ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྟོགས་བརྗོད་ཨུན་ཆེན་དར་མའི་ སྒྲ་དབྱངས་ | 2014-04-16 20:34:00
ངེས་དོན་གྱི་བཤེས་གཉེན་དམ་པ་སྡེ་སྣོད་སྨྲ་བའི་ཁྱུ་མཆོག་ཆེན་མོ་༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མོའི་རྟོགས་བརྗོད་ཨུན་ཆེན་དར་མའི་
སྒྲ་དབྱངས་ཞེས་བྱ་བ།


(དགུང་གྲངས་བརྒྱད་ཅུར་ཕེབས་པའི་མཛད་སྒོ་ལ་ཆེད་དུ་ཕུལ་བ།)

ཁྲི་གཡུང་དྲུང་། སྨན་རིའི་གླིང་།

༡དྲི་བྲལ་ཟག་མེད་ཤེལ་དཀར་མདོག་འཆང་མཚན་དཔེའི་མེ་ཏོག་རྣམ་པར་བཀྲ། །
བཅུ་གསུམ་རྒྱན་གྱིས་རབ་ཏུ་བརྒྱན་པའི་ཟོལ་གྱིས་འགྱིང་པའི་སྒེག་ལྡན་མ། །
བློ་གྲོས་རིག་པའི་གཏེར་གྱི་མཛོད་འཛིན་ངག་གི་དབང་ཕྱུག་དབྱངས་ཅན་ལྷ། །
ཟབ་གསལ་མྱུར་བའི་ཤེས་རབ་ཟབ་མོའི་རིག་པའི་དངོས་གྲུབ་སྩོལ་ཅིག་ཀྱེ། །

༢ཞང་ཞུང་རྒན་པོའི་བླ་རི་མཐོན་པོ་ཏི་ཙེ་གངས་རྒྱལ་བརྟན་ཞིང་བརྗིད། །
ཡ་ཐོག་མེས་པོའི་བླ་མཚོ་ཕྱུག་མོ་མ་པང་གཡུ་མཚོ་ལྷོད་ཀྱིས་འཁྱིལ། །
ཚེགས་མེད་རིག་པའི་འཕྲིན་ལས་ཟབ་མོས་བརྒྱད་ཅུའི་རི་ལ་ཡུན་གྱིས་ཕེབས། །
རྒྱང་བཞུད་རིང་མོའི་དུང་བརྡ་སྙན་མོ་ལྷོ་ཡི་ཡུལ་ནས་ཐོལ་གྱིས་ཐོས། །

༣སྨད་ཀྱི་ཡུལ་ན་རྨ་གཉན་སྤོམ་རྭས་སྤོབས་པའི་དབུ་ལོ་གྱེན་དུ་དགྱེ། །
སྟོད་ཀྱི་ཕྱོགས་ན་ཇོ་མོ་གླང་མས་སྤྲོ་དགས་སྟོང་གསུམ་ཁེངས་པར་མཛད། །
དབུས་ཀྱི་ཞིང་ན་པོ་ཏ་ལ་ཡས་ང་རྒྱལ་བཙན་པོའི་ཉམས་ཀྱིས་གཟིགས། །
གཏམ་སྙན་གྱ་སྟོན་འཕྲིན་གྱི་ཕོ་ཉ་ཕྱོགས་ཀྱི་བུ་མོའི་རྒྱན་དུ་ལྷགས། །

༤ངོ་མཚར་རྣམ་བཞིའི་མཛད་འཕྲིན་རིང་མོ་ཡར་ཀླུང་གཙང་བོའི་རྒྱུན་དང་འགྲོགས། །
ཟད་མེད་དམ་པའི་རྟོགས་བརྗོད་ཟབ་མོ་མཐའ་ཡས་རྒྱ་མཚོའི་དཔལ་དང་མཉམ། །
ཇི་ལྟ་བཞིན་དུ་གཞལ་བར་འདོད་པའི་གསེར་མིག་ཙ་མོའི་རྩལ་ཤུགས་དབེན། །
ཆུ་ཐིགས་གང་ལས་རྩྭ་ཟིལ་ཙམ་ཞིག་ཡིག་རིས་ལམ་ནས་འཁྱུགས་ལ་རངས། །

༥མཁའ་སྤྱོད་བདེ་ཆེན་དག་པའི་ཞིང་ན་ཚེ་ལ་དབང་བའི་རིག་པ་འཛིན། །
ཤར་ཕྱོགས་རྒྱལ་མོ་རོང་གི་ས་རུ་ལོ་ཆེན་བེེ་རོ་ཙཱ་ན་ཞེས། །
ཀུན་མཁྱེན་རྒྱལ་བ་གཉིས་པའི་ཞལ་སྐྱིན་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་རྗེ། །
རྒྱལ་བའི་བསྟན་དང་འགྲོ་བའི་དོན་ལ་རིང་ནས་ཉི་ཟླའི་སྣང་བརྙན་མཛད། །
༦གེ་སར་ཕྲོམ་གྱི་རྒྱལ་ཁམས་དབུས་ན་རྩེ་ཞིག་ཆོས་རྗེ་རྒྱལ་བའི་ཞབས། །
ལྔ་བརྒྱ་སྙིགས་མ་དུས་ཀྱི་མགོན་ལ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་རྗེ། །
མདོ་སྨད་ཕུར་ཐོགས་སྟོང་གི་བླ་རུ་གསང་ཆེན་འགྱུར་མེད་ལས་རབ་རྩལ། །
རྒྱལ་བ་དམ་པའི་སྒྱུ་འཕྲུལ་ཟློས་གར་ཆུ་མིག་སྟོང་གི་ཟླ་གཟུགས་བཞིན། །

༧གྲངས་མེད་སྔོན་ནས་ཚོགས་ཀྱི་བསོད་ནམས་ཉེར་ལེན་ཟབ་མོའི་རྒྱུ་ལ་དྲངས། །
ཡེ་ཤེས་ཚོགས་ཀྱི་ས་ལམ་རིང་མོ་ཚེ་རབས་གོང་ནས་ཐུགས་ལ་སྦྱར། །
དགོངས་བཞིན་འགྲོ་བའི་དོན་དུ་གཟེས་ནས་དལ་འབྱོར་ལང་ཚོའི་མེ་ཏོག་བཞད། །
གངས་ལྗོངས་རིག་པ་མཁས་པའི་གཙུག་རྒྱན་ཐམས་ཅད་མཁྱེན་གྱུར་བོན་བརྒྱ་བ། །

༨ཞང་ཞུང་རྒན་པོའི་ཡང་མེས་ཏིག་པོ་མཁའ་འགྱིང་གཉན་གྱི་ཟློས་གར་ལས། །
གྲུབ་ཆེན་ཁྱུང་དཀར་ཐོག་ལ་འབར་ཞེས་ལོ་རྒྱུས་རིག་པའི་མཛད་རྗེས་ཅན། །
གང་གི་གདུང་རུས་གསེར་གྱི་མེ་ཏོག་མདོ་སྨད་གསེར་མོའི་ལྗོངས་སུ་བཞད། །
འཁྲུལ་མེད་གདུང་ལས་མངོན་དུ་བལྟམས་པ་འགྱུ#ར་མེ#ད་རི#ག་པ#འི་ཤེ#ས་ར#བ་རྩ#ལ། །

༩ཐུགས་སྣང་སྐྱིད་པའི་དབྱིངས་ཀྱི་ཀློང་ན་གཞོན་ནུའི་རོལ་རྩེད་མཛད་པའི་དུས། །
ཡབ་ཡུམ་ཟུང་གི་གཅེས་ནོར་ཞེས་པའི་གང་གཟབ་འཚར་ལོངས་བསྐྱེད་པའི་སྐབས། །
ལང་ཚོའི་གང་བུ་རིམ་གྱིས་སྨིན་ཏེ་དགུང་གྲངས་འབྱུང་བར་ཕེབས་པའི་སྐབས། །
མི་མངོན་དག་པ་བདེ་ཆེན་ཞིང་ནས་བཀའ་ཡི་བརྡ་ལན་ཁྱེད་ལ་སྤྲད། །

༡༠རིས་མེད་གྲུབ་མཐའི་སྐྱེས་ཆེན་རྣམས་ཀྱི་མགྲིན་ངག་གཅིག་གིས་བྱིན་རྫས་བསྩལ། །
གསང་ཆེན་བོན་མང་ཕུར་ཐོགས་སྟོང་གི་གནད་ཀྱིས་བསྐུལ་བའི་འཕྲིན་ལས་ཟབ། །
མ་བདུད་བཙན་དང་སྟག་རི་རོང་གི་ཆོ་འཕྲུལ་ཟབ་མོའི་ལུང་བསྟན་འཐོབ། །
སྐུ་ཕྲེང་སྔ་མའི་སྤྲུལ་བའི་མཚན་གྱི་རྟགས་རིལ་དང་པོ་ཁྱེད་ལ་དབང་། །

༡༡དཀར་ནག་འབྲུ་འདེད་ཀློག་པ་འཁོར་ལོས་ཐོ#ས་པ་རྒྱ་མཚོའི་འཇིངས་ལ་བྱིངས། །
གུས་རྟག་བརྩོན་པ་ལྷུར་གྱིས་བཞེས་ཏེ་བས#མ་པ་ནོར་བུའི་གཏེར་ལ་དབང་། །
དཔྱད་འཇོག་རིག་པ་རྩལ་གྱིས་སྤྲུགས་བཞིན་སྒོ#མ་པ་ཤེལ་གྱི་ཏིང་འཛིན་འཐོབ། །
སློབ་པ་ལམ་གྱི་རི་ཡི་སྤོ་ལ་ངལ་གྱིས་འགྱིངས་པའི་སྙན་པ་ཅན། །

༡༢སུམ་ལྡན་སྐྱང་སྟོན་རྒྱལ་བའི་དྲུང་ནས་གཙུག་ཕུད་གཙང་མའི་ཚུལ་ཁྲིམས་ཞུས། །
གསང་རྒྱུད་གྲུབ་ཆེན་མུ་ལའི་ཞལ་ནས་དབང་ལུང་བུམ་པ་གང་བྱོ་མཛད། །
མདོ་སྨད་བྱང་རྒྱུད་ས་ཡི་ཐིག་ལེར་གཤེན་བསྟན་འཛིན་པའི་འཁུར་ཆེན་བཞེས། །
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཆེན་མོའི་མེ་རོ་སླར་ཡང་གསོ་བར་མཛད། །

