ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྲ་བའི་སེང་ཆེན་ཞིག་གི་རྟོགས་བརྗོད་གླེང་བ། | 2015/5/28 21:29:00
སྨྲ་བའི་སེང་ཆེན་ཞིག་གི་རྟོགས་བརྗོད་གླེང་བ།

༡གདོད་ནས་དག་པ་ལྷ་ཡི་ལམ་བཞིན་བྱས་པ་མེད་པར་ལྷུན་གྱིས་གྲུབ། །
བལྟ་བའི་མི་ངོམས་ཉི་ཟླ་བཞིན་དུ་མཚན་དཔེ་རི་མོ་རྣམ་པར་བཀྲ། །
ཆོ་འཕྲུལ་མ་ངེས་རྩལ་དུ་ཤར་བ་སྣ་ཚོགས་རོལ་པའི་ཟློས་གར་བསྒྱུར། །
སྐུ་གསུམ་ལྷ་ཡི་ངོ་བོ་གཅིག་བསྡུས་བླ་མ་མ་ཏིའི་མཚན་ཅན་རྒྱལ། །

༢དགེ་ལེགས་ཡོན་ཏན་གཏེར་གྱི་འབྱུང་གནས་ཐམས་ཅད་མཁྱེན་གྱུར་རྨད་དུ་བྱུང་། །
སྤངས་རྟོགས་ཕུན་ཚོགས་ངོ་མཚར་སྣང་བའི་ཀུན་ལས་རྣམ་པར་རྒྱལ་བ་ཅན། །
གཡོན་མིག་བྱེ་བའི་སྙེམས་པ་འཕྲོག་པའི་མཚན་བཟང་རྟགས་བརྒྱད་མངོན་པའི་སྐུ། །
དམུ་རིགས་རྒྱལ་པོའི་སྲས་ཀྱི་ཐུ་བོ་སྟོང་གསུམ་སྟོན་པས་ཤིས་པ་སྩོལ། །

༣འདི་ནས་རྩིས་པའི་ལོ་ཡི་ཁྱུད་མོ་བཅུ་ཕྲག་བཞི་ཡི་སྔོན་རོལ་ཏུ། །
དབང་ཕྱོགས་གྱི་ལིང་ཆོལ་ཁའི་གྲོང་ནས་ཐོག་མའི་ངར་སྐད་དགུང་ལ་བསྒྲགས། །
སྔར་མེད་ཞབས་རྗེས་གཡུང་དྲུང་རི་མོ་རྡོ་ལ་གསལ་བའི་སེང་ཆེན་ཞིག །
གང་གི་རྟོགས་བརྗོད་རྒྱ་མཚོའི་མཐའ་ལས་ཐིགས་པ་ཙམ་ཞིག་འདི་ནས་གླེང་། །

༤ཨ་ཉོག་ཡུམ་ལས་འཁྲུངས་མ་ཐག་ནས་ཨ་དཀར་གསལ་བའི་རང་མདངས་བཞིན། །
འབྲུ༷ག་སྐྱོབས་སྲས་ལ་འབྲུ༷ག་བཞིན་ལྡིར་ནས་སེང་ཆེན་དབང་པོའི་ཁྲི་ལ་འགྱིང་། །
ཤར་གྱི་ཐིག་ལེ་ཤར་ནས་འཛུམ་བཞིན་བསྐལ་བཟང་ཡགས་ཞེས་སྙན་པ་ཅན། །
སྐྱེས་སྦྱངས་བློ་རིག་སྐྱེས་མ་ཉིད་ནས་ངོ་མཚར་ཀུན་གྱིས་སྨོན་པ་བྱུང་། །

