ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཧོར་སྤྱི་ཁྱབ་རྒྱལ་རབས་ཉེར་གཉིས་པ་རྒྱལ་སྲས་མཆོག་གི་ལོ་རྒྱུས་རོབ་བསྡུས། | 2016/1/18 23:15:00
ཧོར་སྤྱི་ཁྱབ་རྒྱལ་རབས་ཉེར་གཉིས་པ་རྒྱལ་སྲས་མཆོག་གི་ལོ་རྒྱུས་རོབ་བསྡུས།

རིས་མེད་པ།

ཧོར་སྤྱི་ཁྱབ་རྒྱལ་རབས་ཉེར་གཉིས་པ་རྒྱལ་སྲས་བསོད་ནམས་རྒྱལ་མཚན་མཆོག་ནི། ཡུམ་ནི་སྔོན་མ་མཁར་དམར་སྒར་སྐོར་ནས་མཆེད་པའི་མཁར་སྐོར་ཤོག་ཁ་དེང་སང་འབྲོག་ཤོག་གོང་ཆེའི་གྲོང་ཚོ་བཅུ་གསུམ་པའི་ལ་སར་གཙང་ཚ་ཚང་ཞེས་པའི་ཧོར་སྤྱི་ཁྱབ་དཔོན་གྱི་བློན་པོ་གཙང་ཚ་འཕུན་དཔལ་གྱི་ཁྱིམ་ཚང་གི་བུ་མོ་བདེ་མོ་ཧོར་སྤྱི་ཁྱབ་དཔོན་ཚང་ནང་ལ་ཤ(དཔོན་གྱི་བཙུན་མོ་དེ་བུ་མོ་དེ་ཡི་ཤ་ཉེ་རེད་འདུག)ཉེའི་ནང་ལས་ཀྱི་རོགས་པ་ཡོང་བ་དེ་དཔོན་གྱི་ཟུར་བཟའི་ཚུལ་དུ་གྱུར་བ་ཞིག་ཡིན། ཡབ་ནི་ཧོར་སྤྱི་ཁྱབ་དཔོན་རབས་བཅུ་དགུ་པ་དཔོན་ཚེ་དབང་ལྷ་རྒྱལ་ཡིན།  བོད་མེ་རྟ་ལོར་ཟླ་བ༡༢པའི་ཚེས༢༦གི་དགོང་མོར་འབྲོག་ཤོག་ནང་ཁུལ་མགོ་རྩོད་ཀྱི་རྐྱེན་པས། ཡབ་ཚེ་དབང་ལྷ་རྒྱལ་གཙོས་བཙུན་མོ་དང་སྐུ་སྲས་བཅས་མཉམ་དུ་བཀྲོངས་པ། སྐབས་དེ་དུས་ཧོར་སྲས་མཆོག་གོང་བཤད་ལ་སར་གཙང་ཚ་ཚང་གི་བུ་མོའི་ལུས་ལ་ཡོད། ནང་གསོད་བྱེད་བཞིན་པའི་དགོང་མོ་དེ་ཡི་སྔོན་ཞིག་ལ་བུ་མོ་དེས་ཡུལ་མིས་ཤ་ཉེའི་གཉའ(ཤ་ཉེའི་བཟའ་ཟླ་དང་ལུས་འབྲེལ་གྱི་མི་ཁ།)བར་ཞོན་པའི་མི་ཁ་ཡོང་བར་དོགས་ནས་ལྐོག་ཏུ་ཀོང་པོ་སོགས་ལ་བྱོལ་ཞིང་མཐར་ལ་སར་གཙང་ཚ་ཚང་གི་ནང་ལ་ཕྱིར་ལོག་ཅིང་ཧོར་སྲས་མཆོག་སྤྱི་ལོ༡༩༠༧བོད་མེ་ལུག་ལོར་སྐུ་འཁྲུངས། དབུས་བོད་སྲིད་གཞུང་གི་དཔོན་རིགས་དང་། ཚོ་པ་སོ་དགུའི་དཔོན་རིགས་ཀུན་ལ་སྔོན་མ་ནང་འཁྲུག་གི་རྒྱུ་རྐྱེན་ལ་རྟེན་ནས་རྒྱལ་སྲས་མཆོག་གི་སྐུ་སྲོག་ལ་ཉེན་ཁ་འཕྲད་པར་དོགས་ནས་གསང་རྒྱ་བྱས་ཤིང་དཔོན་གྱི་གདུང་རྒྱུད་ཆད་སོང་ཚུལ་ཁོ་ན་ལབ་བཞིན་བསྡད། དེ་རྗེས༡༩༡༦ལོར་ཧོར་ཚོ་སོ་དགུ་བོད་ས་གནས་སྲིད་གཞུང་གི་ཁོངས་སུ་བསྒྱུར་ཞིང་མཁན་ཆུང་གྲགས་པ་རྣམ་རྒྱལ་ཧོར་ཚོའི་ས་ཁུལ་དུ་ལས་ཀ་ཡོང་བ་༡༩༡༧ལོར་ཧོར་སྤྱི་གྲགས་རྣམས་བྱས་ཤིང་ཧོར་སྤྱི་ཁྱབ་དཔོན་ཚང་གི་ནོར་རྫས་རྩ་ཆེན་གང་ཡོད་རྩིས་ལེན་བྱས་པ། ནོར་སྣའི་སྦུག་དེབ་ནང་ལ་རྒྱུ་རྡོ་ལ་གྲུབ་པའི་ནོར་རྫས་ཤིག(མིང་མ་ཤེས)དཔོན་ཚང་གི་རྩ་ཆེན་ནོར་སྣའི་གྲལ་དུ་འཁོད་ཡོད་པ་དེ། ཧོར་བློན་གཙང་ཚས(གཙང་ཚ་བོན་གཤེན་རེད་ཟེར་འདུག)རྩིས་མ་སྤྲད་སྟབས། གྲགས་རྣམ་གྱིས་ནོར་བུ་དེ་ཚང་མི་གདའ་ཟེར་བ། ཧོར་བློན་གྱིས་དེ་འདྲ་ཞིག་ཡོད་རེད་དེ་ནི་རྡོ་དེ་མཐོང་ཆེན་པོ་ཅི་མ་རེད། ཕལ་ཆེར་གཏོར་སྒོམ་སོགས་ཀྱི་ནང་ལ་གཡུག་བཞག་ཡོད་ཀྱི་རེད་ཟེར། ཉིན་ཞིག་གྲགས་རྣམ་གྱིས་ཧོར་བློན་གཙང་ཚ་ལ། ངའི་རྨི་ལམ་དུ་ཞིམ་བུ་མང་པོས་ང་ཡི་སྟེང་ལ་རུབས་ཡོང་པ་སྨིས་བྱུང་ཟེར་བ། གཙང་ཚས་དེ་ནི་ཧོར་གྱི་བླ་རྟགས་རེད། ལྷ་ཡིས་ཁྱེད་སྤྱི་ཁྱབ་ལེན་པ་རེད་ཅེས་ཞུས། ཡང་ཉིན་ཞིག་གྲགས་རྣམ་གྱིས་གཙང་ཚ་ལ། བོན་རྒན་ཞིག་གིས་ངའི་རྒྱུད་པ་བསྡད་ཡོད་བསྡད་ཡོད་ཟེར་བཞིན་ཐོང་རྩ་ནས་བཟུངས་ཤིང་དྲུད་འགྲོ་འདུག་པ་རྨིས་བྱུང་བ་དེ་ཅི་ཡིན་གྱི་རེད་ཟེར། གཙང་ཚས་དེ་གནམ་ཐེལ་གྱི་ཆོ་འཕྲུལ་རེད། རྒྱུ་མཚན་མི་ཤེས་ལབ་པ། ཁོ་ཡིས་ཁྱོད་ཚོའི་དཔོན་གྱི་རྒྱུད་པ་བསྡད་ཡོད་ས་རེད་ཟེར་བ། གཙང་ཚས་མེད་མེད་ཟེར