༡༣དག་སྦྱངས་སྨིན་པའི་ཐབས་སུ་དམིགས་ཏེ་སྔོན་འགྲོ་འབུམ་དགུའི་བསགས་སྦྱངས་ཞུས། །
འགྲོ་བ་འདྲེན་པའི་གནད་དུ་དགོངས་ཏེ་འཕོ་སྦྱང་དངོས་གཞིའི་ཉམས་ལེན་མཛད། །
རྩ་རླུང་ཐིག་གསུམ་དགུ་ཕྲུགས་རྩལ་སྦྱངས་ལྷན་སྐྱེས་སྐུ་གསུམ་མངོན་དུ་ལྡིང་། །
འཁོར་བའི་བོན་ལ་འདམ་དུ་གཟིགས་ནས་བཅུད་ལེན་སྒྲུབ་པ་གནད་དུ་སྨིན། །

༡༤ཁྲེགས་ཆོད་རིག་པ་རྩལ་དུ་སྤྲུགས་ནས་ཐོད་རྒལ་སྣང་བཞིའི་ཉམས་ལེན་གནང་། །
ཉིན་སྣང་མཚན་སྣང་མཐིལ་དུ་མཛད་དེ་ཀ་དག་ལྷུན་གྲུབ་བོན་སྐུར་ཤར། །
མུན་ཁྲིད་ཨར་གཏད་ཀློང་དུ་ཕྱིན་ནས་གནས་ལུགས་རྗེན་པ་ཉམས་སུ་སྣང་། །
སོ་བྱང་སྔགས་ཀྱི་བསླབ་ཁྲིམས་ཀུན་ཐོབ་གཞན་ཕན་ཀུན་བཟང་རྒྱ་མཚོའི་དཔལ། །

༡༥སྒྲ་སྦྱོར་སྙན་ངག་རིག་པའི་རྩལ་གྱིས་དབྱངས་ཅན་ངག་ལ་ཅོ་འདྲི་བྱེད། །
གནམ་རིག་དཀར་ནག་རྩིས་རིག་ཕུལ་ཕྱིན་སྣོད་བཅུད་བདེ་སྡུག་རི་མོར་བཀོད། །
ལྷ་རིས་ཡིག་རིགས་སྒྱུ་རྩལ་ལ་སོགས་ཐུན་མོང་ཤེས་བྱ་དཔྱིས་སུ་ཕྱིན། །
ང#ག་གི་དཔལ་ལ་རང་དབ#ང་འབྱོར་བའི་དབྱ#ངས་ལྡ#ན་དགྱེ#ས་པ#འི་བློ#་གྲོ#ས་རྒྱལ། །

༡༦དང་པོར་རྒྱ་གར་བན་དེ་ཞེས་པས་དབྱེན་དང་ཕྲ་མའི་རུ་མ་བསླངས། །
གྲི་གུམ་རྒྱལ་པོས་ལོག་སྒྲུབ་ཞུས་པས་སྤྱི་བོའི་གཙུག་གི་དམུ་ཐག་ཆད། །
རྒྱལ་ཕྲན་ལོ་ངམ་བློན་ཆེན་གང་གི་ཐབས་ཀྱིས་ལྔ་པའི་ལམ་དུ་སྤྱུགས། །
སྔོན་བྱུང་ལོ་རྒྱུས་གླེགས་བམ་གསེབ་ན་བོན་གྱི་ཕམ་ཉེས་འདི་བཞིན་གསལ། །

༡༧བར་དུ་བཙན་པོ་ཁྲི་ལྡེ་དབུས་པས་མཁན་སློབ་རྣམ་གཉིས་ཆོ་འཕྲུལ་གྱིས། །
སྲིད་པར་ཆགས་པའི་ཁ་བའི་རི་བོ་དྲི་བཞོན་བུ་མོའི་ཞལ་དུ་གཏོར། །
གྲོགས་ངན་མཐའ་དག་རྐྱེན་དུ་ལངས་ཏེ་བྱ་རུ་བཙན་པོའི་རྩ་རྒྱུད་བརླགས། །
ལོག་མཇལ་དྲིན་གྱི་ཆོ་ག་འདི་ནས་བོད་ཁམས་རི་ལ་ལས་ལན་འཁོར། །

༡༨ལས་དང་ལམ་གྱི་འཁོར་ཕྱོགས་སྐྱེན་པས་དྲག་རླུང་འཚུབ་ནག་ཤར་ནས་ལྡང་། །
ལྷ་མེད་སྨྲ་བའི་བཤད་ཡམས་བཙན་པོའི་གསར་བརྗེ་རིག་པ་ཐོད་ཀྱིས་སླེབས། །
མཐོན་པོ་བླ་མའི་བླ་བྲང་ནང་གི་དཀོར་མཛོད་གཏེར་ཁ་བཙན་གྱིས་བསྔོགས། །
ཉི་མ་ལྷ་སའི་སྐུ་དྲག་ཁང་ལ་མེ་སྒྱོགས་འཕྲུལ་གྱིས་བརྡ་ལན་བཏང་། །

