ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རི་བོའི་ཕ་རོལ་ལ་སྤྲིངས་པའི་རྗེས་དྲན། | 2015/10/24 23:27:00

རི་བོའི་ཕ་རོལ་ལ་སྤྲིངས་པའི་རྗེས་དྲན།

 

ཏག་ཏག་དེ་རིང་འདི་ནས་ཡར་ལ་བརྩིས་པའི། །

གསལ་གསལ་ལོ་ངོ་གཅིག་གི་དེ་རིང་ཉིན་མོར། །

གཅེས་གཅེས་སྙིང་ནས་དུངས་པའི་གཅེན་མོ་གང་ཞིག །

འཇིགས་འཇིགས་ཞིང་དུ་བཞུད་པར་སྙིང་ནས་དྲན་བྱུང་། །

 

འབྱུང་བ་རང་འཐིམ་རིག་པ་ཕྱི་ལ་ཐོན་པ། །

གློ་བུར་རྐྱེན་ཆག་ཤི་བ་ཐོལ་གྱིས་ཐོན་པ། །

བེམ་རིག་རང་སར་བྲལ་བ་ཆོས་ཀྱི་གཤིས་མོད། །

ཁྱིམ་གཞིས་དྲོན་མོ་དེ་ལ་ལྷགས་རླུང་འཚུབ་བྱུང་། །

 

དུས་ཆུང་ཉེར་བཞིའི་རིང་ལ་འཛུམ་མདངས་མེད་པ། །

ཞག་པོ་སུམ་བརྒྱ་དྲུག་ཅུར་སྤྲོ་སྐྱིད་མེད་པ། །

མེད་པ་སྟོང་སྟོང་འདྲ་བའི་ཁྱིམ་གཞི་དེ་ལ། །

ཁྱོད་ཉིད་མེད་པས་གྱོང་གུད་ཚབས་ཆེན་བྱུང་སོང་། །

 

རྒྱུ་དང་འབྲས་བུ་ལས་ཀྱི་འཁོར་ཕྱོགས་ནོངས་པས། །

ཕོ་ཉ་ནག་པོས་མགྲོན་བརྡ་གཏོང་ཉེས་བྱུང་བས། །

གཞིས་ཁྱིམ་ཉམ་ཆུང་ཞིག་གི་མ་ལོ་ཆུང་ཆུང་། །

མགྲོན་ལ་བོས་པ་ཏག་ཏག་བསྡད་པ་མ་བྱུང་། །

 

གཡང་ཁྱིམ་སྦྲ་རྒན་ཕུགས་ནས་ལོ་ངོ་གཅིག་ལ། །

ཨ་མས་མ་ཏྲི་མ་ཆད་རྒྱུན་འདོན་བྱས་པ། །

ཁྱོད་ཉིད་གཏན་དུ་འབོད་པའི་ཀི་སྒྲ་ཡིན་མོད། །

ཡ་ལན་མེད་པས་མ་ལོ་སེམས་ཐག་ཆད་སོང་། །

 

དེ་རིང་ཉེ་འབྲེལ་ཕལ་ཆེར་འཛོམས་འཛོམས་བྱུང་བ། །

ཁྱོད་ཉིད་རྗེས་སུ་དྲན་པའི་བརྩེ་བ་མཚོན་ཕྱིར། །

ཁྱེད་ལ་དགོས་པའི་དགེ་བ་ཧུར་གྱིས་བསྒྲུབ་པ། །

ཁྱེད་ཀྱི་ཆེད་དུ་ཡིན་པ་ཤེས་པར་གྱིས་ཤིག །

 

བུ་མོ་སངས་ཁོས་རིག་པའི་མེ་ཏོག་སྒྲུག་བདའ། །

བུ་ཆུང་ཀླུ་སེར་སློབ་གླིང་ཚལ་ལ་བྲེལ་འདུག །

ནོར་བུ་རྒྱ་མཚོས་གཞིས་ཁྱིམ་གཏན་དུ་བསྲུང་འདུག །

དེ་ལ་ཞེ་ཚེགས་མ་གནང་བློ་བདེར་མཛོད་ཅིག །

 

ལྷོ་ཕྱོགས་འཕགས་པའི་ཡུལ་གྱི་གྲོང་མཐའ་དེ་ནས། །

ཁྱོད་ཀྱི་གཅུང་པོར་འབོད་པའི་སྤྲང་འཁྱམས་དེ་ཡིས། །

ཁྱོད་ཉིད་དྲན་པའི་གདུང་བ་སྙིང་ནས་ཁོལ་བཞིན། །

རིག་བྱེད་ངག་གི་འབོད་པ་རྒྱང་ལ་སྤྲིངས་ཡོད། །

 

ཞེས་པ་ལོ་ངོ་གཅིག་སྔོན་གྱི་བོད་ཤིང་རྟ་ལོའི་ཟླ་བ་དགུ་པའི་ཚེས་བཅུ་གཉིས་ཉིན་(2014/11/04)ཕྲན་གྱི་གཅེན་མོ་སྟེ་དགོས་དབང་གིས་མཚན་གྱིས་བརྗོད་ན་གཡང་མཚོ་སྐྱིད་ཅེས་པ་གློ་བུར་རྐྱེན་འདས་སུ་ཕྱིན་ནས་དེ་རིང་ཏག་ཏག་ལོ་འཁོར་གཅིག་ཧྲིལ་པོར་ཟིན་པའི་བོད་ཤིང་ལུག་ལོའི་ཟླ་བ་དགུ་པའི་ཚེས་བཅུ་གཉིས་ཉིན་(2015/11/24)ཁོ་མོ་རྗེས་སུ་དྲན་བཞིན་བྲིས་པ་དགེ་གྱུར་ཅིག །

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.