ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྗེ་༧རྒྱལ་བ་སྨན་རི་བ་ཀུན་མཁྱེན་ཉི་མའི་ཞལ་འདམས།  | 2012-07-07 21:16:00

རྗེ་༧རྒྱལ་བ་སྨན་རི་བ་ཀུན་མཁྱེན་ཉི་མའི་ཞལ་འདམས།

རང་རེའི་བོན་ལུགས་བསྟན་པ་མི་དར་ཞིང་། །

བྱས་པ་མེད་པར་མི་ཁས་སྡང་བ་ནི། །

དགེ་ལེགས་འབྱུང་བ་དཔལ་ལྡན་བླ་མ་ལ། །

བསྟོད་བཀུར་མ་བྱས་བཀའ་དམ་མ་བསྲུང་པས། །

ཉེས་པ་ཆེན་པོ་དེ་ཡིས་བསྐྱེད་པར་མཐོང་། །

དེ་ཕྱིར་དགེ་སྒྲུབ་བོན་ལ་སྤྱོད་པ་ཀུན། །

རྣལ་འབྱོར་ཆེ་བ་རྣམ་བཞིར་རྒྱུན་དུ་བླངས། །

འདི་ལ་དོན་གནད་ཆེན་པོ་ངེས་པར་མཐོང་། །

རྣལ་འབྱོར་ཆེ་བ་རྣམ་བཞིར་གསུངས་པ་ནི། །

བླ་མར་དད་འདུན་མོས་གུས་ཆེ་བ་དང་། །

གདམས་ངག་བོན་ལ་ཡིད་ཆེས་ཆེ་བ་དང་། །

མཆེད་གྲོགས་རྣམས་ལ་དག་སྣང་ཆེ་བ་དང་། །

སེམས་ཅན་སྤྱི་ལ་སྙིང་རྗེ་ཆེ་བ་དང་། །

འདི་བཞི་མ་བརྗེད་ངེས་པར་ཟུངས་སུ་བཟུང་། །

འདི་བཞི་བོན་སྤྱོད་ཀུན་ལ་ལྡན་གྱུར་ན། །

བོན་བསྟན་དར་རྒྱས་འཕེལ་བ་དངོས་སུ་མཐོང་། །

 

གཞན་ཡང་དབང་ལུང་འབྲེལ་བ་ཞུས་ཕྱིན་ནས། །

ཡོན་ཏན་ཆེ་བ་མེད་པ་མཐོང་གྱུར་ཀྱང་། །

ལྟ་ལོག་བསྐུར་འདེབས་སོམ་གཉིས་རྣམ་པར་སྤོངས། །

རྩ་བའི་བླ་མར་སྒོམ་ནས་དམ་ཚིག་སྲུངས། །

ཕྱི་རབས་འགྲོ་ལ་དབང་ལུང་བྱིན་བྱེད་དུས། །

བླ་མ་རྒྱལ་བའི་རྒྱལ་ཚབ་ཏུ་བསྐོས་ཕྱིར། །

བླ་མ་ངན་ཀྱང་རྒྱལ་བས་དབྱིངས་ནས་གཟིགས། །

གཟིགས་པའི་ཐུགས་རྗེས་བཟུང་ཕྱིར་དག་སྣང་སྒོམས། །

སངས་རྒྱས་ཐ་མལ་བདག་འདྲས་མཐོང་མིན་ཕྱིར། །

བླ་མ་དག་ལ་ལྷག་བསམ་མོས་འདུན་བསྐྱེད། །

བླ་མ་བཀུར་ཚུལ་མདོར་བསྡུས་སྔགས་རྒྱུད་ལས། །

དགེ་ལེགས་ཀུན་གྱི་འབྱུང་གནས་བླ་མ་སྟེ། །

མིག་སྙིང་སྲོག་དང་འདྲ་བ་གཅེས་པར་ཟུངས། །

སྐུ་ཡི་ཡོན་ཏན་སྨད་ན་སྲིན་པོར་སྐྱེ། །

གསུང་གི་བར་ཆད་ལྐུགས་པ་ཁ་མེད་འགྱུར། །

ཐུགས་དཀྲུག་དམྱལ་བ་གཅོད་སྦྱོང་དམྱལ་བར་སྐྱེ། །

ཡོན་ཏན་བརྒྱ་ཕྲག་བཅུ་དྲུག་མང་པོ་ལ། །

ལོག་ལྟ་སྐྱེས་ན་གཅོད་སྦྱོང་དམྱལ་བར་སྐྱེ། །

སྐུ་ཡི་གྲིབ་འགོམ་མུན་ནག་གླིང་དགུར་འཁྱམས། །

རྒྱབ་དང་ཟུར་བསྟན་སྒུར་དང་འཁྱོག་པོར་འགྲོ། །

གབ་སྦས་བྱས་ན་མིག་མེད་ལོངས་པར་སྐྱེ། །

ཞེས་སོགས་ལུང་ལས་གསུངས་པའི་དོན་ལ་སོམས། །

དམ་ཚིག་མ་སྲུང་རྩ་བླར་མ་སྒོམ་ན། །

དབང་འབྲེལ་ལུང་འབྲེལ་མ་ཞུས་རྒྱང་ནས་བྱོལ། །

སྐྱོན་དང་ཡོན་ཏན་གང་ཡང་བྱུང་བ་མིན། །

དེ་ཕྱིར་དམ་ཚིག་སྲུང་ཡུལ་རུང་མིན་ནི། །

ལེགས་པར་བརྟགས་ནས་དབང་ལུང་ཞུས་པ་ཡིན། །

མདོར་ན་རྩ་བའི་བླ་མའི་དམ་ཚིག་ནི། །

སྲུང་ལ་གནད་དོན་ཆེན་པོ་ངེས་པར་མཐོང་། །

བསྲུང་བྱའི་དམ་ཚིག་ཆེན་པོ་འདི་ཉམས་ན། །

དམྱལ་བ་ཆེན་པོར་འགྲོ་བ་ཐག་གིས་ཆོད། །

འཐད་པ་དགོངས་ན་ཐུགས་ལ་བསྟི་བར་ཞུ། །

མི་འཐད་དགོངས་ཀྱང་དམྱལ་བ་བསྒྲུབ་མི་འཚལ། །

ཞེས་པ་གྲུབ་དབང་མཆོག་གིས་བཀའ་ཕེབས་དང་། དྲང་སྲོང་བསྟན་པ་ཡེ་ཤེས་བཀའ་གསུང་གྱེན་ལྡོག་མ་ནུས་ཐོས་ཆུང་པ་ཉི་རི་ཤེལ་ཞིན་ཟུར་རླུང་ཝེར་རོ་ཡིས་ཉམས་སྣང་སེམས་ལ་གང་ཤར་བྲིས་པ་དགེ། །

  • ཤོག་བྱང་། tttt 
  • Re:རྗེ་༧རྒྱལ་བ་སྨན་རི་བ་ཀུན་མཁྱེན་ཉི་མའི་ཞལ་འདམས། | 2012-07-25 21:01:19
    triyungblogཐུགས་སྣང་མཛད་པར་བཀའ་དྲིན་ཆེ།
    Re:རྗེ་༧རྒྱལ་བ་སྨན་རི་བ་ཀུན་མཁྱེན་ཉི་མའི་ཞལ་འདམས། | 2012-07-17 12:11:37
    Drncharབཀའ་དྲིན་ཆེ་བའི་རྒྱལ་བ་སྤྨན་རི་བ། འགྲོ་བའི་མགོན་པོ་ཀུ་ན་མཁྱེན་ཉི་མའི་མཚན། བརྩེ་བའི་ཐུགས་རྗེ་ཉི་མའི་འོད་ཟེར་གྱིུས། འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་སྐམ་དུ་གསོལ།
    Re:རྗེ་༧རྒྱལ་བ་སྨན་རི་བ་ཀུན་མཁྱེན་ཉི་མའི་ཞལ་འདམས། | 2012-07-07 22:30:03
    zhongsongསྐྱབས་སུ་མཆི། ཞལ་གདམས་བྱིན་རླབས་ཅན་དེ་ངོ་མ་བདག་འདྲ་བ་ལ་ནད་ཐོག་སྨན་ལྟ་བུ་ཞིག་འདུག་པས་སྐལ་པ་བཟང་། སྨྲ་དབང་ཀུན་མཁྱེན་ཉི་མ་བསྟན་འཛིན་དང་། །རྣམ་འདྲེན་དྲིན་ཆེན་རྩ་བའི་བླ་མའི་བར། །རྣལ་འབྱོར་ཆེ་བ་རྣམ་བཞིའི་རྒྱུན་མཐུད་པའི། །རིམ་བྱོན་བླ་མ་རྣམས་ཀྱིས་ཐུགས་རྗེ་ཡིས། །བདག་སོགས་མ་དག་སེམས་ཅན་བསྐྱབ་ཏུ་གསོལ། །
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.