༧ མདའ་ཆེན་དཀར་མོ་རི་ཁྲོད།
༧སྐྱབས་མཆོག་བླ་མ་དྲན་པའི་གདུངས་དབྱངས་ཐུགས་རྗེ་ཟེར་
གྱི་ཉག་ཐག་ཅེས་བྱ་བ་བཞུགས་སོ།
མཁས་དབང་བོན་བརྒྱ་རིན་པོ་ཆེའི།
༧གནས་ཡང་དག་བདེ་ཆེན་ལྷན་སྐྱེས་ཀྱི་ཞིང་ན།།
ལྷ་རིགས་བརྒྱའི་བདག་ཉིད་གསུམ་ལྡན་གྱི་བླ་མ།།
ཞབས་ཟླ་གཞོན་སྤྱི་བོའི་ཅོད་པན་དུ་བསྩལ་ནས།།
ཡིད་ཟུག་ངུ་སེལ་བའི་བདུད་རྩི་དེ་སྦྱིན་མཛོད།།
ལྷོ་གངས་ལྡན་རི་ལ་སེང་ཆེན་གྱི་གཡུ་རལ།།
བུ་སེང་ཕྲུག་དུ་མའི་དཔུང་གཉེན་དུ་ངོམ་ནས།།
གངས་གཞན་གྱི་སྤོ་ལ་ངལ་གསོ་རུ་ཆས་ཐལ།།
རྩལ་མ་རྫོགས་སེང་ཕྲུག་གངས་སྦུབ་ནས་ལུས་སོང་།།
ཤར་ས་འཛིན་མཐོན་པོའི་ཕྲག་གོང་ནས་འོང་བའི།།
དགུང་རྟ་ལྗང་པདྨོའི་དཔུང་གཉེན་དུ་ཤར་ནས།།
ནུབ་པད་མ་ར་གའི་སྤྲིན་ལམ་ལ་དྲངས་ཐལ།།
བཅུད་མ་སྨི་ཆུ་སྐྱེས་ལྡུམ་ར་ནས་ལུས་སོང་།།
མདངས་རབ་མཛེས་མེ་ཏོག་སྔོ་ལྗང་གི་གོས་ཅན།།
ལྗོངས་ཉམས་དགའི་ཚལ་གྱི་མཛའ་བོ་རུ་སླེབས་ནས།།
དགུན་དྲི་བཞོན་སྟེང་ནས་བྱ་ལམ་ལ་འཕུར་ཐལ།།
གཟུགས་འཁྱོག་པོའི་འཁྲི་ཤིང་ཚང་ཚིང་དུ་ལུས་སོང་།།
ཡུལ་གངས་ལྗོངས་མདོ་སྨད་གཤེན་བསྟན་གྱི་བདག་ཉིད།།
དཔལ་སྐྱང་སྟོན་གདུལ་བྱའི་སྐྱབས་མགོན་དུ་བྱོན་ནས།།
ཞིང་བདེ་ཆེན་དབྱིངས་ཀྱི་ཕོ་བྲང་ལ་གཤེགས་ཐལ།།
བདག་ལས་ངན་སྙིགས་མའི་གྲོང་ཁྱེར་དུ་ལུས་སོང་།།
ངས་དྲན་བྱུང་བླ་མ་སྙིང་ནང་ནས་དྲན་བྱུང་།།
དོན་གཞན་དུ་སེམས་པའི་གོ་སྐབས་ནི་འཕྲོག་བྱུང་།།
ཕ་བླ་མའི་དྲུང་དུ་སྐྱེ་འདོད་ཀྱིས་གདུངས་བྱུང་།།
ལས་བག་ཆགས་འཐུག་པས་བྱ་ཐབས་ནི་བྲལ་བྱུང་།།
བུ་ཐ་མལ་རང་རྒྱུད་མ་སྨིན་པའི་རྟགས་སུ།།
ནང་བདག་འཛིན་རང་མདངས་གཟུང་ཡུལ་ལ་ཤར་ནས།།
རྐྱེན་མི་འདོད་རང་ཐོག་གློ་བུར་དུ་བྱུང་ཚེ།།
མགོན་བླ་མ་དྲན་པས་འཇིགས་པ་ལས་སྐྱོབས་ཤིག།།
ཕྱི་སྣང་བ་བདེ་སྡུག་སྣ་ཚོགས་ཀྱི་གཟུགས་བརྙན།།
ནང་ཆགས་སྡང་རྟོག་པའི་རང་གཟུགས་སུ་ཤེས་ནས།།
ངེས་འབྱུང་དང་བྱང་སེམས་འཛིན་མེད་ཀྱི་ལྟ་བ།།
མགོན་བླ་མ་དྲན་པས་མྱུར་དུ་རང་རྟོགས་ཤོག།།
ཚེ་འདི་ལ་ནམ་ཞིག་སྐྱོ་སུན་གྱིས་བསྐུལ་ནས།།
མགོན་ཁྱོད་དྲུང་སྐྱེ་བར་འཕེན་པ་ཞིག་བཏང་ཚེ།།
དཔལ་བླ་མའི་ཐུགས་རྗེ་ཕྱག་གིས་རང་ཟུངས་ལ།།
སྲས་རིག་འཛིན་དཔའ་བོའི་ཚོགས་གྲལ་དུ་ཕྱིན་ཤོག།།
དུས་མཐར་ཐུག་བླ་མའི་གསང་གསུམ་གྱི་དཀྱིལ་འཁོར།།
ཡིད་དད་གུས་དྦངས་པའི་མཚོ་ནང་དུ་འཕོས་པས།།
ལམ་རྟོགས་གྲོལ་བདུད་རྩའི་རླབས་དཀར་གྱིས་མཛེས་བཞིན།།
མ་འགྲོ་ཀུན་གཏན་བདེའི་ས་ཆེན་ལ་སྦྱོར་ཤོག།།
༧ཅེས་པའང་ཀུན་མཁྱེན་བླ་མའི་བཀའ་དྲིན་བསམ་ཚེ་སྡོད་མི་དཟོད་པ་ལྟ་བུའི་གདུངས་ཤུགས་ཀྱིས་སྨྲས་པའོ།
དགེ་ཞིང་བཀྲ་ཤིས་སོ།
- ཟིན་ཐོ་གོང་མ།བསྟོད་ཚིག་དད་པའི་མཆོད་སྤྲིན།
- ཟིན་ཐོ་འོག་མ།བོན་ཆོས་དབྱེར་མེད་རྣམ་བཤད་སྐྱ་རེངས་སྣང་བ།