༥ཆུང་ཆུང་དགུང་ན་ཕྲ་མོའི་སྐབས་ནས་ཡི་གེ་འབྲི་ཀློག་དཔྱིས་སུ་ཕྱིན། །
མཚར་མཚར་བྲིས་པའི་ལྷ་ཡི་རིས་ཀྱང་ངོ་མཚར་མ་བསླབ་སྟོབས་ཀྱིས་མཁྱེན། །
བཟང་བཟང་བརྩེ་སེམས་བཅོས་པ་མེད་པས་གཞན་ལ་ཕན་པའི་མཛད་པ་ཅན། །
མང་མང་བློ་གསལ་ཁྱུ་ཚོགས་ཁྲོད་ནས་ལྷིང་ངེར་ཐོན་པ་ཨ་མའི་བུ། །


༦རིང་ནས་བསགས་པའི་ཐུགས་བསྐྱེད་ཟབ་མོས་རིས་མེད་འགྲོ་ལ་སྙིང་རྗེ་བསྐྱེད། །
ཟིན་མེད་ཟང་ཟིང་འཁོར་བའི་ལས་ལ་ངེས་འབྱུང་དྲག་པོས་ཤུགས་ཀྱིས་བསྐུལ། །
དགུང་གྲངས་དྲུག་གསུམ་བཅོ་བརྒྱད་བཞེས་དུས་ཕ་ཡུལ་ཁ་ཐག་རིང་དུ་གྱེས། །
དབུས་གཙང་ཆོས་ལྡན་དག་པའིོ་ཞིང་ལ་ཞབས་ཐང་ཁོ་ནའི་ངལ་བ་བསྐྱངས། །

༧ཆོས་དང་ལུགས་ཀྱི་ཕྱོགས་སུ་མ་ལྷུང་རིས་མེད་སྐྱེས་ཆེན་ཞབས་ལ་གཏུགས། །
དབང་དང་ལུང་གི་བྱིན་རླབས་ཞུས་ནས་རང་རྒྱུད་ཞི་ཞིང་བཏུལ་བར་མཛད། །
གཤེན་རབ་སྟོན་པའི་ཞབས་ཀྱིས་བཅགས་པའི་གནས་ཆེན་ཀོང་པོར་ཞིབ་མཇལ་ཞུས། །
ཆོས་སྡེ་ཆེན་པོ་རྩེ་མོའི་གྲངས་ལའང་གནས་མཇལ་བསྐལ་པ་བཟང་ཞེས་གསུངས། །

༨ཚོགས་བསགས་ཤིག་གི་ཉེར་ལེན་རྐྱེན་པས་གདན་ས་གཡུང་དྲུང་གླིང་དུ་མཇལ། །
ལས་དང་ལམ་གྱི་གོ་སྒྲིག་ཟབ་པས་སྒྲིག་འཚོགས་ཞུགས་པའི་བསྐལ་པ་བཟང་། །
ངེས་འབྱུང་དྲག་པོ་དུས་སུ་སྨིན་ཏེ་རབ་ཏུ་བྱུང་བའི་ལས་སྐལ་ཐོབ། །
བསླབ་གསུམ་མཚོ་མོའི་ཀློང་དུ་འཐིམ་པ་བསྟན་འཛིན་བློ་གྲོས་ཞེས་སུ་གྲགས། །

༩མཁས་གྲུབ་ལུང་རྟོགས་རྒྱ་མཚོ་ཞེས་པའི་བཤེས་གཉེན་གང་གི་སྤྱན་སྔ་ནས། །
རྩ་རླུང་ཐིག་གསུམ་འཕོ་སྦྱངས་ཀུན་ལ་སྒོམ་སྒྲུབ་ཉམས་ལེན་མཐིལ་ཕྱིན་གནང་། །
སྒྲ་སྙན་རྩིས་དང་རིག་གནས་ལྔ་ལའང་སློབ་སྦྱོང་རིག་པ་མཐར་ཕྱིན་མཛད། །
སྨྲ་དབང་ཀུན་དགའ་རང་གྲོལ་ཞེས་པའི་མཚན་གྱི་ཅོད་པན་རྒྱན་དུ་བསྩལ། །

