སྐྱོ་གདུང་དང་འགྲོགས་ཏེ་རྗེས་དྲན་གླེང་བ།།
རྒྱལ་གཤེན་བསྟན་པའི་ཀ་ཆེན་སྨན་རི་ཁྱེད་ཕེབས་སོང་།།
ཐུགས་དམ་གཡོ་མེད་ངང་ནས་ཞིང་གཞན་དུ་གཤེགས་སོང་།།
གྱེར་བསྟན་སྤྱི་ལ་གྱོང་གུད་དགུ་བརྩེགས་ཤིག་ཕོག་སོང་།།
སྒོས་སུ་གདན་ས་འདི་ལ་མུན་སྨག་དེ་གཡོས་སོང་།།
ཡང་སྒོས་ཤུལ་ལུས་ཕྲན་ཆུང་མགོན་མེད་དུ་གྱུར་སོང་།།
སྤྱི་གཙུག་འོད་ཀྱི་དམུ་ཐག་རྩ་བ་ནས་ཆད་སོང་།
དྭ་ཕྲུག་ཁེར་རྐྱང་ཡིན་པའི་ཚོར་སྣང་ཞིག་སྐྱེས་སོང་།།
སྐྱོ་གདུང་ཁྲི་འབུམ་ཀློང་ནས་སྨྲེ་ངག་དེ་ཤོར་སོང་།།
འདུས་བྱས་རང་མཚང་རྟོགས་ཕྱིར་འདས་ཚུལ་དེ་བསྟན་སོང་།།
འཆི་བ་མི་རྟག་ཡིན་པར་སྐུལ་འདེབས་ཤིག་གནང་སོང་།།
སྔ་རབས་འདས་པའི་གཤེན་རབ་ཇི་བཞིན་དུ་མཛད་སོང་།།
དུས་ཆེན་སྐབས་སུ་བྱོན་པའི་བདེར་གཤེགས་དང་མཚུངས་སོང།།
སྐུ་དྲིན་གཞལ་མཐའ་བྲལ་བ་ཤུལ་ལུས་ངས་དྲན་སོང།།
ནམ་ཡང་བརྗེད་ཐབས་མེད་པ་ཕྲན་ཆུང་ངས་ཤེས་སོང་།།
མ་བཞུགས་གཤེགས་ཚུལ་བསྟན་པའི་ངང་ཚུལ་དེ་དྲན་སོང་།།
རྗེས་དྲན་ཐེངས་རེའི་མཚམས་ནས་མིག་ཆུ་རེ་ལུད་སོང་།།
དམར་པོ་སྙིང་གི་དཀྱིལ་ནས་ངུ་ཟིག་ཅིག་ཤོར་སོང་།།
མགོན་མེད་ད་བུར་བུད་པའི་ཤུལ་ལུས་ཤིག་གྱུར་སོང་།
གདུང་སེམས་ཤ་དང་རུས་པའི་གསེང་བར་དུ་ཐིམ་སོང།།
རྗེས་དྲན་དད་འདུན་དྲག་པོས་ལུས་སེམས་ཀུན་བཟི་སོང་།།
མི་ཚེ་འོད་ཅིག་ཡོད་པ་ཁྱེད་ཉིད་ཀྱིས་གནང་སོང་།།
སེམས་ནང་དྲོད་ཅིག་ཡོད་པ་ཁྱེད་ཉིད་ཀྱིས་སྦྱིན་སོང་།།
རྨོངས་པའི་བློ་སྒོ་དམ་པོ་ཁྱེད་ཉིད་ཀྱིས་ཕྱེས་སོང་།།
དད་འདུན་སྟོང་གི་ཀློང་ནས་སྐུ་དྲིན་དེ་དྲན་སོང་།།
རྒྱལ་གཤེན་བསྟན་པའི་མེ་རོ་ཁྱེད་ཉིད་ཀྱིས་སྤར་སོང་།།
ས་སྟེང་བོན་འབངས་མ་ལུས་གཅིག་གྱུར་དེ་གནངས་སོང་།།
ཕྱི་ནང་རྒྱལ་ཁམས་ཀུན་ལ་བོན་སྒྲ་དེ་བསྒྲགས་སོང་།།
ཞྭ་དཀར་རིང་ལུགས་འཛིན་པའི་གཙུག་རྒྱན་དུ་གྱུར་སོང་།།
དགོངས་བཞེད་ཟབ་མོ་མཁའ་ཡི་ཀློང་ཡངས་དང་མཉམ་སོང།།
འཆད་རྩོད་གཡར་མཚོ་རྒྱས་པའི་ཞིང་ས་དེ་བསྐྲུན་སོང་།།
བཤད་སྒྲུབ་བསྟན་པའི་དར་ཆེན་མཁའ་དབྱིངས་སུ་བསྒྲེངས་སོང།་
དོན་ལྡན་དགེ་བའི་བཤེས་གཉེན་བརྒྱ་ཕྲག་ལས་བརྒལ་སོང་།།
