཡོངས་གྲགས་ཡིན་པ་ལྟར་ལ་རྟགས་གྲུབ་པ་གཞིར་བཞག ཁྱབ་པ་དངོས་སུ་མེད་ཚུལ་ཡང་བཤད་དུ་མེད་སྟབས་ཁྱབ་པ་མ་བྱུང་ཞེས་པའི་ལན་དེ་འདྲ་ཞིག་གནང་སྲོལ་བྱུང་བ་འདྲ། དེས་ན་ལན་དེའི་དོན་གོ་བའི་རིགས་ཀྱིས་ཁྱབ་པ་སློང་སོགས་ཀྱི་རྩོད་པ་དེ་དག་ཡོང་བཟོ་མེད་པ་ཡིན་འདུག ཡང་དེ་ལ་འདོད་ཀྱི་ལན་རྒྱབ་ཀྱང་སྐྱོན་མེད་ཚུལ་གོང་དུ་བཤད་པ་དེ་ལྟར་ལགས། དེས་ན་ལན་གཉིས་པོ་གང་ལ་ཡང་རྒྱུ་མཚན་མེད་པ་ཞིག་ནི་མིན། འོན་ཀྱང་ཡིན་པའི་ཕྱིར་ཞེས་པའི་ལན་དེའི་ཁུངས་སམ་རྒྱུ་མཚན་གསལ་པོ་ཞིག་གུས་པའི་བློ་ངོར་མ་ཤར་བས་ད་དུང་དཔྱད་པར་ཞུ།
 
 
Re:རྩོད་ལན་ཤ་ཐོག་མེ་བཙའ།
[ 2012/9/24 11:33:23 | By: སྐུ་མགྲོན་OSJv48(སྐུ་མགྲོན) ]
 
སྐུ་མགྲོན་OSJv48(སྐུ་མགྲོན)འཆད་གླིང་ནས་མ་ཤེས་པ་འདི་ནས་དེ་ཙམ་གླེང་བས་ཤེས་མི་ཐུབ་ཡིན་ཡང་རང་རང་གི་བསམ་ཚུལ་རེད།
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
འཆད་གླིང་ཞེས་སྤྱི་མིང་ཙམ་ལས་དེ་ནས་མ་ཤེས་ན་གཞན་ནས་ཤེས་མི་ཐུབ་པའི་ངེས་པ་མེད་མོད། ཡིན་ཡང་དྲྭ་གཟིགས་མང་པོ་ཞིག་རིག་གཞུང་ལའང་སྤྱན་དཀྱུས་རྣོ་བ་ཤ་སྟག་ཏུ་སོང་ལ་གསུང་ལན་ཡང་སྟབས་བདེར་གནང་ཆོག་སྟབས་བྱས་པ་ལགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.