༡༠གུས་རྟག་བརྩོན་པའི་རིག་པ་ཕྲ་མོས་སྦྱངས་པའི་གནས་ལ་དཔྱད་ཅིང་ཞིབ། །
གབ་མཛོད་ས་གསུམ་བཀའ་པོད་དྲུག་ལ་ཐོས་བསམ་རྩོད་པའི་འཁོར་ལོ་བསྐོར། །
འཆད་ཉན་རིགས་པའི་བརྒལ་བརྟག་ཀློང་ནས་དོན་དམ་སྨྲ་བ་གཟེངས་སུ་ཐོན། །
རབ་འབྱམས་དགེ་བའི་བཤེས་གཉེན་ཞེས་བྱའི་མཚན་བཏགས་བཞེས་པ་རྨད་དུ་བྱུང་། །

༡༡བླ་མའི་བཀའ་དང་ལུང་བསྟན་གཟིར་མོས་འཁྲུངས་ཡུལ་ཕྱོགས་ལ་ཞལ་ཁ་བསྒྱུར། །
འདབ་བརྒྱད་ཚོགས་ལ་སྦྲང་རྩི་འཁྱིལ་ལྟར་མོས་པའི་རྐང་དྲུག་འདུ་བ་བཞིན། །
ཕྱོགས་ཀྱི་བློ་གསལ་སྐལ་བཟང་ཁྱུ་ཚོགས་གཅིག་ལས་གཅིག་ལྷག་འཚང་ཁ་རྒོད། །
འཆད་ཁྲིད་གསུང་གི་བདུད་རྩིའི་ཆུ་རྒྱུན་ཕངས་མེད་བསྩལ་པའི་ངལ་བ་མཛད། །

༡༢སྤྱི་མཐུན་ལས་དང་སྨོན་ལམ་ཞིག་གིས་ཤར་ནས་རླུང་དམར་འཚུབ་མ་བྱུང་། །
ཚངས་བར་སྤྱོད་པའི་ངང་སེར་ཕལ་ཆེར་འཁོར་བ་དུག་གི་འདམ་ལ་སྦྱར། །
ཆེས་ཆེར་མཐོ་བའི་ས་སྐྱོང་བླ་དཔོན་མཐོན་པོ་ཁྲི་ལས་ས་ལ་ཕབས། །
དམ་པ་གང་ཡང་ཉེས་པ་མེད་པར་ཏིལ་མར་ར་བར་བཞུགས་དགོས་བྱུང་། །

༡༣རིན་ཆེན་དང་པོ་ས་ལ་གནས་ཀྱང་འོད་མདངས་མཁའ་ལ་ཁྱབ་པ་བཞིན། །
དམ་པ་མཆོག་ནི་ས་ལ་སྤྱུགས་ཀྱང་དམ་པའི་རང་གཤིས་མངོན་པ་ལྟར། །
གཙང་མའི་བསླབ་སྡོམ་སྤྱན་འབྲས་བཞིན་དང་རྨ་མེད་ཁོང་གི་སྙིང་བཞིན་གཅེས། །
སྨྲ་དབང་ཧོར་བ་དྲུང་རམས་པ་ཞེས་སྙན་པའི་གྲགས་པ་མཁའ་ལ་འཕུར། །

༡༤གངས་སེང་དཀར་མོའི་སེང་ཕྲུག་བཞིན་དུ་དམ་པའི་ཞལ་སློབ་མཆོག་གི་ཕུད། །
སྐྱང་སྤྲུལ་ལུང་རྟོགས་རྒྱལ་བའི་དབང་དང་སྨན་རིའི་ཁྲི་ཆེན་སོ་གསུམ་པ། །
འཛམ་གླིང་མཁས་པའི་ཕུལ་ཏུ་སོན་པ་མཁར་རྨེའུ་ཞེས་བྱའི་སྙན་པ་ཅན། །
དམ་པ་གང་གི་གཟི་བརྗིད་བཞིན་དུ་གད་རྒྱངས་མཛད་པ་བླ་ན་མཐོ། །

