ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཧི་མའི་རི་རྒྱབ་ནས་ཤོར་བའི་ཕངས་སེམས་ཀྱི་གདུང་འབོད། | 2014/11/8 12:11:00
ཧི་མའི་རི་རྒྱབ་ནས་ཤོར་བའི་ཕངས་སེམས་ཀྱི་གདུང་འབོད།

ལས་དང་ལས་དབང་ཟེར་བའི་གཞུང་ལུགས་བཙན་པོ།།

བཙན་དང་བཙན་ཤེད་དྲག་པོའི་གཤིན་རྗེ་གཏུམ་པོ།།

དོན་དང་རྒྱུ་མཚན་མེད་པའི་གནས་ལུགས་ཟད་པོ།།

དེ་རིང་གློ་བུར་ཞིག་གི་དོན་རྐྱེན་ཡིན་ནམ།།

 

ནམ་འཆི་ཆ་བྲལ་བློ་ལ་གོམས་བྱང་མེད་པ།།

འཆི་བའི་གནས་ཀྱང་ངེས་མེད་སེམས་ལ་མེད་པ།།

འཆི་རྐྱེན་གང་ཡིན་གཏན་འབེབས་ཐོ་ལ་མེད་པ།།

མེད་པ་མ་ངེས་བཞི་ཡི་ཐབས་དེ་རྡུགས་སོང་།།

 

གྲུ་བཞིའི་སྦྲ་ཁྱིམ་གཅིག་ཏུ་ལྟེ་ཁྲག་འཕོས་ནས།།

ལོ་ངོ་བཅུ་གྲངས་ལྷག་ལ་མཇལ་འཛོམས་མེད་ནས།།

ཆུང་ནས་འདང་བརྩེ་ཟབ་པའི་སྙིང་གི་གཅེན་མོ།།

དེ་རིང་གཏན་དུ་གྱེས་འགྲོ་བསམ་བསམ་མ་བྱུང་།།

 

ཧ་ཅང་རྒྱང་ཐག་རིང་བའི་ཕ་ཡུལ་དེ་ནས།།

ཤིན་ཏུ་ཁ་ཐག་ཉེ་འདྲའི་གློག་སྐད་བརྒྱུད་ནས།།

བྲལ་ཁའི་སྔ་ཉིན་གླེང་མོལ་ལྷོད་ལྷོད་བྱུང་བ།།

རྒྱང་གི་ནུ་བོར་བཞག་པའི་དྲན་སེམས་ལྕི་མོ།།

 

ཆོས་དང་ཆོས་གཞུང་ཁག་ནས་ཡང་ཡང་བསྐྱར་པ།།

ལྷ་དང་བླ་མ་ཁག་གི་ཞལ་གདམས་ནན་པོ།།

ཚེ་དང་མི་རྟག་རིག་པའི་གཞུང་ལུགས་གཙིགས་པོ།།

དེ་རིང་འདི་ནས་འདི་བཞིན་བྱུང་བ་ཕངས་སོང་།།

 

ཚེ་དང་ཚད་ནི་ཟད་པའི་དུས་ཚེ་སླེབས་སམ།།

རྐྱེན་དང་བར་ཆད་ནག་པོའི་རྒོལ་བ་ཡིན་ནམ།།

གཤིན་རྗེ་ཕོ་ཉ་ནག་པོའི་མགྲོན་འབོད་དེ་ཡིས།།

ནང་མི་ཉེ་འབྲེལ་ཡོད་ཚད་ཧད་དུ་བཅུག་སོང་།།

 

བརྩེ་བའི་ཕ་མ་ཟུང་དེ་ཤུལ་དུ་བཞག་སོང་།།

གདུང་བའི་ཟླ་བོ་གང་ཞིག་ཁེར་མོར་གཡུག་སོང་།།

སྙིང་གི་གཅེས་ལོ་གསུམ་པོ་དྭ་ཕྲུག་ལུས་སོང་།།

ལྡོག་པའི་གཞུང་ལུགས་འདི་ལ་བཟོད་བསྲན་མ་བྱུང་།།

 

ད་ནི་སྔོན་ལས་འཕྲལ་རྐྱེན་གང་གིས་བྱས་ཀྱང་།།

ཚུར་རོལ་འཁོར་བའི་གནས་ལ་ཞེན་པ་ལྡོག་ཅིག།

ཕ་རོལ་དག་པའི་ཞིང་ལ་ཤུགས་ཀྱིས་སྨོན་དང་།།

བསླུ་མེད་རིན་ཆེན་གསུམ་གྱིས་ལམ་སྣ་འདྲེན་ངེས།།

 

ཁྱོད་ལ་དུངས་བ་ཟབ་པའི་འབྲེལ་ཚད་ཀུན་གྱིས།།

སྒོ་གསུམ་རྣམ་པར་དག་པས་རྒྱུ་ཚེགས་གང་བགྱིས།།

དགེ་བ་སྟོབས་ཆེན་འདི་ཡི་མཐུ་དང་ནུས་པས།།

བདེ་ཆེན་དག་པའི་ཞིང་དུ་སྐྱེས་པའི་སྨོན་ལམ།།

 

2014.11.4ཉིན་བདག་ལ་སྙིང་ནས་བརྩེ་བའི་གཅེན་མོ་དགོས་དབང་གིས་མིང་འབོད་བྱས་ན་གཡང་མཚོ་སྐྱིད་(1972-2014)ཅེས་པ་གློ་བུར་དུ་དོན་རྐྱེན་ཞིག་གིས་ཕྱི་མའི་ལྔ་ལམ་དུ་གྱུར་པ་ཐོས་རྗེས་སེམས་དང་རུས་གསེང་ནས་ཕངས་སེམས་དང་སྐྱོ་གདུང་དཔག་མེད་ཅིག་གིས་མནར་བཞིན་ཡུལ་ཆེན་མོ་མ་ཧཱ་བྷ་ར་ཏའི་གྲོང་ཁྱེར་ལ་འཕྲལ་དུ་སྦྱར་བ་དགེ་གྱུར་ཅིག།

 

Re:ཧི་མའི་རི་རྒྱབ་ནས་ཤོར་བའི་ཕངས་སེམས་ཀྱི་གདུང་འབོད། | 2014/12/13 16:47:27
zeren171
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.