སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཐབས་གཞན་ཅི་ཡང་མེད། | 2011/5/10 1:23:00

ཐབས་གཞན་ཅི་ཡང་མེད།

རེབ་སྐྱིད་ཡར་འཕེལ།

 

སྐྱོ་སྣང་གི་བཟི་ཁ་བཙན་པོའི་འཇིག་རྟེན་གྱི་མངའ་ཐང་འདིར་སླེབས་དུས

རྩོད་ཡུལ་གྱི་འཇིག་རྟེན་ལ་མེ་ཕུང་གི་དྲོད་ཁོལ་བསྩལ་ནའང

ངའི་ཁོ་ར་ཁོར་ཡུག་ན་ཕམ་ཉེས་སུ་གྱུར་བའི་གཏམ་རྒྱུད་རིང་མོ་ཞིག

བྱེ་ཐང་གི་རླུང་བུ་དང་སྡོང་ནས་ངའི་སེམས་པའི་སྤང་ལྗོངས་ལ

ཞེ་སྡང་དང་གདུག་རྩུབ་ཀྱི་ཟེགས་མས་སྔོ་ལྗང་གི་ལང་ཚོ་གསར་བཅོམས

དུས་དེ་ནས་བཟུང  

གནམ་སྔོན་པོ་ས་རུ་གྱུར་ཞིང   ལྷ་སྲུང་མ་མི་རུ་གྱུར་བའི་གཏམ་རྒྱུད་འདི

སྤྱང་ཚོགས་ཀྱི་འདུར་རྒྱུགས་དང་ཝ་མོ་ཚོའི་སྒྱུ་འཕྲུལ་ལས་མཆེད་ཅིང

འག་རླུང་གི་འགྱུར་ཁུག་དང་སྡོང་ནས་ངའི་ཁོར་ཡུག་གི་བདེ་བ་འཕྲོག

དོ་ནུབ  ང་བར་ཐག་རིང་ལ་ཕྲེང་ལམ་དོག་པའི་དཀྱོགས་མཚམས་ནས་འགྲེང་ཏེ

ཐར་ལམ་གྱི་ཆེད་དུ་འག་རླུང་ལ་གདོང་གཏུག་བྱས

མཁའ་དབྱིངས་ན་འཚེར་བའི་རྒྱུ་སྐར་འོད་ཆེན

གྱིས་འཁྲེངས་སེམས་ཀྱི་གླུ་ངག་མང་དུ་བཏང་ཀྱང

ཁེར་རྐྱང་གི་ཟླ་བ་གོར་མོར་བརྙོས་བཅོས་དང་འཕྱ་སྨོད་ཀྱི་སྤྱང་ཚོགས་མང་པོས

རྒྱང་ཐག་མི་རིང་བའི་ངའི་སེམས་པར་རྨ་ཁ་བཟོས

བྱེ་ཐང་གི་རླུང་བུས་ཕྱི་ནང་གི་གཟུགས་བརྙན་ལ་བསྒམ་བརླིང་གི་ཆོད་སེམས་མེད་པར

ངའི་འོད་སྣང་གི་ཞིང་ཁམས་ལ་འཇབ་རྒོད་བྱས

ཐམས་ཅད་རང་ལས་འཐོར་བའི་བྱེ་མ་སྤར་གང་བཞིན

ངའི་དོན་སྙིང་གི་བརྩེ་དྲོད་མངར་མོ་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཐོ་སྒང་ལ་གཏོར

དེ་བས  གངས་དཀར་པོའི་འདབ་རོལ་དང་རྫ་སྨུག་པོའི་དབུ་རྩེ་ཡོད་ཚད

ངའི་རུས་རྐང་འཐོར་ཞིང་རྣམ་ཤེས་འཁྱམས་པའི་དུར་ས་ཁོ་ན་རེད

དེ་ནས་བཟུང   ངའི་དུངས་སེམས་ཀྱི་ཀི་སྒྲ་དང་སྙིང་གཏམ་གྱི་ནང་སྙིང་མངར་མོ

བྱ་རྒོད་པོའི་གཤོག་འགྱུའི་བར་ནས

རྔམ་བརྗིད་གྱིས་འགྲེང་བའི་སྲོག་ཤིང་དེའི་སྙིང་དབུས་སུ་འཕུར་ཏེ

འཚོལ་སྙེག་གི་གོམ་སྟོབས

ཡང་མོ

པོ་ཏ་ལའི་རྒྱབ་ལྗོངས་སུ་སྤོ་འགོ་བརྩམས་པ་ནས་བཟུང

ངས་ཁྱོད་ཀྱི་ཕྱི་རོལ་ན་འཛུམ་པའི་སྤྲོ་ཉམས་ལ་བསྟོད་གླུ་བླངས་མ་མྱོང་ལ

དུང་སེམས་ཀྱི་སྙན་ངག་གི་སྨྱུག་རྩེ་ཡང

བརྗོད་དཀའ་བའི་ཁྱོད་ཀྱི་ནག་འཁྱོག་གི་སྨིན་མཚམས་སུ་འཁྱུད་མ་མྱོང

རང་གཤིས་སུ་གྲུབ་པའི་སྤང་ལྗོངས་ཡངས་པའི་ཁུག་སོ་ན

ཁེར་རྐྱང་གི་བསམ་གཞིགས་ཀློང་ནས་མེ་ཏོག་དམར་པོའི་ཕོ་བྲང་བཞེངས

ཞི་བདེ་ཡི་ཕུག་རོན་དཀར་པོ་གངས་སེང་དཀར་མོས་ངར་སྐད་འོག་ནས་ཕྱོགས་བཞིར་འཕུལ

རྒྱུན་ལྟར་རང་ཉིད་འདི་ལྟ་བུའི་བསམ་གཞིགས་ལ་དུངས་ཞིང

བསམ་གཞིགས་ཀྱི་ཀློང་རུམ་སྟུག་པོ་ནས་ད་གཟོད་གཉིད་ལས་སད་དེ

རང་དབང་གི་བདེན་དཔང་དྲོན་མོ་སྲོལ་རྒྱུན་གྱི་དབུ་རྩེ་ནས་བླངས་སྟེ

ཆེས་མཐའ་མཇུག་གི་ཞིམ་མངར་མྱོང་བ་ཡིན་པས

ངའི་འཇིག་རྟེན་ན་འཚོ་བའི་ཁྱི་དང་ཝ་མོ་ཚོའི་གཡོ་འཕྲུལ་གྱི་འཁོར་ལོ་ལ

ད་ནི  ཀུན་བཟུང་གི་རལ་གྲི་རྣོན་པོས་རྒོད་ལན་སྤྲོད་པ་ཡིན

རྩོམ་པ་པོ།:རེབ་སྐྱིད་ཡར་འཕེལ། | བལྟ་ཀློག | ལན་སློག(0) | འདྲེན་བཀོལ་སྤྱི་བསྒྲགས | རྩོམ་སྒྲིག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.