༡༥གང་གིས་བསྟན་པ་རྗེས་སུ་བཞག་པའི་བཀའ་རྩོམ་ནོར་བུའི་ཕུང་པོ་ལས། །
དཀའ་བའི་གནད་རྣམས་རྒྱས་བཤད་ཚིག་གིས་གསལ་བར་བྱེད་པའི་ཁྱད་ཆོས་ཅན། །
རྫོགས་པ་ཆེན་པོ་ལམ་གྱི་གནད་དོན་མདོ་བསྡུས་སྙིང་གི་ཐིག་ལེ་གཙོས། །
རྩ་དང་རླུང་གི་མན་ངག་ལ་སོགས་གཞུང་དོན་མཐའ་ཡི་མཚོ་ལས་ཟབ། །

༡༦ཐུན་མོང་རིག་པའི་བཅུ་ཕྲག་གནས་ལའང་ལྗགས་རྩོམ་རིག་པའི་ཐང་མ་བཞིན། །
བོད་ཀྱི་བརྡ་ལས་གུ་གེའི་སྦྱོར་བ་དཔག་བསམ་ལྗོན་པའི་སྙེ་མ་ཅན།
མངོན་བརྗོད་བསྟན་བཅོས་ལེགས་པར་བཤད་པ་ཨེར་སངས་བུ་མོའི་ཞལ་གྱི་ལུང་། །
གནད་ཀྱི་དོན་པོ་ཚིག་སྦྱོར་མཛེས་པའི་བློ་གསལ་དགའ་སྟོན་བགྲང་ལས་འདས། །

༡༧བླ་མའི་ཐུགས་ཀྱང་ཟིན་པ་མཛད་ནས་མ་ངེས་སྤྲུལ་སྐུའི་རྟེན་འབྲེལ་ཅན། །
རིས་མེད་གང་ལ་གང་འདུལ་མཛད་ནས་ས་གནས་སེམས་དཔའི་སེམས་བསྐྱེད་ཅན། །
མ་རུང་དགྲ་དང་ཨར་ཚོགས་འདུལ་བའི་དཔའ་བོ་སྟག་གི་གཟི་ཉམས་ཅན། །
དགུང་ན་གཞོན་པའི་མཛད་པ་དེ་ལའང་ཡི་རངས་སྨོན་པའི་ངོ་མཚར་བྱུང་། །

༡༨བསྟན་སྲུང་རྒྱལ་ཆེན་གྲགས་པ་སེང་གེ་འཁོར་གཡོག་ཕོ་ཉའི་ཚུལ་དུ་འདུ། །
ཐན་པ་མོད་པའི་ཡུལ་ལུང་གང་ལ་ཆར་འབེབས་ཆུ་བོས་བརླན་པ་མཛད། །
སྟོང་གསུམ་འགྲོ་ལ་གསེར་ཞོ་རེ་དང་དངོས་སུ་སྦྱིན་པའི་བྱིན་མཉམ་ཞེས། །
རིག་འཛིན་གསས་མཁར་སྟོང་བདག་གང་གིས་ཁྱེད་ལ་གསུངས་དང་ཅིས་མི་མཚུངས། །

༡༩དེ་ལྟར་བདག་བས་གཞན་ལ་གཅེས་པའི་མཛད་པ་ཁོ་ནའི་བྲེལ་བ་ཅན། །
མི་ཡི་ལོ་འཁོར་གྱ་བདུན་རིང་ལ་གཞན་ཕན་མཛད་པའི་རླབས་པོ་ཆེ། །
གང་གི་འཕྲིན་ལས་རྒྱ་མཚོའི་གཏིང་དཔག་ཚུར་མཐོང་བློ་ཡིས་གཞལ་མིན་མོད། །
རྗེས་དྲན་མཚོན་པའི་ཚིག་འཕྲེང་ཙམ་འདི་དད་གསུམ་མཚོན་པའི་དོད་དུ་འབུལ། །