༡༩སྤྱི་མཐུན་ལས་ཀྱི་ཁ་ལོ་བཙན་པོས་ཁ་ཆར་བུ་ཡུག་རིམ་གྱིས་ལྡང་། །
ཞི་བདེ་ལྷ་ཡི་ཞིང་གི་དཔལ་ལ་རླུང་དམར་འཚུབ་མའི་རླབས་ནག་འཁྲུགས། །
གནམ་དང་ས་ཡི་བཅོས་བསྒྱུར་ཞེས་པའི་དྲན་འཕྲུལ་རིག་པས་འཁོར་ལོ་བསྐོར། །
དམ་པ་ཁྱོད་ནི་ཁྲིམས་ཀྱི་བཙོན་ན་རྒྱལ་སྲས་དཔའ་བོའི་སྤྱོད་པ་འཆང་། །

༢༠མི་སྲུན་གདུག་པའི་ཆོ་འཕྲུལ་དེ་ཡིས་ལྷ་སྐུ་རྟེན་གསུམ་གདན་དུ་བཏིང་། །
སྐྱབས་ཀྱི་ཡུལ་གྱུར་ངང་སེར་ཕལ་ཆེར་འཁོར་བ་ནག་པོའི་འདམ་ལ་གཡུག །
ཕྱག་ཕྲེང་ཐོགས་པའི་རིགས་མཐུན་ཁག་ལ་བདུད་སྲིན་འགོང་བོའི་སྙིང་ཁམས་སྤྲད། །
རླབས་ཆེན་སྤྲུལ་བའི་སྐུ་ལོ་ཁྱེད་ཉིད་ས་གསེར་འོད་མདངས་མཁའ ཁྱབ་བཞིན། །

༢༡མུ་གེའི་ནག་པོའི་དུས་རབས་དེ་ལ་ཕལ་ཆེར་དྲན་མེད་ནད་ཀྱིས་གཟེར། །
རིག་གསར་དམར་པོའི་བར་སྐབས་དེ་ལ་ཁག་གཅིག་སྲིན་པོའི་སྐུ་རུ་བཞེངས། །
དབང་མེད་འཇིགས་རུང་སྤུ་གྲིའི་སོ་ཁར་ལ་ལའི་གློ་སྙིང་ཁ་རུ་ལུད། །
གང་ཁྱེད་ཤེས་བྱར་ཧུར་གྱིས་མཛད་བཞིན་མ་འོངས་དགོངས་དམིགས་རྒྱང་དུ་བཤེར། །

༢༢རྒྱལ་ཀུན་སྤྱི་གཟུགས་སྐྱང་སྤྲུལ་རྒྱལ་བའི་ལུང་བསྟན་ཟབ་མོའི་བཀའ་གསུངས་ཡོད། །
མེ་ཏོག་ཕོག་པའི་ཡི་དམ་ལྷ་ཡི་མཐུ་དང་སྟོབས་ཀྱི་བྱིན་ནུས་འཐོབ། །
རིང་ནས་བསྒྲུབ་པའི་མ་སྲིང་ཚོགས་ཀྱིས་རྐྱེན་ངན་བཟློག་པའི་སྡོངས་གྲོགས་མཛད། །
རྩ་གསུམ་ལྷ་ཡི་བྱིན་མཐུ་སྐྱེན་པས་དགོན་གནས་བརྩིགས་པའི་གཞི་མ་བསླངས། །

༢༣རེབ་སའི་གོང་གི་སྟོད་ཀྱི་ཆར་གནས་བོན་གྱི་གཞིས་བརྒྱ་ཆགས་པའི་ཡུལ། །
མཚན་གྱི་ཅོད་པན་སྲིད་ན་གྲགས་པའི་སྨན་གྱི་རི་བོའི་ཕང་བ་རུ། །
ལུང་རྟོགས་བསྟན་པའི་ཁང་བཟང་ཀ་ཆེན་བཤད་སྒྲུབ་ཟུང་གི་དར་ཆེན་ཕྱར། །
རིས་མེད་འགྲོ་རྣམས་བདེ་ལ་འགོད་པའི་སྨིན་གྲོལ་གླིང་ཞེས་སྙན་པ་གཡོ། །

༢༤ཀུན་གཟིགས་པཎ་ཆེན་བཅུ་པ་ཞེས་བྱ་རྣམ་འདྲེན་སྣང་བ་མཐའ་ཡས་གང་། །
དངོས་མཇལ་དགྱེས་བརྩེའི་བཀའ་མོལ་མཛད་དེ་དགོངས་རྩལ་རོལ་པ་གཅིག་ཏུ་འདྲེས། །
ཞང་བོད་མེས་པོའི་ཕ་ནོར་གང་ཞིག་འཛིན་སྐྱོང་སྤེལ་ལ་དགོངས་བཞེས་ཞེས། །
བྱིན་རྟེན་བཀའ་མཆིད་གཞལ་མེད་གང་ཞིག་སྤྱི་བོའི་རྒྱན་དུ་ཁྱེད་ལ་བསྩལ། །

༢༥ལྷད་ཀྱིས་མ་ཞུགས་གཡུང་དྲུང་བོན་ནོར་སྲིད་པར་ཆགས་པའི་གངས་རྒན་ཆེ། །
ཡབ་རྗེ་སངས་པོ་འབུམ་ཁྲི་ནས་བཟུང་དམུ་སྲས་རྣམ་འདྲེན་བརྒྱད་པ་གང་། །
ཞང་ཞུང་བྱར་ཐོགས་བཅོ་བརྒྱད་བར་དུ་མ་ཉམས་སྲིད་པའི་དར་ཆེན་བསླངས། །
སྒོ་ཕུགས་བར་གྱི་མཛད་རྗེས་རི་མོ་ཕྱི་རབས་བོན་གྱི་རྒྱན་དུ་འཁུམས། །

༢༦བཅུ་གསུམ་རིམ་པའི་གནམ་གྱི་སྟེང་གི་སྲིད་པའི་ལྷ་རབས་མཆེད་བཞི་ལས། །
སྟོང་གསུམ་སྲིད་པར་ཁ་ལོ་བསྒྱུར་པའི་དྲེགས་ལྡན་མི་བོ་གསེར་རིའི་ཕྲེང་། །
ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་ནས་བཟུང་བཙན་པོ་ལྷ་སྲས་དར་མའི་བར། །
འོད་གསལ་ལྷ་ཡི་རྒྱུད་དུ་མཆེད་པར་དྲན་དབང་སྟོང་གིས་མགྲིན་གཅིག་སྨྲ། །

༢༧སྟོབས་ལྡན་ཧོར་རྒྱལ་ཇིང་གྷིར་རྒྱལ་པོས་འཇིགས་རུང་ཁྲག་གི་མཚོ་མོར་བསྐྱིལ། །
ས་འབྲི་གཉིས་ཀའི་འཁྲུག་རྩོད་ཆེན་མོར་འབྲི་གུང་གླིང་ལོག་སྐད་དུ་གྲགས། །
སྲིད་དབང་རྩོད་པའི་དམག་འཁྲུག་ཀུན་ལས་སྟག་ལོའི་སྡེ་གཟར་སྐད་གྲགས་ཅན། །
བོད་ཁམས་སིལ་བུའི་དུས་རབས་དེ་ལ་ཡ་ངའི་ཆོ་གའི་གླེགས་བམ་མང་། །

༢༨གྲུ་བཞིའི་རྡོ་ཁང་སྔོན་མོ་ཞེས་པས་ལོ་རྒྱུས་གསར་པའི་དབུ་ཁྱུད་བྲིས། །
བོན་སྐྱོང་བེར་རྒྱལ་དོན་ཡོད་སོགས་ལ་སྲོག་ཐོག་དམར་པོའི་འཇིགས་པ་སྤྲད། །
ལྟས་ངན་ཐབས་ཀྱིས་གསང་ཇུས་བཙན་པོས་རྒྱལ་བ་བྲུ་ཡི་རུས་རྒྱུད་བརླགས། །
འདི་དང་འདི་འདྲའི་ལོ་རྒྱུས་ཁག་གིས་བོན་འབངས་སྙིང་ལ་ན་ཟུག་བསླངས། །

༢༩དེ་དང་དེ་འདྲའི་ལོ་རྒྱུས་རིང་མོར་ལུང་རིག་བདེན་པས་ར་སྤྲོད་མཛད། །
ཞང་ཞུང་རྒན་པོའི་མཁར་ཤུལ་ཁག་ལ་“ལོ་རྒྱུས་ཤེལ་གྱི་རྒྱང་མཐོང་”བཙུགས། །
ཕྱོགས་ལྷུང་དུག་གི་སྨྲ་ལྕེ་ཅན་ལ་“ལྷག་བསམ་དུང་གི་སྒྲ་དབྱངས་”བསྒྲགས། །
ཤར་ནུབ་འཛམ་གླིང་ཡུལ་གྲུ་ཁག་ན་ཁྱེད་ཀྱི་མཛད་རྗེས་བླ་ན་མཐོ། །

༣༠འཕྲུལ་གྱི་ཡི་གེའི་བྱུང་ཁུངས་མདོ་ལ་ཞིབ་མོ་རྣམ་འཐག་གཏན་ཚིགས་བཀོད། །
རྒྱལ་རབས་བཙན་པོའི་ལོ་ཚིགས་གནད་ལ་ཐག་ཆོད་སྒྲོན་མེ་འོད་སྣང་སྤར། །
ཆོས་དང་སྲིད་གཉིས་ཟུང་འབྲེལ་སྐོར་ལ་སྔར་མེད་རིག་པའི་བརྒལ་བརྟག་མཛད། །
རྒྱལ་སྤྱིའི་རིག་པའི་གྲོས་ཚོགས་ཁྲོད་ན་རྣམ་དཔྱོད་རིག་པའི་འཕྲུལ་འཁོར་བསྐོར། །

