༧ མདའ་ཆེན་དཀར་མོ་རི་ཁྲོད།
༈གནས་མཆོག་བྲག་དཀར་བྱ་རྒོད་ཀྱི་བསྟོད་ཚིག་གསོལ་འདེབས་བཞུགས།
སྐྱང་སྤྲུལ་དྲི་མེད་འོད་ཟེར།
ཨེ་མ་ཧོ།ཕྱི་ལྟར་བརྗིད་ཆགས་ལྷུན་སྟུག་རི་ཡི་རྒྱལ།།ནང་ལྟར་ཕོ་བྲང་བཀོད་ལེགས་ལྷ་ཡི་གནས།
།གསང་བ་མཆོག་གསུམ་རྩ་གསུམ་དམ་ཅན་བཞུགས།།གནས་མཆོག་ཁྱད་དུ་འཕགས་པར་གསོལ་བ་འདེབས།
།ཐབས་དང་ཐུགས་རྗེའི་མངའ་བདག་གཤེན་རྒྱལ་མཆོག།གདུལ་དཀའི་མི་དང་མི་མིན་འདུལ་བའི་ཕྱིར།
།བྱ་རྒྱལ་ཁྱུང་རྒོད་རྣམ་པ་བྲག་དཀར་རིའི་སྤོར།།མངོན་བཞུགས་མཐོང་བ་དོན་ལྡན་གསོལ་བ་འདེབས།
།དྲན་པ་ཡབ་སྲས་ལ་སོགས་རིག་འཛིན་དང་།།གཙོ་འཕགས་ཟླ་རྒྱལ་སྐྱང་འཕགས་ཉི་འོད་དང་།
།ཁྲོ་གཉན་ལ་སོགས་གྲུབ་བརྙེས་སྐྱེས་མཆོག་གིས།།བྱིན་བརླབས་སྒྲུབ་གནས་རི་བོར་གསོལ་བ་འདེབས།
།སྐལ་བ་བཟང་མོ་འོད་ལྡན་ཉི་འོད་དང་།།སྐྱང་བཟའ་གཡུ་བཙུན་ཞིག་མོ་ལ་སོགས་པ།
།མཁའ་འགྲོ་དུ་མ་བཞུགས་ཤིང་བྱིན་བརླབས་པའི།།གནས་མཆོག་ངོ་མཚར་ཅན་ལ་གསོལ་བ་འདེབས།
།སངས་རྒྱས་བྱང་སེམས་རིག་འཛིན་མཁའ་འགྲོ་ཡི།།ཕྱག་ཞབས་རྗེས་དང་སྒྲུབ་ཕུག་གཏེར་ཆུ་དང་།
།བཀའ་གཏེར་ཡིག་འབྲུ་རང་བྱོན་མངོན་བཀྲ་བའི།།གནས་མཆོག་བཀའ་རྟགས་ཅན་ལ་གསོལ་བ་འདེབས།
།ཕྱོགས་མཚམས་རི་བོ་ཀུན་ལས་མངོན་འཕགས་ཤིང་།།རྒྱ་ཆེ་ལྷུན་སྡུག་བརྗིད་ཆགས་སྤོ་མཐོ་བ།
།མཐོང་བས་དད་དང་དྭངས་པ་འདྲེན་པ་ཡི།།གནས་མཆོག་གཟི་བརྗིད་ཅན་ལ་གསོལ་བ་འདེབས།
།གནས་ཆེན་འདི་ལ་སྒོ་གསུམ་གུས་པའི་ངང་།།ཕྱག་བསྐོར་གསོལ་འདེབས་སྡིག་བཤགས་བྱས་གྱུར་ན།
།བག་ཆགས་སྡིག་སྒྲིབ་བྱང་ཞིང་དག་མཛད་པའི།།གནས་མཆོག་བྱིན་རླབས་ཅན་ལ་གསོལ་བ་འདེབས།
།མི་མཐུན་གནོད་འཚེ་བྱུང་ན་གནས་འདི་ལ།།དད་མོས་དྲག་པོས་ཕྱག་བསྐོར་མཆོད་བསྟོད་ན།
།ནད་གདོན་འགལ་རྐྱེན་བར་ཆོད་སེལ་མཛད་པའི།།གནས་མཆོག་མཐུ་སྟོབས་ཅན་ལ་གསོལ་བ་འདེབས།
།ཚེ་འདིར་བདེ་སྐྱིད་ཕུན་ཚོགས་འབྱུང་འདོདཔས།།གནས་འདིར་གསོལ་བཏབ་སྐྱབས་ཞུ་མོད་བཙུགས་ནས།