ཉམས་ཐག་འགྲོ་ལ་བོན་གྱི་གྲུ་ཆར་དེ་ཕབ་སོང།།
ལོག་པའི་ལམ་ལ་དྲང་པོའི་ལམ་སྟོན་དེ་གནང་སོང་།།
རྨོངས་པའི་སྨག་ལ་གསལ་བའི་སྒྲོན་མེ་དེ་སྤར་སོང་།།
འོན་པའི་རྣ་ལ་ཤེས་པའི་རྔ་ཆེན་དེ་བརྡུངས་སོང་།།
མ་གྱུར་འགྲོ་ལ་ཐུགས་རྗེས་ཉེ་བར་དུ་གཟིགས་སོང།།
གཞན་ཕན་བྱང་ཆུབ་སེམས་ཀྱི་རྟ་མཆོག་དེ་ཞོན་སོང་།།
ས་གསུམ་འགྲན་ཟླ་བྲལ་བའི་སྐྱབས་གཅིག་ཏུ་གྱུར་སོང།།
གྲངས་མེད་གདུལ་བྱའི་མིག་གི་དགའ་སྟོན་དུ་མངོན་སོང་།།
གྱེར་བསྟན་སྤྱི་ལ་དཀའ་དྲིན་བླ་ལྷག་ཏུ་ཆེ་སོང་།།
སྟོང་གསུམ་གསེར་གྱིས་བཀང་ཡང་གཞལ་འཐའ་དེ་བྲལ་སོང་།།
དགེ་མཚན་སྟོང་གིས་ཕྱུག་པའི་དཔའ་བོ་ཞིག་གྱུར་སོང་།།
རིས་མེད་མཁས་པའི་ཚོགས་ཀྱིས་བསྔགས་ཡུལ་དུ་བཟུང་སོང་།།
འཇིགས་རུང་འཁོར་བའི་གྲོང་ལ་གཟིགས་པ་དེ་མང་སོང་།།
བསྟན་འགྲོའི་དོན་ཆེན་བསྐྱངས་བའི་མཛད་འཕྲིན་དེ་རྒྱས་སོང་།།
ཐབས་མཁས་ཐུགས་རྗེ་ཁྱེད་ཀྱི་དགེ་མཚན་དེ་འབར་སོང་།།
མཁས་པའི་དབུས་ནས་བརྗིད་པའི་མཁས་མཆོག་ཁྱེད་རྒྱལ་སོང་།།
གསང་སྔགས་སྒོམ་སྒྲུབ་གླིང་ཆེན་བཞེངས་སྐྲུན་དེ་གནང་སོང་།།
དེ་ལ་སྦྱོར་སྒྲོལ་ཟབ་མོའི་ལས་རིམ་དེ་སྤེལ་སོང་།།
བཙུན་དགོན་རིདྣ་སྨན་གླིང་ཕྱག་བཏབ་དེ་མཛད་སོང་།།
དེ་ལ་བཤད་སྒྲུབ་གཉིས་ཀྱི་སོན་རྩ་ཞིག་བཙུགས་སོང་།།
སྨན་རིའི་གསོ་རིག་མཐོ་སློབ་གསར་བཙུགས་དེ་གནང་སོང་།།
དེ་ལ་ཚུལ་བཞིན་སློབ་པའི་སློབ་མ་ཀུན་འདུས་སོང་།།
བོན་གཞིས་ཉིན་སློབ་དེ་ཡང་ཁྱེད་ཉིད་ཀྱིས་བཙུགས་སོང་།།
ནུས་མེད་དྭ་ཕྲུག་ཉམས་ཆུང་གསོ་སྐྱོང་དེ་གནངས་སོང་།།
བཀོད་ལེགས་ལྟ་ན་སྡུག་པའི་དཔེ་མཛོད་ཞིག་བཞེངས་སོང་།།
ནང་དུ་ཆོས་ལུགས་རིས་མེད་དཔེ་ཚོགས་ཀུན་བརྩིགས་སོང་།།
སྐུ་གདུང་ཁང་ཆེན་ཞིག་ཀྱང་གསར་སྐྲུན་དེ་གནང་སོང་།།
ནང་དུ་བདེར་གཤེགས་ཀུན་གྱི་ཐུགས་རྟེན་དེ་བཞེངས་སོང་།།
ཞེས་སློབ་འབངས་ཡོངས་ཀྱི་གྲལ་མཐར་འཛིན་པ་གུས་པ་གཙུག་ཕུད་འཇིགས་མེད་དུ་འབོད་པས་དད་འདུན་དང་འགྲོགས་ཏེ་ཤར་མར་སྦྱར།
#འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#