། ཡང་ཉིན་ཞིག་གྲགས་རྣམ་གྱིས་གཙང་ཚ་ལ། ད་བར་དུ་གཤམ་འོག་དཔོན་རིགས་ཚོ་ལ་བསྐོར་བ་རེད་མ་སོང་བ། སང་ཉིན་ནས་བཟུངས་ཚང་མ་ལ་ལྟ་སྐོར་འགྲོ་དགོས་པ་དང་པོ་ལ་སར་ནས་ཡིན་ཟེར་བ། གཙང་ཚས་དེ་དགོང་ལ་སར་གཙང་ཚའི་ནང་ལ་མི་མངགས་ཤིང་། ད་ཕལ་ཆེར་གྲགས་རྣམ་གྱིས་ངེད་ཚོ་ལ་ཧོར་སྲས་ཡོད་པ་ཚོར་ཚར་བ་འདྲ། སུས་བཤད་ཡོད་ན་བཤད་ཚར་གདའ། སང་ཉིན་དེར་ཡོང་གི་ཡིན་ཟེར་བ། ང་ཚོའི་ཁྱི་ཐམས་ཅད་ལྷོད་ཅིག  ནང་ལ་གྲ་གང་ཡང་མ་སྒྲིགས་ཟེར། ཕྱི་ཉིན་ལ་སར་གཙང་ཚ་ཚང་གིས་གཙང་ཚས་བཤད་པ་ལྟར་བྱས་ཡོད་པ། དཔོན་བློན་རྣམས་དེར་སླེབ་སྐབས་ཁྱི་རྒྱུག་ཚད་ཐམས་ཅད་གཙང་ཚས་རྡོ་རྒྱག་བཞིན་ལ་ཕབ་ཐུར་ཕབ་བྱས་ཤིང་། ཁྱིམ་ལ་གདན་དྲངས་པ། དཀར་བརྩེགས་སམ་རྒྱབ་ལྡན་སློང་ཤིང་གདན་འདིང་བཞིན་དུ། ངེད་ཚོའི་ནང་ལ་བློན་པོའི་ཁྱིམ་ཚང་བྱེད་འདུག་རྒྱུ་ཁེར་རུ་ཡོད་མ་རེད་ཟེར་བཞིན་དུ་ཁྱིམ་མི་ཀུན་ལ་སྡིག་མོ་གང་མང་བྱས་པ། ཧོར་སྤྱིས་སྐྱོན་ཡོད་མ་རེད་བཤད་བཞིན་ལྷོད་ལྷོད་དུ་བསྡད་པ་དང་ཧོར་སྲས་མཆོག་གྲགས་རྣམ་ལ་ལྟ་བཞིན་དུ་འ་འ་ཟེར་ཞིང་བཟང་ངན་གང་ཡིན་མི་ཤེས་པའི་རྣམ་འགྱུར་འགའ་བསྟན་པར་གྲགས། ཕྱི་ཉིན་རྩྭ་རུག་རྒྱུ་སྣེ་ཚང་ཡོད་སར་སོང་། དེར་སྔ་ཉིན་ནས་གྲ་སྒྲིགས་དགོས་ཚུལ་བཤད་པ་ལྟར། ཆིབས་བསུ་མདུན་རྒྱུག་རྒྱས་པར་བྱས་ཤིང་། ནང་ལ་ཡང་སྣེ་ལེན་རྒྱས་པར་བྱས། གཙང་ཚས་ད་དཔོན་རིགས་ཀྱི་ཁྱིམ་ལ་འདི་འདྲ་ཞིག་དགོས་རེད་ངེད་ཚང་ལྟ་བུ་མ་རེད་ཟེར། ཕྱི་ཉིན་ཧོར་སྤྱིས་བྲག་ཁུང་ལ་ནས་དོང་ཞིང་སྦྲ་ཆེན་ལ་ལོག་འགྲོ་ཟེར། གཙང་ཚས་ཨ་བུ་ད་དཔོན་རིགས་ཚང་མ་སྐ྄ོར་དགོས་མ་རེད་དམ་ཟེར་རུང་སྦྲ་ཆེན་ལ་ལོག