༣༡ཟབ་གསལ་མྱུར་བའི་རྣམ་དཔྱོད་ཕྲ་མོས་“བསྟན་རྩིས་མུན་སེལ་སྒྲོན་མེ་”བཏེགས། །
གཙུག་ལག་རིག་པ་སྡེ་སྣོད་གཞུང་ལ་དོགས་གཅོད་རིག་ལམ་གསར་དུ་བསྐྲུན། །
ཞང་བོད་གནའ་བོའི་ཡིག་རིགས་སྣ་ཚོགས་མ་འཁྲུལ་རི་མོའི་གླེགས་བམ་མཛད། །
རྒྱལ་གཤེན་བསྟན་པའི་གསལ་བྱེད་གང་ཞིག་མཛད་རྗེས་རྡོ་བརྐོས་སྙིང་ལ་ལྕི། །

༣༢དཔོན་གསས་བསྟེན་ལ་གང་ཞིག་མཁས་པ་དེ་ཉིད་དེ་དང་དབྱེར་མེད་ཅེས། །
བསླུ་མེད་རྒྱལ་བའི་བཀའ་ལུང་ཁག་ན་བདེན་པའི་གསེར་སྦྱངས་བཙོ་མ་བཞིན། །
གཞུང་ལུགས་རྒྱ་མཚོ་ཧུབ་ཀྱིས་འདྲེན་པའི་རྣམ་དཔྱོད་རིག་པའི་དབལ་འབར་བ། །
གང་ཉིད་བསྟེན་པའི་དཔྱོད་ལྡན་ཚོགས་ཀྱིས་ཡངས་པའི་ཁམས་འདི་དོག་པར་མཛད། །

༣༣མདོ་སྔགས་བོ#ན་ལ་རླབས་ཀྱིས་ཆོད་པ་བརྒྱ#་བའི་མགོན་པོ་གཉིས་པ་བཞིན། །
དགེ#་ལེ#གས་སྐལ་ལྡན་འགྲོ་བའི་ངོ་ལ་བསམ་བཞིན་སྤྲུལ་བའི་གར་མཛད་པ། །
ལྷུ#ན་གྲུ#བ་ཟད་མེད་རིག་པའི་གཏེར་ལ་ནང་བྱན་ཆུབ་པའི་རྣལ་འབྱོར་བ། །
རབ་འབྱམས་རྒྱ#་མཚོ#འི་ཞིང་གི་དཔལ་ན་ཁྱེད་ཉིད་ཀུན་ལས་ཁྱད་དུ་གཟེངས། །

༣༤མ་རིག་རྨོངས་བླུན་རྒྱ་ནང་འཐུམ་པའི་རྐང་བ་དྲུག་པའི་ཁོ་བོ་གང་། །
ཚད་མིན་ཐེ་ཚོམ་ཐུན་གསུམ་སྨག་གིས་རིང་ནས་གདུང་བའི་འཇིགས་པ་ཡང་། །
འདྲེན་པ་གང་གི་མཁྱེན་བརྩེ་ནུས་པ་སྐྱ་རེངས་བུ་ལོའི་འཛུམ་དཀར་གྱིས། །
མཐའ་ཡས་མེ་ཏོག་རིག་པའི་ཚལ་ལ་ཉིན་མོར་བྱེད་འདི་སྙིང་ནས་དྲན། །

༣༥རྒྱལ་ཀུན་སྤྱི་གཟུགས་རྒྱལ་སྲས་སེམས་དཔའ་མི་ཡི་གར་རོལ་དམ་པ་ཁྱེད། །
ཕྱི་ནང་གསང་བ་བསམ་མི་ཁྱབ་པའི་རྨད་བྱུང་ཡོན་ཏན་ནོར་བུའི་གཏེར། །
ཚུར་མཐོང་ཙམ་གྱིས་གཞལ་བྱར་མིན་པ་བསླུ་མེད་རྒྱལ་བའི་གསུངས་ལས་ཐོས། །
བདག་འདྲའི་ངལ་བས་འཁུར་དུ་ལེན་པའང་མཁས་རྣམས་བཞད་གད་གནས་སུ་དམིགས། །

༣༦མི་ལོ་བཅུ་ཕྲག་བརྒྱད་ཀྱི་རིང་ལ་འགྲོ་ངོར་འཕྲིན་ལས་རླབས་ཆེན་མཛད། །
དགུང་གྲངས་བརྒྱད་བཅུའི་ཁྲི་ལ་ཕེབས་པའི་གྱ་སྟོན་མཛད་སྒོའི་ཡོ་ལང་ལ། །
དངོས་འབྱོར་ཟང་ཟིང་རྒྱུ་ཡི་ཚོགས་ལས་རྟོགས་བརྗོད་ཚིག་གི་ཕྲེང་འདི་ཡང་། །
ཡེ་ཤེས་ཚོགས་ཀྱི་རྒྱུ་རུ་དམིགས་ཞེས་བསླུ་མེད་སྨྲ་ལ་ཡིད་ཆེས་འཐོབ། །

༣༧གང་གི་ཞབས་པད་གསེར་གྱི་འཁོར་ལོ་གཅན་ལྔས་བཏེགས་པའི་ཁྲི་འཕངས་སུ། །
བདག་ཅག་བསྟན་འགྲོའི་བསོད་ནམས་དཔལ་དུ་བསྐལ་བ་ཁྲི་ཕྲག་གྲངས་གནས་སུ། །
མི་འགྱུར་ཚེ་ཡི་རིག་འཛིན་ཉིད་འཐོབ་གཡུང་དྲུང་གཤིས་སུ་བཞུགས་གསོལ་ནས། །
དཔག་མེད་ཚེ་རབས་ཕྲེང་བ་ཀུན་ཏུ་འབྲལ་མེད་བརྩེ་བས་རྗེས་སུ་ཟུངས། །

