འདི་སྐབས་དགོན་པར། རྒྱུན་སྡོད་གྲྭ་རྒན་གསུམ། གྲྭ་ཆུང་གསུམ། ཕྲན་དང་བདུན་ཡོད་པ་ལས། འདུས་པའི་ཐ་མ་བྲལ་བའི་བོན་ཉིད་ལྟར། ད་ལོ་གཉེར་པས་སྒྲུབ་ཁང་གྲྭ་རྒན་གསུམ་ལ། སྔོན་མ་ངས་ཞབས་ཕྱི་སྒྲུབ་པ་ལྟར་མ་འབྱོར་བ། དཔེར་ན་སྐབས་འགར་སྔོ་བཀོལ་རྒྱུ་ཆད་པ། སྐབས་འགར་སྔོ་ཡབ་ཤ་ཚིལ་ཆད་པ། སྐབས་འགར་ཙམ་པ། ཆད་གྲབ་བྱེད་པ་སོགས། འགའ་འགའ་བྱུང་བས། ཁོང་གྲྭ་རྒན་གསུམ་གྱི། བླ་གྲྭ་ཚང་འཛོམས་ཐོག་ སྒྲུབ་ཁང་ལྷ་མཆོད་ལས། དགོང་པ་ཞུས་པས། བླ་གྲྭ་ཚང་མའི་རེ་བ། ག་ཚད་ཞུས་ཀྱང་མ་གསན་པར། གྲྭ་རྒན་ཚུལ་འོད་དང་། བློ་ལྡན་གཉིས་དགོང་པ་ཞུས་སོང་། དེ་ནས་བྱང་ཆུབ་ཀྱང་། གྲྭ་རྒན་ཞིག་རོགས་པ་མེད་ན། མི་སྡོད་ཟེར་བས། སྔོན་མ་༡༩༩༩་ལོར། དགོན་པར་སྒྲུབ་ཁང་སྡོད་མཁན། གྲྭ་རྒན་སྐལ་ཐར། སྒྲུབ་ཁང་ལྷ་མཆོད་བཞུགས་རོགས་ཞུས་པས། ཁོང་གི་ང་༡༩༩༩་ལོར་སྒྲུབ་ཁང་སྡོད་སྐབས། དང་པོ་དགོན་པའི་སྟེར་འོང་བཤད་པ། མ་སྟེར་བར། ཟ་རྒྱུ་ཆད་པའི་མ་ཚད། ལྕི་ཤིང་ཡང་ཆད་སོང་། དེ་སྐབས་མཁན་པོའི་སྟེར་འོང་བཤད་པ་ལས། དངུལ་སྒོར་༥༠༠་་། མཐའ་ད་རུང་ཡང་། འཕྲོད་མ་བྱུང་ཟེར་བས། སྔོན་མ་ཆད་པའི་སྒོར་༥༠༠་་། དེ་སྤྲད་པ་དང་། དེ་ནས་ད་ལོ་ཚོད་ལྟའི་ཚུལ་དུ། སྒྲུབ་ཁང་ལྷ་མཆོད། ལོ་གཅིག་སྡོད་རྒྱུ་ཁས་བླང་། དེ་ནས་གྲྭ་རྒན། བྱང་ཆུབ་དང་སྐལ་ཐར། གྲྭ་ཆུང་གོང་འཕེལ་བཅས། སྒྲུབ་ཁང་ལྷ་མཆོད་བཞུགས་རོགས་བྱས། ཁོང་ཚོའི་འཚོ་བ་སྔོན་མ་ཡིན་ན། སྔོ་དང་མར་ཙམ་པ་སོགས། ཟད་འདང་བྱེད་པ་ལ། འདི་ལོ་ཁོ་ཚོའི་གཉེར་པ་མི་ཁོམ་ནས། སྔོ་སོགས་ཆད་འགྲོ་བ་འདུག་པས། ཁོ་ཚོ་ལ་ཟླ་རེ་ག་ཚད་སྤྲད་ན། འཆར་གཞི་བཟོས་ནས། ཁོ་ཚོ་ལ་སྤྲད་རོགས། ཉོ་མི་ཁོ་ཚོའི་ཐབས་ཤེས་བྱེད་རྒྱུ་ཡིན། ཕྱེ་ཕུད་ཙམ་པ་བརྔོ་འཐག་བྱེད་རྒྱུ། གཉེར་པས། འགན་ལེན་རོགས་ཟེར་བ་ལྟར། ཟླ་བ་རེ་ལ་མི་རེར་སྒོར་༡༥༠་་རེ་སྤྲད་རྒྱུ་བྱས། ཚེས་་༡༠་དགོན་པའི་འགན་ཁུར་འདམ་བསྐོ་བྱས། ཚེས་་༡༡་ཉིན། ཕྲན་དམར་རོང་ལྷ་བྲག་དགོན་དུ། གྲི་འདུར་བཅའ་འདོན་བྱེད་ལ། འོང་རོགས་ཟེར་བཞིན་སོང་། དེ་ནས་ཚེས་༡༨་་ཉིན། དམར་རོང་འདུར་ཐོན་ནས། ལྷ་སར་ནད་བརྟག་དཔྱད་དང་སྨན་བཅོས་བྱེད་པར་སོང་ནས། བརྟག་དཔྱད་བྱས་འབྲས། ད་མཆིན་པ་ལ་ནད་མི་འདུག་ཟེར། ཚེས་༢༨་ཉིན། དགོན་པར་འབྱོར། ཟླ་་༥་་པའི་ཚེས་་༡༣་་ཉིན། དགོན་པར་བླ་གྲྭ་རུག་ནས། ལྡོམ་བུ་འགྲོ་རྒྱུ་གྲོས་བྱས། ཚེས་་༢༡་་ཉིན། ཕྲན་གྲྭ་ཉི་མ་དང་ལྷན་དུ། སྤུ་ཐོགལ། འབུ་ལྡོམ་སོང་བས་འབུ་་༤༠༨་་བྱུང་བ། གྲྭ་རྒན་གཉིས་ལ་རྩིས་སྤྲད། བསམ་དགེ་དང་སྨོན་ལམ་གཉིས། འབོ་གཞུང་ལ་འབུ་ལྡོམ་སོང་བས་འབུ་་༤༧༦་་བྱུང་བ། གྲྭ་རྒན་གཉིས་ལ་རྩིས་སྤྲད།་ཚུལ་ཉི་དང་སྐལ་བཟང་གཉིས་ཁྲ་ལྕམ་ཝ་གསུམ་ལ། འབུ་ལྡོམ་སོང་བས་འབུ་་༥༨༢་་བྱུང་བ་གྲྭ་རྒན་གཉིས་ལ་རྩིས་སྤྲད། སྤྱི་ཟླ་༧་པའི་ནང་སྔར་ལྟར་དགོན་པ་འཚོགས་སྐབས། གཉེར་རྩིས་གཏུག་ནས། གཉེར་པ་གཡུ་ལྷ་དཔལ་ལྷ་བརྗེས། གཉེར་གསར། སྨོན་བསྟན་དང་ཚུལ་དཔལ་བསྐོས། དཔལ་འབྱོར་དང་དངུལ་རྩིས་བླང་ འདི་ལོར་ཕྲན་གྱི་ལག་ཏུ། ཚུར་བྱུང་ཡོད་པ། གཉེར་པར་རྩིས་སྤྲད་ཟིན་པ་རྣམས་རྩིས་གཏུག་ འདིའི་བསྐོར་ཕྲན་གྱིས། ཁྱུང་རབས་ལོ་རྒྱུས་ཤིག་ བརྩམས་འབྲི་བྱས་པ་དང་། ཕྲན་དང་བསམ་དགེ་ཚུལ་ཉི་དཔལ་མཆོག་བཅས། ངེད་ལྔ་གྲོས་བྱས་ཏེ། མཐའ་ཞུ་བླ་རབས་ལ་གཞི་བཟུང་ནས། ཁྱུང་ནག་དགོན་བསམ་གཏན་གླིང་གི་ལོ་རྒྱུས་ཤིག་བྲིས་ཏེ། ཁྱུང་པོ་སྟེང་ཆེན་དེབ་གཉིས་པར་འགོད་རོགས་ཞུས། དེ་བསྐོར་ནག་རུ་དགོན་པའི་བླ་གྲྭ་ཚང་མར་ཚོགས་འདུ་སྐབས། ཕྲན་གྱིས་རེ་བ་བཏོན་པར། ཁྱེད་བླ་གྲྭ་རྣམས་ངེས་པར་དུ་དགོན་པར་བཞུགས་རོགས། གྲྭ་པ་ཐམས་ཅད་གཙོ་བོ་དགོན་པར་བསྡད་དེ། བོན་འཆད་ཉན་སྒོམ་སྒྲུབ་བྱེད་དགོས་པ་ལས། གནས་བཅའ་ས་ཕ་ཁྱིམ་མ་ཁང་དུ་བྱེད། མོས་པ་ཡོད་ན་གྲོང་པར་གསོན་གཤིན་གྱི་དཀོར་རྗེས་འབྲང་། མོས་པ་མེད་ན་འཟའ་ཉོབ་དང་ལྷན་དུ་འདུག་་གྲྭ་པ་འགའ་ཤས་ཀྱི་ཁྱིམ་དཔོན་བྱེད་ནས་བཟའ་འགན་ཁུར། འགའ་ཤས་ཀྱི་ཁྱིམ་གྱི་གཡོག་པོ་བྱེད་ནས་འདུག་པ་འདི་འདྲ་མ་བྱེད། མ་གཞི་དགོན་པའི་མཁན་པོ་བསམ་དགེ་ལ་ཆ་མཚོན་ན།ངས་ཤེས་ཚོད་ཙམ་ལ། ༡༩༦༩་་ལོར་སྐྱེས། ད་ལོ་༤༦་་ཡིན། ༡༩༨༥་ལོར་རྩེ་དྲུག་ཏུ་གྲྭ་པ་བྱས། ༡༩༩༠་ལོ་ནས་༡༩༩༢་ལོ་བར་དུ། ལུང་དཀར་དཔོན་སློབ་དྲུང་དུ་མཚན་ཉིད་སྦྱོང་། ༡༩༩༤་ལོ་ནས་༡༩༩༦་བར་དུ། སྨན་རི་དགོན་དུ། སྨན་སློབ་སྐལ་བཟང་གཡུང་དྲུང་མདུན་དུ། མཚན་ཉིད་སྦྱོང་ནས་དགེ་བཤེས་ཀྱིས་ལག་ཁྱེར་ཐོབ། ༡༩༩༦ལོའི་དབྱར་ཁ། ནག་རུ་དགོན་པའི། མཁན་པོར་རྟགས་རིལ་སྦྲིལ་བས། རྟགས་རིལ་མ་བབས་ཀྱང་། ཁོང་གི་ཉེ་ཡ་འགོ་ཁྲིད་རྣམ་རྒྱལ་དང་། ཚ་བོ་གྲྭ་གཡུ་ལྷ། གྲྭ་སྨོན་ལམ་བཅས་ཀྱིས། ནག་རུ་དགོན་དུ་གདན་དྲངས་པ་དང་། ༡༩༩༧ ལོར་དགོན་པའི་ཀྲུའུ་རིན་གཞོན་པར་བསྐོས་དང་། དུས་དེ་ནས་ད་ལོ་༢༠༠༩་ལོ་བར་དུ ༡༩༩༧་་ལོའི་དགུན་ཁ་དགོན་པར། བྱམས་མ་ཞེ་དགུ་གཅིག་སྒྲུབ་པ་དང་། ༡༩༩༨་་ལོའི་དཔྱིད་ཀར་གཞན་སྤར་ཉིན་བདུན་ལ་སྦྱོང་། ༢༠༠༣་་ལོར་དགོན་པར་རྩ་རླངས་ཞག་བརྒྱ་ལ་སྦྱོང་། ༢༠༠༦་ལོར་མུན་མཚམས་ཞེ་དགུ་གཅིག་བཞུགས་པ་དང་། ༢༠༠༧་ལོ་ནས་དགོན་པར་འདུ་འཚོགས་དང་། ལྡོམ་བུ་ལྕི་ཤིང་བཅས་ལ། ངས་ལས་བགོས་བྱས་པ་ལྟར་འགན་སྣ་རེ་ཁུར་བ་རེད། དེ་མིན་༢༠༠༧་ལོ་ནས་༢༠༠༩་ལོ་བར་དུ། དགོན་པར་ཟླ་བ་དྲུག་ཀྱང་བསྡད་མ་མྱོང་བར། སྡེ་ནང་ལ་གསོན་གཤིན་གྱིས། རིམ་གྲོ་ལ་ཕེབས་མི་དགོས་དུས། ཁྱིམ་ལ་ཆང་རག་གསོལ་བཞིན་འཚོ་བ་བསྐྱལ་ནས་བཞུགས་ དགེ་བཤེས་ཐོན་པའི་དཀའ་དྲིན་ལས་ བོན་འཆད་ཉན་སྒོམ་སྒྲུབ་བྱེད་དེ་དགོན་པར་སྡོད་མི་དགོས་པར། ཆང་རག་འཐུང་བཞིན་བཟའ་ཉུབ་དང་ལྷན་དུ་ཁྱིམ་ནང་བསྡད་རྒྱུའི། བཤོ་སྲོལ་དང་མིག་ལྟོས་ ནག་རུའི་བླ་གྲྭ་ཚོར་བཞག་པས་མ་ཚད། ཆང་རག་འཐུང་བཞིན་རྔ་ཐོག་གྲོང་འགྲིམ་བྱེད་པའི། འགོ་ཁྲིད་ཡག་པོ་མཛད་སོང་། ད་ཕྱིན་ཁྱེད་ཀྱི་དེ་ལྟར་མི་མཛད་པར་དགོན་པར་བཞུགས་རོགས་ཞེས་འཚང་འདྲུ་བྱས་ནས་ཞོར་རེ་བ་ཞུས་པས། བསམ་དགེ་ནས་རིང་མིན་དགོན་པར་བཞུགས་འོང་ཞེས་ཁས་ལེན་མཛད་བྱུང་། དེ་ནས་མཐའ་ཞུ་བླ་མ་དཔལ་མཆོག་ཆ་བཞག་ན། ཆུང་ནས་མ་གྲོང་སོང་བས། ཕ་རྒན་གཡུང་དྲུང་གྲགས་པས། གཅེས་སྐྱོང་འོག་མཚར་ལོང་བྱུང་བ་དང་ཕ་རྒན་གྱིས། ཡི་གེ་སོགས་བསླབ། ལོ་་༡༧་ནས་གཟི་ཀིས་དུ་ཕྲན་གྱི་གཅེན་པོ། ཚུལ་ཁྲིམས་ཡེ་ཤེས་དྲུང་དུ། ཟླ་བ་གཉིས་བསྡད་དེ་སྔོན་འགྲོ་དངོས་བཞི་སྦྱོང་། དེ་སྐབས་བླ་མས་སྔོན་འགྲོ་བཀའ་ལུང་བརྒྱ་མཚོ་དང་། སྡེ་སྣོད་མཛོད་སོགས་ཀྱི་ཁྲིད་གསུང་པ་རྣམས། དཔལ་མཆོག་གིས་མ་ཉན་པར། སྔོན་འགྲོའི་སྒོམ་རིམ་དང་ངག་འདོན་གྱི་ལུང་ཞུས་ཏེ། བསགས་སྦྱོང་ཐོན་ཐབས་བྱས་པས། དེ་སྐབས་ཕྲན་གྱི་གཅེན་པོ། མཐའ་ཞུ་དྲངས་སྲོང་ཚུལ་ཁྲིམས་ཡེ་ཤེས་མཆོག་ནས། ཚ་བོ་དཔལ་མཆོག་དང་། ཉི་མ་འོད་ཟེར། མི་ནུབ་རྒྱལ་མཚན་ཁྱེད་གསུམ་ལ་བཀའ་སློབ་གནང་དོན། ཁྱེད་མཐའ་ཞུའི་གདུང་འཛིན་རྣམས། སྡེ་ནག་རུ་ཞང་མགོན་གཉིས་ཀྱིས། ཤི་ཕོ་བརྒྱ་ཡི་རྣམ་ཤེས་བཅོལ་ས་དང་། གསོན་པོ་སྟོང་གི་བླ་ཚེ་བཅོལ་སའི། བླ་མར་རེ་ལྟོས་བྱེད་འདུག་པས། ཁྱེད་ཚོས་ད་ལྟ། ལོ་ཆུང་དུས་འདིར། བློ་རིག་གྲུང་བས། ཡོན་ཏན་སྦྱོང་བརྩོན། བསླབ་པ་སློབ་གཉེར་གཙོ་བོར་བྱེད་དགོས་ཤིང་། དཔེར་ན། ད་ལྟ་ཁྱེད་ཚོ་ཞིང་ས་གཤིན་པོ་དང་འདྲ་ཞིང་། ཞིང་ཁར་སོན་ལེགས་ཉེས་དང་། རྨོ་བརྐོ་སོ་ནམ་བཟང་ངན་གྱིས། འབྲས་བུའང་དེ་བཞིན་སྨིན་པ་ལྟར། ཁྱེད་ཚོའི་བློ་ཡི་ཞིང་སར། བོན་མདོ་སྔགས་སེམས་གསུམ་གྱི་སྒོ་ནས། ཁྲིད་ལུང་དབང་གསུམ་གྱི་ སོན་བཟང་འདེབས་དགོས་ལ། སོན་རྩ་དེ་སྨིན་པའི་ཕྱིར་དུ། གཡུང་དྲུང་བོན་ལ། ཐོས་བསམ་དང་བསླབ་གཉེར། གཙོ་བོར་འཛིན་དགོས་ཤིང་། མིང་སྙན་གྲགས་ཀྱི་ཆེད་དུ། སྔོན་འགྲོ་འབུ་དགུ་བསགས་སྦྱོང་དང་། དངོས་གཞི་ངོ་སྤྲོད་ཙམ་དང་། རྩ་རླངས་ཐིང་འགའ་སྦྱོང་ཀྱང་། སེམས་རྒྱུད་བོན་གྱིས་མ་གྲོལ་ཏེ། སེམས་ཀྱི་ཉོན་མོངས་རྩ་བ་ནས་མ་ཐུལ་ན། སྦྱོང་པ་བྱས་པས་ཕན་པ་བས་གནོད་ཚབ་ཆེའོ། དཔེར་ན། གདུང་རྒྱུད་ནི་གསེར་གྱི་མཆོད་རྟེན་དང་འདྲ་ལ། ཕྱི་ཚུལ་གྱི་སྦྱོང་པ་ཉམས་ལེན་ནི། མཆོད་རྟེན་གྱི་སྐྲ་རྒྱན་དང་མཚུངས་ཞིང་། ཐོས་བསམ་སློབ་གཉེར་བྱས་ཏེ། བོན་ལ་ཤེས་རབ་འཕེལ་ནས། རང་རྒྱུད་གྲོལ་བ་ནི། མཆོད་རྟེན་གྱི་གཟུངས་གཞུགས་ལྟ་བུ་ཡིན་པས། གཙོ་བོ་མཆོད་རྟེན་ལ་དགོས་ངེས་ཀྱི། གཟུངས་གཞུགས་མེད་ན། གསེར་གྱི་མཆོད་རྟེན་ལ། གསེར་གཡུ་གཟི་བྱུར་གྱི་སྐྲ་རྒྱན་མཛེས་ཀྱང་། མཆོད་པའི་རྟེན་དུ་མི་རུང་བ་བཞིན། སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་པའི། མཐའ་ཞུའི་གདུང་རྒྱུད་ཡིན་ཀྱང་། བོན་མདོ་སྔགས་སེམས་གསུམ་ལ། ཐོས་བསམ་འཆད་ཉན་བྱས་ཏེ། རང་རྒྱུད་མ་གྲོལ་ན། འགྲོ་འདྲེན་བླ་མའི་མིང་ཁུར་ནས། གྲོང་པར་དཀོར་ནག་གི་རྗེས་སུ་འབྲིང་སྔ་ན། གཞན་འགྲོ་བ་འདྲེན་མི་དགོས། རང་ཡོན་ཏན་མ་སྦྱོང་པས་བློ་རྨོང་། བོན་ལ་ཐོས་བསམ་མ་བྱས་པས་ཤེས་པ་བླུན་ཏེ། བླུན་པོ་ཆུ་སྣ་གར་ཁྲིད་ཅེས། གཞན་གྱི་ཟེར་སྒྲོས་དང་མི་མང་གི་འུར་སྒྲ་ལ་ཉན་པ་ལས། རང་གི་ཐར་ལམ་གར་འདྲ། སྒྲུབ་དགོས་པ་ཡང་ཤེས་དཀའ་བས། ངེས་པར་དུ་གཟི་ཀིས་རི་ཁྲོད་འདིར། ལོ་ཤས་བསྡད་དེ་ཐོས་བསམ་སྦྱོང་རོགས་གསུང་ཀྱང་། ཁྱེད་ཚོའི་བླ་མའི་གསུང་པའི་གདམ་ངག་དེ་ཚོ། རྣ་བའི་རྒྱབ་ཀྱི་ལྷག་པར་རྩིས་ནས། གཟི་ཀིས་རི་ཁྲོད་དུ་ཟླ་བ་གཉིས་ལས། མ་བསྡད་པར་གྲོང་གསེབ་ཏུ་ཕེབས་སོང་བ་དང་། དེ་རྗེས་རྫོང་ཁྲོད་དུ་སྔ་ཕྱི་རྩ་རླངས་ཐིང་གཉིས་སྦྱོང་པ་དང་། འཕོ་བ་གཞན་སྤར་ཞག་བདུན་ལ་སྦྱོང་། དེ་རྗེས་ཕྲན་ལ་འདུར་བཅའ་འདོན་སློབ་རོགས་ཟེར་བས། ཕྲན་གྱིས་འདུར་བཅའ་འདོན་ཙམ་སློབ་པ་དང་། འདུར་བཅའ་འདོན་མ་བྱེད་པས་སྔོན་དུ། ཡི་དམ་དབལ་གསས་དང་། ཕུར་པའི་བསྙེན་ཚད་ཐིང་གསུམ་ཡན་བཏང་ནས། སྒྲུབ་པར་ཞག་བརྒྱ་འགའ་ཤས་བཞུགས་དགོས་པས་རེ་བ་བཏོན་ཡང་། དབལ་གསས་ཞག་མ་བཅུ་ཕྲག་འགའ་ཙམ། ཐིང་གཉིས་ལས་མ་སྒྲུབ་པ་དང་། འདུར་གྱི་ལུང་ཞུ་དགོས་པ་དང་། འདུར་ཁྲིད་དང་། འཕོ་ཁྲིད་བྱང་ཁྲིད་བཅས། སྦྱོང་དགོས་པས་དྲན་བསྐུལ་བྱས་ཀྱང་། འདུར་བཅའ་འདོན་ལ་བྲེལ་ཏེ། འདུར་གྱི་ལུང་ག་ལ་ཞུ་སྟེ། འཕོ་ཁྲིད་དང་བྱང་ཁྲིད་འདུར་ཁྲིད་བཅས་ལ་ནི། བལྟ་ཙམ་ཡང་མ་བྱས་པའི་མ་ཚད། གྲི་འདུར་དང་ཆུང་འདུར་གྱི། འཕྲིན་ལས་གོ་རིམ་ཡང་མི་སྦྱོང་པར། འདུར་བཅའ་འདོན་ཤེས་པ་ཙམ་ལ། ཡིད་ཚིམ་ཏེ་རྔ་ཐོག་གྲོང་འགྲིམས་མཛད་སོང་ལ། ༢༠༠༧་ལོར་ཕྲན་གྱིས། ནག་རུ་དགོན་དུ་གྲྭ་ཐོ་བཀོད་དེ་དགོན་པའི་བླ་མར་བསྐོས་ནས་དགོན་པའི་འགན་འགའ་བཀལ་ཡང་། ལས་འགན་ཐིང་རེ་ལ་ཙམ་སྒྲུབ་ཀྱང་། དགོན་པར་མི་འདུག་པར་ཁྱིམ་དུ་བཞུགས་པ་ལ། ཕྲན་གྱིས་སྔོན་མ་ཁྱེད་ལ་བསམ་པ་དཀར་པོའི་རེ་བ། འདི་ལྟར་བཏོན་པ་ཡིན་ཏེ། གཅུང་པོ་དཔལ་མཆོག་ལགས། ང་ཚོ་ཆུང་ནས་མཐའ་ཞུའི་གདུང་རྒྱུད་བླ་མ་ཡིན་ཟེར་ཏེ། ཐོས་བསམ་སྒོམ་སྒྲུབ་དང་། སྦྱོང་པ་ཉམས་ལེན་གང་ཡང་མ་བྱས་པས། རང་རྒྱུད་སྐྱེ་བོ་ཐ་མལ་པ་དང་ཁྱད་མེད་པར། འཇིགས་རྟེན་བོན་བརྒྱད་སྒྲུབ་པ་དང་། དེ་སྟེང་ཡུལ་དུས་གྱི་དགེ་སྐལ་ཚད་གཞི་ལྟ་བུ། སྔོན་འགྲོ་དང་དངོས་གཞི་རྩ་རླངས་བཅས། ཐིང་གྲངས་འགར་སྦྱོང་པས། རང་གིས་ཀྱང་ཚེ་གཅིག་གི་འདུན་མ་འགྲུབ་སོང་བསམ་པ་དང་། ཡུལ་མི་གཞན་གྱིས་ད་སྔོན་འགྲོ་དངོས་གཞི་རྩ་རླངས་བཅས། ཐིང་མང་སྦྱོང་མཛད་སོང་སྙམ་ནས། གུས་བཀུར་བྱས་པ་ཙམ་ལ། ང་བོ་ཆེན་པོ་བྱེད་མི་རུང་སྟེ། ང་ཚོ་ལ་གདུང་རུས་ཡོད་པ་ཙམ་གྱི་འགྲོ་བ་ཡར་འདྲེན་མི་ཐུབ་པས། མ་ཚད་བླ་མའི་མིང་ཁུར་ཏེ། ཤི་གསོན་གྱི་དཀོར་ལ་འབག་ཆེ་ན། རང་ཉིད་གཙོར་བྱས་པས། འབྲེལ་ཐོབ་འགྲོ་རྣམས་མར་ངན་སོང་དུ། ལྟུང་བས་རྒྱུ་བྱེད་པས་ཉེན་ཁ་ཤིན་ཏུ་ཆེ་བས། ཁྱེད་ད་ལྟ་ལོ་ཆུང་བའི་ང་ལྟར་ཡོན་ཏན་གང་ཡང་མེད་པ་མི་མཛད་པར། གཅིག་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་། སྡེ་སྣོད་མཛོད་སོགས་ལ། ཐོས་བསམ་ཏོག་ཙམ་ཞིག་སྦྱོང་ནས། རྒྱ་ཆེན་པོ་མ་ཤེས་ཀྱང་དམ་པ་གསུམ་དང་། ཏིང་འཛིན་རྣམ་གསུམ། བསྐྱེད་རྫོགས་གཉིས་བཅས་ཤེས་པར་བྱེད་རོགས་གྱིས། དེ་མིན་སྟོང་ཉིད་སྙིང་རྗེ་ཙམ་ཡང་མ་ཤེས་པ་དང་། རང་རིག་ཡེ་ཤེས་ཀྱི་རང་ངོ་སྐྱོང་བ་ཙམ་ལ་ཡང་། གོམ་འདྲིས་ལོབ་གསུམ་ཅུང་ཟད་ཀྱང་མེད་པ། ཕྲན་དང་འདྲ་བར་མི་མཛད་པར་གཅུང་པོ་དཔལ་མཆོག་ཁྱེད། ད་ལྟ་ལོ་ན་ཆུང་བའི་ཡོན་ཏན་སྦྱོང་དགོས། གལ་སྲིད་ཡོན་ཏན་ཡང་མི་སྦྱོང་པར། བླ་མའི་མིང་ཁུར་ནས། ཚེ་གཅིག་གྲོང་པའི་དཀོར་ལ་གཡེང་མ་འདུག་པར། དགོན་པ་ལ་འགན་ཁུར་ཏེ། ཞབས་ཞུ་སོགས་སྒྲུབ་རོགས་ལབ་པས། དེ་སྐབས་ཁོང་གིས་ལགས་སོ་ལགས་སོ། ཁྱེད་བསམ་དཀར་ལྷད་མེད་ཀྱི་ཁ་ལྟ་ལ་ངས་ཉན་རྒྱུ་ཡིན་ཟེར། དེ་ནས་གྲྭ་པོ་ཚོ་ལ་ཡང་དགོན་པར་སྡོད་རོགས་ལབ་པས། ལགས་སོ་ཟེར་བ་ཙམ་ལས་གཞན་དགོན་པར་ག་ལ་སྡོད། འོན་ཀྱང་གྲྭ་སྨོན་ལམ་ཕུད་ཚོགས་དགོན་པར། དབལ་གསས་ཞག་བརྒྱ་ལ་སྒྲུབ་བཞིན་བཞུགས་སོང་། དེ་ནས་བླ་གྲྭ་འགའ་དཀར་ལྡོམ་སོང་ནས། མར་ཆུར་བྱུང་བ་རྣམས། གྲྭ་རྒན་གཉིས་ལ་རྩིས་སྤྲད། སྤྱི་ཟླ་་༩་་པའི་ནང་། ལྷ་སར་སོང་ཏེ། ཁྱུང་པོ་དཔལ་རྒྱལ་ལ། རོགས་པ་བྱེད་རོགས་ཞུས་པས། ཁོང་གི་གྲོགས་བྱས་ཏེ་སྤར་དུ་སྐྲུན། ཟླ་་༡༠་པའི་ཚེས་༨་ཉིན། དགོན་པར་འབྱོར། ཟླ་འདི་ནང་བླ་གྲྭ་འབྲུ་སློང་མོ་སོང་། ཕྲན་གྱི་འདི་ནས། ཡོངས་འཛིན་རིན་པོ་ཆེའི་བོན་ཁྲིད། སྒྲ་ལེན་འཕྲུལ་ཆས་ལ་བླུག་པ། སྒྲ་གཏོང་ལེན་འཕྲུལ་ཆས་ལས། བཀའ་རྒྱུད་བསྐོར་བཞི་དང་། མ་རྒྱུད། གསང་སྔགས་བཀའ་འགྲེལ། ནམ་མཁའ་འཁྲུལ་མཛོད། བྲུ་རྒྱལ་ཨ་ཁྲིད། བྲུ་རྒྱལ་བའི་ཕྱག་ཁྲིད། སོགས་ཁྲིད་ཀ་ཉན། དཔེ་ཆ་མཇལ་ཏེ། ཐོས་བསམ་སྦྱོང་ནས། ཟླ་ཤས་ཆེད་དུ་བསྡད། དེ་མིན་ནམ་ཁོམ་ལ། བོན་ཁྲིད་ཉན་པ་ཡིན། ཟླ་་༡༡་པའི་ཚེས་་༦་་ནས། དབལ་ཕུར་སྒྲུབ་པར་བསྡད། ཟླ་་༡༢་་པའི་ཚེས་་༡༡་་ཉིན། ནག་རུ་ཡག་རིགས་དགེ་བཤེས། དགེ་ལེགས་སྦྱིན་པ། དགོན་པར་ཕེབས་པ་དང་། དགོན་པར་སྦུལ་ཆོལ་ཞིག་ བསྟན་བཞག་མཛད། དེ་སྔོན་ཕྲན་སྡེ་ནང་ལ་མི་ཤི་བར། འདུར་བཅའ་ལ་འགྲོ་ཤིན་ཏུ་འཚེར་ཞིང་། ད་དགོན་པར་མཚམས་བསྙེན་སྒྲུབ་དང་ཉམས་ལེན་བྱེད་ནས། སྡོད་དགོས་བསམ་པ། ཡང་ཡང་ཤར་བས། སྡེ་ལ་འདུར་བཅའ་མཁན། མ་རྙེད་པ་རེ་ཙམ་གཉིས་ཙམ་ལ། མ་གཏོགས་འདུར་བཅའ་མི། འགའ་མ་སོང་བ། ཁོང་གི་ཐོས་འདུག་པས། དགེ་ལེགས་ཁོང་ནས། མཐའ་ཞུ་བླ་རབས་བླ་རྒྱུད་ཀྱི། དབལ་ཆུ་བཀོལ་རྒྱུ། ས་བརྟག་རྒྱུ། རྩིས་རྒྱབ་རྒྱུ། སྨན་སྟེར་རྒྱུ། གཏོ་བཅའ་རྒྱུ། སོགས་མཛད་སྲོལ་ཡོད་འདུག་པས། བླ་མ་ཡེ་ཤེས་ཁྱོད་ཀྱི་ཀྱང་། ངེས་པར་དུ་ཕ་མེས་ཀྱི། བཞག་པ་འདུར་བཅའ་རྒྱུ་དེ། བསྐྱུར་ཉན་མ་རེད་ཨ་གསུང་། དེར་ཕྲན་གྱི་འོ་ལགས་སོ་ཞུས་པ་ཡིན། དགོན་པའི་ལོ་དུས་ཀྱི་འཚོགས་རྒྱུ་རྣམས། སོ་སོའི་འགན་བཞེས་ཏེ། སྔར་སྲོལ་ལྟར་འཚོགས་སོང་།
- ཟིན་ཐོ་གོང་མ།སྨྱོན་པའི་ལོ་ཐོ། 18
- ཟིན་ཐོ་འོག་མ།སྨྱོན་པའི་ལོ་ཐོ། 20