དེ་ནས་ཉིན་གསུམ་རེད་དུས་གྲགས་རྣམ་གྱིས་གཙང་ཚ་ལ། ཁྱེད་ཚང་གི་བུ་མོ་ཨ་ཉོག་ཆུང་ཆུང་བཟུངས་འདུག་མཁན་མ་བུ་གཉིས་འདིར་ཁྲིད་ཤོག་ཟེར་བ། གཙང་ཚས་ཕྲུ་གུ་དེ་དཔོན་རྒྱུད་ཡིན་ཚུལ་ཕྱི་ནང་ངན་འབྲེལ་བྱས་ནས་བཤད་ཚར་འདུག་སྙམ་ཞིང་དངས་སྐྲག་ངང་ཧོར་སྲས་མ་བུ་གཉིས་རྫོང་ཐོག་ཏུ་ཁྲིད་པ། གྲགས་རྣམ་གྱིས་དེར་ཇ་བླུགས་བཅུག་ཅིང་གཙང་ཚ་ལ། ཁྱེད་ཚོའི་དཔོན་རྒྱུད་ཡོད་དམ་མེད་ཟེར་བ། གཙང་ཚས་མེད་མེད་ལབ་པ། ཧོར་སྤྱིས་ཁྱེད་ཚོས་དཔོན་རྒྱུད་མེད་མེད་རྐྱང་རྐྱང་ཟེར་གདའ། འོ་ན་དཔོན་གྱི་རིགས་རྒྱུད་ལ་ཤ་མཚན་འདྲ་ཅི་ཡོད་རེད་ཟེར་བ། གཙང་ཚས་ལྟག་ཁུང་ལ་ཤ་མདོག་དམར་པོ་ཡོད་རེད་ཟེར་བ། གྲགས་རྣམ་གྱིས་ཧོར་སྲས་ཀྱི་ལུས་པོ་ཁྲུས་བྱས་པ་ཕྲུ་གུ་མི་ངུ་པ་མ་ཟད་དགའ་སྣང་བྱེད་ཅིང་། ཁོ་ཡི་གོས་ཀྱི་ཕུ་ཐུང་ཁ་ནས་ལག་པ་འཇུ་བ་སོགས་བྱས། དེར་ཧོར་སྲས་ཀྱི་ཤ་མཚན་གསལ་པོ་མངོན་པ། ཁོ་ཡིས་ཁྱེད་ཚོའི་ང་ལ་གསང་བ་བྱས་འདུག  དཔོན་གྱི་རྒྱུད་པ་འདི་རེད་གདའ། ཁྱོད་ཚོས་ད་དུང་གསང་བ་བྱོས། ལྷ་ཡིས་དཔོན་རྒྱུད་འདི་ངོས་བཟུངས་ཟེར་ནས་ལུང་བསྟན་བྱུང་བ་དེ་བཞིན་དུ་བྱས་ཡོད་ཟེར། གཙང་ཚ་ཤིན་ཏུ་དགའ་ནས་སྔོན་མ་ནོར་རྫས་རྡོ་དེ་འདིར་ཡོད་ཟེར་ནས་གྲགས་རྣམ་ལ་ཕུལ་བ། ཁོ་ཡིས་བོན་གཤེན་བོན་གཤེན་རང་རེད། རྡོ་དེ་ཁྱོད་རང་ཉོར་ཞིག་ཟེར། དེ་ནས་ཧོར་སྲས་མཆོག་གཞན་ལ་གསང་སྦས་ངང་ནས་ལ་སར་གཙང་ཚའི་ནང་ལ་བཞུགས། དེ་རྗེས་དྲུག་ཅུའི་དཔོན་ཞུ་ཚང་ནོར་བརྟན་གྱིས། ཀ་རུ་དཔོན་བྱང་ཟུར་འཁོད་པའི་གོ་སྐབས་དང་བསྟུན་ནས། ཧོར་སྤྱི་ཁྱབ་རྒྱལ་པོ་ཚེ་དབང་ལྷ་རྒྱལ་མཆོག་འདས་ཉེན་བྱུང་བའི་དོན་རྐྱེན་དང་ཧོར་སྤྱི་ཁྱབ་ཚང་གི་དཔོན་རྒྱུད་ཡོད་ཚུལ་གྱི་སྐོར་གྱོད་གཏུག་བྱས་ཤིང་།  ག་རྒྱ་བསོད་ནམས་བསྟན་དར་སྣང་རྩེ་ཤག་བཙོན་ཁང་དུ་བཅུག་པ་དང་། ཧོར་སྲས་མཆོག་ནི་དང་པོ་དཔོན་རྒྱུད་ཡིན་ཚུལ་དང་། བར་དུ་ཚེ་སྲོགས་བདེ་འཇག་གི་ཆེད་དུ་གོང་འོག་ཀུན་ལ་གསང་རྒྱ་བྱས་ཚུལ། ད་ལྟ་དཔོན་གྱི་རྒྱུད་པ་ལ་སྔར་ཡོད་གོ་གནས་སླར་གསོ་དགོས་ཚུལ་སོགས། ཧོར་སྲས་མཆོག་ཁྲིད་ཅིང་ལྷ་སར་གྱོད་འདེད་བྱས་པ་དྲུག་དཔོན་རྒྱལ་ཁ་ཐོབ་ལ་ཉེ་བའི་ཉིན་ཞིག་གྱོད་རྩོད་གདོང་གཤེར་གྱི་སྐབས་སུ་བློ་བུར་དུ་དྲུག་དཔོན་ཚེ་ལ་འདས། དེ་རྗེས་མི་སོས་རྒྱལ་སྲས་ཡང་བཙོན་ཞབས་སུ་འདས་བར་ཉེ་འདུག་ཟེར་ནས་གང་སར་དུ་ཁྱབ་བཞིན་པའི་སྐབས་སུ། གོང་ཆེའི་ཁ་རྟགས་གཡུང་དྲུང་ཡེ་ཤེས་མཆོག་གིས་གོང་ལ་སྐྱབས་རྟེན་དང་འོག་ལ་བརྔན་པ་སྤྲད་ཅིང་། རླུང་འབེབ་ཟེར་བ་ཐག་གཅོད་ཀྱི་དབང་ཆ་ལག་ཏུ་རག་པར་གྲགས། དེར་ཁོང་གིས་སྔར་ལྟར་ག་རྒྱ་བསོད་ནམས་བསྟན་དར་ནི་ཧོར་གྱི་བློན་པོ་བཀོས། ཧོར་གྱི་དཔོན་གནས་དེ་རྩོད་མེད་དུ་ཧོར་སྲས་བསོད་ནམས་རྒྱལ་མཚན་མཆོག་ལ་ཕུལ་ཞིང་ཧོར་སྤྱི་ཁྱབ་རྒྱལ་རབས་ཉེར་གཉིས་པ་ཡིན། བོད་སྡེ་པ་གཞུང་གིས་སྦྲ་ཆེན་སྤྱི་ཁྱབ་ཚང་གི་གོ་གནས་ནི་འབྲོག་ཤོག་ཤོག་ཁའི་དཔོན་དང་དཔོན་གནས་རིམ་པ་སྟོང་དཔོན་དུ་བཀོས། དེ་རྗེས༡༩༥༡ཟླ་བ༡༠པའི་ནང་ཀྲུང་གོའི་སྔོན་བསྐྱོད་དམག་མི་ཧོར་ཚོའི་ས་ཁུལ་དུ་འབྱོར་ཞིང་ཧོར་ཚོ་སོ་དགུ་དེ་ཆབ་མདོའི་མངའ་ཁུལ་དུ་བསྒྱུར་ཞིང་། ཧོར་སྲས་མཆོག་སྟེང་ཆེན་དོན་གཅོད་ལས་ཁུངས་ཀྱི་ཀྲུའུ་རེན་སྐུ་གཞོན་གྱི་ལས་འགན་བཞེས། ཡང་ལོ་དེར་རྫོང་སྒོ་སོ་སོ་ལ་རྫོང་བཅིང་འགྲོལ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཧོར་སྲས་མཆོག་སྦྲ་ཆེན་རྫོང་བཅིང་འགྲོལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་ལས་འགན་བཞེས།  ༡༩༥༢ལོར་བོད་ལྗོངས་ལྟ་སྐོར་ཚོགས་པའི་ཁོངས་སུ་ནང་སར་ལྟ་སྐོར་ཕེབས། དེ་རྗེས་ཧོར་ཚོ་སོ་དགུ་ནས་ནང་སར་འབྲོག་པའི་བུ་ཕྲུག་སློབ་གྲྭ་ཐེངས་གཉིས་འགྲོ་བའི་གོ་སྐབས་ལྟར་འབྲོ་ཤོག་ནས་བུ་ཕྲུག་ཁག་ཅིག་མངགས་གཏོང་མཛད། ལོ་དེར་སྔོན་མ་སྤྱི་ཁྱབ་ཚང་གིས་བདག་དབང་བྱས་པའི་ས་ཆ་ཚང་མ་ཤོག་ཁ་སོ་སོར་སྤྲད་པ་དང་མང་ཚོགས་ཀྱི་ཁྲལ་འབབ་ཚང་མ་མི་དགོས་པར་བཟོས། ༡༩༥༦ལོར་བོད་རང་སྐྱོན་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཆབ་མདོ་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་ལས་འགན་བཞེས། ༡༩༥༧ལོར་རྒྱས་སྲས་མཆོག་ཆབ་མདོར་རྒྱུན་བཞུགས་ལས་འགན་སྒྲུབ་པར་ཕེབས་པའི་ལམ་བར་སྒོར་ཁུག་ཏུ་བསླེབས་མཚམས་བསྙུངས་གཞི་ལྕི་མོ་ཞིག་ཕོག་སྟེ་སྐུ་གཤེགས་སོང་བ་རེད་འདུག དཔྱད་གཞིའི་ཡིག་ཆ། <<བོད་ལྗོངས་ཆབ་མདོ་ས་ཁུལ་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞི།>>དང་། <<ནག་ཆུ་ས་གནས་ཀྱི་རྒྱལ་གཅེས་མི་སྣ་གྲགས་ཅན།>>དང་། དེ་སྟེང་རྒན་རབས་ཀྱི་ངག་རྒྱུད་བཅས་སོ། །ཧོར་གྱི་ལོ་རྒྱུས་དང་དཔོན་རྒྱུན་ལ་དགའ་རུང་ད་ལྟ་དཔོན་གྱི་གདུང་རྒྱུད་ཆད་པར་མཐོང་བའི་མི་སྣ་ཁག་ཅིག་ལ་གསལ་བཤད་ཀྱི་ཆེད་དུ་ཡབ་གཞིས་ཤེས་རབ་མཐར་ཕྱིན་གྱིས༢༠༡༥ལོར་བྲིས་པའོ། །

  • ཤོག་བྱང་། ོཧོར་སྤྱི་ཁྱབ། 
  • དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
    Powered by Oblog.