༢༠ཟབ་ཟབ་རྟོགས་དཀའི་བརྗོད་པ་ཟབ་མོ་རྟོགས་བརྗོད་མུ་ཏིག་ཚོམ་འཕྲེང་ལས། །
ལྷག་ལྷག་མངོན་གསལ་འབུར་དུ་ཐོན་པའི་གསང་གསུམ་ཡོན་ཏན་ཆ་རེར་ཡང་། །
དུང་དུང་ཡིད་ལ་དྲན་པ་ཙམ་གྱིས་ཡི་རངས་མོས་པས་སྨོན་འདུན་གྱིས། །
ཡང་ཡང་བླ་མས་རྗེས་སུ་འཛིན་པའི་གསོལ་བ་དྲག་པོ་ཤུགས་ཀྱིས་འདེབས། །

༢༡ལྷག་པའི་ལྷ་དང་དམ་པ་གང་ལ་སྐྱེ་དང་འཆི་བའི་མཐའ་འདས་མོད། །
ཚུར་མཐོང་འགྲོ་ལ་མི་རྟག་ཚུལ་བསྟན་དག་པ་བདེ་ཆེན་ཞིང་དུ་བཞུད། །
བཞི་བཅུའི་ལོ་ངོ་ཧྲིལ་གྱིས་འཁོར་བའི་རྗེས་སུ་དྲན་པའི་དུས་མཆོད་ལ། །
ཁྲི་གཤོག་རྒྱལ་མོར་དད་རྟེན་རྙེད་པའི་གཡུང་དྲུང་མིང་གིས་འདི་ཙམ་བྱས། །

ཞེས་པ་ཡང་ས་གསུམ་ན་འགྲན་པའི་ཟླ་མེད་པ་༧རྗེ་རྒྱལ་བ་མཉམ་མེད་ཆེན་པོ་ཞེས་གྲགས་པ་མཁའ་ལྟར་མཉམ་པ་གང་གི་ཞལ་ཚབ་ཆེན་མོ་༧རྒྱལ་བ་སྨན་རིའི་ཁྲི་ཆེན་སོ་གསུམ་པ་མཆོག་གི་གསེར་ཞལ་མཇལ་ཞིང་ཞབས་རྡུལ་ཡུན་རིང་དུ་བསྟེན་པའི་སྐལ་ལྡན་བསོད་ནམས་ཅན། གཞན་ཡང་ཧོར་བ་དྲུང་རམས་པ་དོན་སླད་དུ་མཚན་གྱིས་བརྗོད་ན་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའམ་སྨྲ་དབང་ཀུན་དགའ་རང་གྲོལ་དུ་ཞུ་བ་དམ་པ་གང་གི་སློབ་རྒྱུད་ཀྱི་གྲལ་མཐར་སོན་པ་ཕྲན་མར་ནང་ཚང་ཁྲི་གཡུང་དྲུང་གིས་གྲགས་པའི་སྙན་པ་འབར་བའི་ཡུལ་ཆེན་མོ་མ་ཧཱ་བྷ་ར་ཏའི་བྱང་ཆར་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐབས་སོ་ལྔ་པའི་སྨྲ་སེང་སྒྲུབ་ཆེན་གྱི་ཐུན་མཚམས་རྣམས་སུ་བོད་རྒྱལ་ལོ་༣༡༥༢གཤེན་གྱི་འབྱུང་ལྡན་༣༠༡བོད་ཤིང་ལུག་ལོ་སྟེ། ཕྱི་ལོ་༢༠༡༥ཟླ་བ་གསུམ་པའི་ཚེས་༡༥ཉིན་རྫོགས་པར་བགྱིས་པ་ཐ་ཚན་མུ་ཙུག་སྨར་རོ།། །།


༢༠༡༥ལོར་རྗེས་དྲན་དེབ་སྟེང་དུ་བཀོད།


  • ཤོག་བྱང་། kkk 
  • དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.