།ཚེ་རིང་བསོད་ནམས་སྲིད་དཔལ་སྟེར་བ་ཡི།།གནས་མཆོག་དངོས་གྲུབ་ཅན་ལ་གསོལ་བ་འདེབས།
།དགེ་ལ་དད་ཅིང་སྡིག་པར་གནོང་འགྱོད་ཀྱིས།།གནས་ལ་ཕྱག་བསྐོར་མཆོད་བསྟོད་དགེ་སྤྱོད་ན།
།ངན་སོང་སྒོ་ཁེག་མཐོ་རིས་འཐོབ་འགྱུར་བས།།གནས་མཆོག་བདེ་གནས་འགོད་མཛད་གསོལ་བ་འདེབས།
།གང་ཞིག་དད་ལྡན་སྐལ་བཟང་གང་དག་གིས།།གནས་འདིར་བསླབས་པ་གསུམ་དང་རིམ་གཉིས་དང་།
།ཡང་དག་ལྟ་སྒོམ་ཟབ་མོ་ཉམས་བླངས་ན།།དག་པ་མཁའ་སྤྱོད་བདེ་ཆེན་འདྲེན་མཛད་པའི།
།གནས་མཆོག་འདྲེན་སྟོན་ཆེན་པོར་གསོལ་བ་འདེབས།།འཛམ་གླིང་གནས་ཆེན་ཁག་གི་ནང་ཚན་གྱི།
།མཐེ་ཆུའི་གནས་མཆོག་བྲག་དཀར་བྱ་རྒོད་ཅེས།།མཚན་སྙན་འབྲུག་སྒྲས་རྒྱལ་ཁམས་ཁྱབ་གྱུར་པའི།
།གནས་མཆོག་གྲགས་སྙན་ཆེ་བར་གསོལ་བ་འདེབས།།དེ་ལྟར་གནས་མཆོག་ངོ་མཚར་ཁྱད་འཕགས་ལ།
།དད་པས་ཕྱག་བསྐོར་བསྟོད་མཆོད་གསོལ་བཏབ་པའི།།དགེ་བས་བདག་སོགས་ཚེ་འདིར་བདེ་སྐྱིད་ལྡན།
།ཕྱི་མར་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག།ཡང་གསོལ་འདེབས་བསྡུས་པ་ནི།ཨེ་མ་ཧོ།ཐེ་ཆུའི་སྟོད་ཀྱི་བརྗིད་ཆགས་བྲག་རིའི་སྤོར།
།རྒྱལ་བའི་ཐུགས་སྤྲུལ་ཁྱུང་རྒོད་ཚུལ་དུ་བཞུགས།།མཇལ་ཚད་དོན་ལྡན་གནས་རིར་གསོལ་བ་འདེབས།
།སངས་རྒྱས་བྱང་སེམས་ཡི་དམ་ཞི་ཁྲོ་དང་།།རིག་འཛིན་མཁའ་འགྲོ་བསྟན་སྐྱོང་སྤྲིན་ལྟར་གཏིབས།
།གནས་མཆོག་ཁྱད་པར་འཕགས་ལ་གསོལ་བ་འདེབས།།ཕྱག་ཞབས་རྗེས་དང་ཡིག་འབྲུ་རང་བྱོན་དང་།
།སྒྲུབ་ཕུག་གཏེར་ཆུ་གཏེར་ཁ་མང་བ་ཡི།།གནས་མཆོག་བཀའ་རྟགས་ཅན་ལ་གསོལ་བ་འདེབས།
།ཁྱད་འཕགས་གནས་འདིར་ཕྱག་བསྐོར་གསོལ་བཏབ་ན།།ནད་གདོན་འགལ་རྐྱེན་བར་ཆོད་སེལ་མཛད་པའི།
།གནས་མཆོག་མཐུ་སྟོབས་ཅན་ལ་གསོལ་བ་འདེབས།།གནས་འདིར་མཆོད་བསྟོད་གསོལ་འདེབས་ཕྱག་སྐྱབས་བྱས།
།ཚེ་དང་བསོད་ནམས་རིགས་རྒྱུད་འཕེལ་བ་ཡི།།གནས་མཆོག་དངོས་གྲུབ་ཅན་ལ་གསོལ་བ་འདེབས།
།གནས་ལ་དད་ཅིང་ཕྱག་བསྐོར་གསོལ་འདེབས་དང་།།དགེ་སྤྱོད་བྱས་པས་བག་ཆགས་སྡིག་སྒྲིབ་འདག