༣༨འདི་ནི་དྲི་ཟའི་ངག་ལས་དྲངས་པའི་རིག་བྱེད་མཁན་པོའི་སྦྱོར་བ་མིན། །
ཧ་ཅང་བརྡ་རྙིང་རྒྱན་གྱིས་སྤྲས་པའི་སྲོལ་རྒྱུན་མཁས་པའི་སྙན་ངག་མིན། །
སྒྲོ་བཏགས་ཟོལ་གྱི་ཚིག་སྦྱོར་ངག་དང་ངོ་བསྟོད་སྤྲེའུའི་ཉམ་འགྱུར་མིན། །
འདི་ཡི་ཁེ་དང་གྲགས་པའི་ཕྱིར་དུ་རྩོམ་པའི་ངལ་བ་ཁྱོན་ནས་མིན། །

༣༩འདི་ནི་སྨོན་པས་སྙིང་ཁར་སྦྱར་བའི་རྟེན་འབྲེལ་མཆོད་པའི་མེ་ཏོག་ཡིན། །
དགའ་སྤྲོ་སེམས་པས་མཐོ་རུ་བཏེགས་པའི་གཡུང་དྲུང་ལྷ་དར་དཀར་པོ་ཡིན། །
རིང་ནས་ཉེར་ལེན་རྐྱེན་ཀུན་འཛོམས་པའི་བསོད་ནམས་དཔལ་གྱི་མཆོད་སྤྲིན་ཡིན། །
སྙན་པའི་ཚིག་གི་ངག་ལ་དྲངས་པའི་རྟོགས་བརྗོད་ཨུན་ཆེན་སྒྲ་དབྱངས་ཡིན། །

༤༠གསང་གསུམ་མཛད་པའི་ཆ་ཤས་ཙམ་གྱི་ངག་སྦྱོར་ཚིག་གི་ངལ་བ་འདི། །
ཁྲི#་གཤོག་རྒྱལ་མོར་དལ་རྟེན་རྙེད་པའི་གཡུ#ང་དྲུ#ང་མི་ཕྱེད་དད་འདུན་ཅན། །
བློ་གྲོས་རྩལ་ཤུགས་ཀུན་ནས་དབེན་པའི་བཙུན་པའི་གཟུགས་ཀྱི་རྒྱལ་ཁམས་པ། །
སྒོ་གསུམ་བླ་མེད་གུས་འདུད་ཆེན་པོས་གསོ་བྱེད་ལྷུན་པོའི་རི་ནས་བཏེགས། །


ཞེས་རྟོགས་བརྗོད་ཨུན་ཆེན་དར་མའི་སྒྲ་དབྱངས་ཞེས་བྱ་བ་འདི་ཡང་༧གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་ལོ་རྒྱུས་བཅས་ཀྱིས་བསྡུས་པའི་སྡེ་སྣོད་ཀུན་ལ་གཞན་དྲིང་མི་འཇོག་པ། མཁྱེན་རྩལ་ཕུལ་དུ་སོན་པའི་སྨྲ་བའི་ཁྱུ་མཆོག་ཆེན་མོ་ངེས་པ་དོན་གྱི་མཁས་དབང་དམ་པ།  ཁོ་བོ་ཅག་གི་སློབ་དཔོན་ཆེན་མོ་བཀའ་དྲིན་གཞལ་མཐའ་མེད་པ་༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མོ། མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་སྨོས་ན་༧དགེ་ལེགས་ལྷུན་གྲུབ་རྒྱ་མཚོའམ་ངག་དབང་དབྱངས་ལྡན་དགྱེས་པའི་བློ་གྲོས་དཔལ་བཟང་པོ་གང་གི་དགུང་གྲངས་བརྒྱད་ཅུའི་གྱ་སྟོན་གྱི་མཛད་སྒོ་ལ་དམིགས་ཏེ།  སྤྱིར་གང་གི་རྟོག་བརྗོད་རྒྱ་མཚོ་ལྟ་བུ་བློ་གྲོས་ཀྱི་རྩལ་ཤུགས་རབ་ཏུ་དབུལ་ཞིང་ཕོངས་པ་བདག་ལྟ་བུས་བརྗོད་པར་མི་ནུས་མོད། འོན་ཏང་རིང་ནས་དགེ་བའི་ཚོགས་བསགས་ཀྱི་མཐུ་དང་། དཔལ་ལྡན་བླ་མས་རྗེས་སུ་བཟུང་བའི་བཀའ་དྲིན་སྙིང་ལ་བསམ་སྟེ། གང་གི་གསང་གསུམ་བསམ་མི་ཁྱབ་པའི་ཆ་ཤས་ཙམ་ཞིག་ཚིག་གི་ཕྲེང་བའི་ལམ་ནས་མཆོད་སྤྲིན་གྱི་དོད་ཙམ་དུ།  ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧དཔལ་ལྡན་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གི་སྐྱབས་འོག་ཏུ་ཐོས་བསམ་གྱི་འཚོ་བ་ཡུན་རིང་དུ་བསྟེན་པའི་སྐལ་ལྡན་བསོད་ནམས་ཅན་ཁོ་བོ་མདོ་སྨད་གེ་སར་ཕྲོམ་གྱི་རྒྱལ་ཁམས་མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་ལྷོ་ངོས་སུ་དལ་རྟེན་རྙེད་པ། དྲིན་ཆེན་མཁན་སློབ་སོགས་ལ་མི་ཕྱེད་དད་གུས་ཀྱི་ལང་ཚོ་ཅན་ཕྲན་མར་ནང་གཡུང་དྲུང་བསྟན་འཛིན་རྒྱ་མཚོའམ་བརྡ་སྤྲོད་མིང་གཞན་དུ་དབྱངས་ཅན་མི་ཕམ་དགྱེས་པའི་བློ་ལྡན། ཡོངས་གྲགས་སུ་ཁྲི་གཡུང་དྲུང་དུ་འབོད་པའི་སྤྲང་འཁྱམས་པ་དེས་ཡུལ་ཆེན་མོ་མ་ཧཱ་བྷ་ར་ཏཱའི་བྱང་ཕྱོགས་ན་ལྷམ་མེར་བརྗིད་པའི་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ཉག་མ་སུམ་ཅུ་པ་སྟེ། བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་བདུན་པ་ཆུ་སྦྲུལ་ལོའི་(ཕྱི་ལོ་༢༠༡༣།༡༡།༡༥)དགུན་ཟླ་ར་བའི་དཀར་ཕྱོགས་རྒྱལ་བ་གསུམ་པར་མཇུག་གྲུབ་པར་བགྱིས་ཁུལ་ཙམ་འདིས་ཀྱང་རིས་མེད་ཀྱི་སྐྱེ་འགྲོ་སྲོག་གིས་བསྡུས་པ་ཀུན་ལ་མགོན་པོ་གང་གི་ཐུགས་རྗེའི་ལྕགས་ཀྱུས་ཉེར་བར་བཟུང་ཏེ་ཐར་བ་བདེ་ཆེན་གྱི་དཔལ་ལ་འགོད་ཅིང་ཕན་བདེའི་དགའ་སྟོན་གྱི་སྣང་བ་ཟད་མེད་དུ་འཕེལ་བའི་རྒྱུར་གྱུར་ཅིག ། ཐ་ཚན་མུ་ཙུག་སྨར་རོ།། །།

Re:རྟོགས་བརྗོད་ཨུན་ཆེན་དར་མའི་ སྒྲ་དབྱངས་ | 2014-04-19 13:24:31
vaseགཡུང་དྲུང་སྤུན་གྲོགས་ཁྲི་གཡུང་དྲུང་ལགས ཀྱི་ལེགས་རྩོམ་ཞིག་སྤེལ་འདུག་པས། ཡི་རང་ལན་བརྒྱར་ཞུ། མུ་མཐུད་ནས་འདི་འདྲ་སྤེལ་བའི་རེ་བ་ཡོད། ཁྱུང་བསོད་བློ་ནས།
Re:རྟོགས་བརྗོད་ཨུན་ཆེན་དར་མའི་ སྒྲ་དབྱངས་ | 2014-04-18 18:37:47
སྐུ་མགྲོན་r74Ypd(སྐུ་མགྲོན)ཧ་ཅང་གིས་ཡག་པོ་བྲིས་འདུག ངོ་མས་བཀའ་དྲིན་ཆེ།
རྒན་གྱའི་གཡུང་དྲུང་སྐྱབས་ཀྱིས།
རྩོམ་པ་པོ།:སྐུ་མགྲོན་r74Ypd(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རྟོགས་བརྗོད་ཨུན་ཆེན་དར་མའི་ སྒྲ་དབྱངས་ | 2014-04-18 18:36:33
སྐུ་མགྲོན་r74Ypd(སྐུ་མགྲོན)ངོ་མས་ཡག་པོ་བརྩམས་འདུག བཀའ་དྲིན་ཆེ།
རྩོམ་པ་པོ།:སྐུ་མགྲོན་r74Ypd(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རྟོགས་བརྗོད་ཨུན་ཆེན་དར་མའི་ སྒྲ་དབྱངས་ | 2014-04-17 15:02:04
triyungblogརྣམ་དཔྱོད་ལྡན་པ་གྲོགས་རིན་སྤུངས་པ་དབུས་པའི་ཕེབས་གཟིགས་གནང་མཁན་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
Re:རྟོགས་བརྗོད་ཨུན་ཆེན་དར་མའི་ སྒྲ་དབྱངས་ | 2014-04-16 23:09:26
tibetmonkགྲོགས་དམ་པ་ཁྲི་གཡུང་དྲུང་ལགས་ནས་སླར་ཡང་ཟིན་ཐོ་སྤེལ་བར་སྙིང་ནས་དགའ་བསུ་དང་། གཞན་མ་འོངས་པར་མུ་མཐུད་ནས་སྤེལ་རོགས་གནང་བའི་རེ་བ་ཡང་ཆེའོ། །
ཞེས་རིན་སྤུངས་ཚུལ་བསྟན་ནས་
རྩོམ་པ་པོ།:tibetmonk | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.