།གནས་མཆོག་བྱིན་རླབས་ཅན་ལ་གསོལ་བ་འདེབས།།གནས་འདིར་རྩེ་གཅིག་དད་པས་ཕྱག་བསྐོར་དང་།
།སྨོན་ལམ་བཏབ་ན་ཕྱི་མར་བདེ་གནས་འཐོབ།།གནས་མཆོག་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།
།དེ་ལྟར་གསོལ་འདེབས་ཕྱག་བསྐོར་དགེ་སྤྱོད་མཐུས།།བདག་སོགས་ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས།
།ཕྱི་མར་མཁའ་སྤྱོད་ཞིང་དུ་སྐྱེ་བར་སྨོན།། ཞེས་པའི་གནས་ཆེན་མཆོག་གྱུར་ཐེ་ཆུ་བྲག་དཀར་བྱ་རྒོད་ཀྱི་གསོལ་འདེབས་རྒྱས་བསྡུས་འདི་གཉིས་ནི་ཐེ་ཆུའི་
སྨད་དུ་སྐྱེས་པའི་ཨ་སྐྱིད་སྐྱང་ཚང་སྤྲུལ་མིང་བ་དྲི་མེད་འོད་ཟེར་གྱིས་བྲིས་པ་སྟེ།དེའང་ཁོ་བོ་བྱིས་པའི་དུས་ན་
གནས་ཆེན་འདི་ལ་མཇལ་སྐོར་ཐེངས་གསུམ་ཙམ་བྱས་མྱོང་ཞིང་།ན་གཞོན་དུས་སུའང་གནས་འདིར་མཇལ་བསྐོར་
དང་སྒོམ་སྒྲུབ་རེ་བགྱིས།དེ་རྗེས་དད་ལྡན་རྣམས་ལ་སྔོན་འགྲོའི་ཁྲིད་བཤད་ཐེངས་གཉིས་གསུམ་བྱེད་དུས་སུ་གནས་
འདིར་མཇལ་སྐོར་རེ་དང་རིག་འཛིན་ཁྲོ་གཉན་རྒྱལ་མཚན་དང་མཚན་ལྡན་རྒྱལ་བ་བློ་གྲོས་ཀྱི་སྐུ་གདུང་མཆོད་རྟེན་
བསྐྱར་གསོ་བྱས།ཕྱིས་སུ་ལོ་ན་རྒས་པའི་དུས་ཏེ་རབ་གནས་༡༧ཤིང་བྱ་ལོའི་སྟོན་ཁར་གནས་འདིར་མཁའ་འགྲོ་གསང་
གཅོད་ཀྱི་བསྙེན་སྒྲུབ་དང་ཚོགས་བརྒྱ་དང་སྦྱིན་སྲེག་འབུལ་དུས་སུ་སྐབས་སྐབས་སུ་ཡིད་ལ་གང་ཤར་གྱི་གསོལ་
འདེབས་དམ་དུམ་རེ་བཏོན་ནས་སྐྱབས་ཞུ་བྱས།རྗེས་སུ་འགྲོ་ཁར་གསོལ་འདེབས་འདི་ནི་དད་ལྡན་རྣམས་ཀྱིས་
བཏོན་ན་མི་རུང་བ་མེད་སྙམ་ནས་ཡི་གེར་ཕབ་པ་ཡིན་ལ།འདི་ཉིད་ད་ལྟ་བ་དང་ཕྱི་རབས་པ་དག་གི་དད་པའི་
གསོས་སུ་གྱུར་ཏེ་དཀོན་མཆོག་གི་བྱིན་རླབས་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག། དགེའོ།།
- ཟིན་ཐོ་གོང་མ།༧བརྡ་དག་ཉུང་འདུས་བྱིས་པའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།།
- ཟིན་ཐོ་འོག་མ།༧སྐྱབས་རྗེ་སྨན་རིའི་མཁན་ཆེན་རིན་པོ་ཆེ་ལ་ཕུལ།