ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོན་དང་འབྲེལ་བའི་བོད་ཀྱི་བརྡ་སྤྲོད་རིག་པ། | 2012-06-07 01:25:00

༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༢པའི་ཉིན་བཞི་པའི་བརྗོད་བྱ་སྙིང་བསྡུས“བོན་དང་འབྲེལ་བའི་བོད་ཀྱི་བརྡ་སྤྲོད་རིག་པ།”

ཉིན་བཞི་པའི་གསུང་བཤད་སློབ་དཔོན་ཨརཅྱ་གཟི་གཡང་།

བོན་དང་འབྲེལ་བའི་བོད་ཀྱི་བརྡ་སྤྲོད་རིག་པ་ཞེས་པའི་བརྗོད་བྱ་དངོས་གཞིའི་སྐོར་དངོས་སུ་མ་གླེང་སྔོན་དང་ཐོག་བརྡ་སྤྲོད་རིག་པ་ཞེས་པ་དེ་ཅི་འདྲ་ཞིག་ལ་ བརྗོད་དགོས་མིན་དང་།རིག་གནས་ཆེ་ཆུང་བཅུ་ཡི་ནང་གང་གི་ཁོངས་སུ་འདུས་པ་དང་། ལེགས་སྦྱར་གྱི་ཚིག་བིདྱཱ་དང་དབྱིན་ཚིག་ལོ་ཇི་ཞེས་པ་དེ་བོད་ཚིག་“རིག་པ་”ཞེས་ པར་བསྒྱུར་སྲོལ་དར་འགོ་ཚུགས་ཡོད་པའི་དཔེ་མཚོན་བཅས་སྔོན་འགྲོའི་གཏམ་གྱི་ཚུལ་ དུ་གླེང་སློང་བྱ་རྒྱུ་ཡིན། སྤྱིར་དོན་གོ་བར་བྱེད་པའམ་བརྡ་སྤྲོད་པར་བྱེད་པའི་ཐབས་ལ།ལག་བརྡ་དང་།མིག་བརྡ། ལུས་བརྡ།རི་མོའི་བརྡ་སོགས་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་ཐབས་མང་ ཡང་།སྐབས་བབས་ཀྱི་བསྟན་དོན་ནི་ངག་གི་རྣམ་པར་རིག་བྱེད་དུ་གྱུར་པའི་བརྡ་ སྤྲོད་ཡིན།བརྡ་སྤྲོད་པའི་རིག་པ་ཞེས་པ་དེ་ཡི་གེའི་བརྡ་དག་སྟོན་པའི་རིག་གནས་ ལ་གོ་བ་དང་།རིག་གནས་ཆེ་བ་ལྔ་ཡི་ནང་ནས་སྒྲ་ཡི་ རིག་པའི་ཁོངས་སུ་གཏོགས།སྤྱིར་བོན་དང་ཆོས་ཀྱི་ལུགས་ཀྱི་བར་རིག་པའི་གནས་ཆེན་ ལྔའི་སྐོར་འདོད་ཚུལ་ཧེ་བག་ཆེན་པོ་ཡོད་པས།རིག་གནས་དེ་དག་སོ་སོའི་རྣམ་བཞག་དང་ བྱུང་ཚུལ་སོགས་སྐབས་འདིར་བཤད་ན་གཏམ་ཚོགས་ཆེ་ཞིང་བརྗོད་དོན་དངོས་གཞི་དང་ཆེར་ འབྲེལ་མེད་རྐྱེན་རྒྱས་སྤྲོས་བྱེད་རྒྱུ་མིན།བོན་གྱི་ལུགས་སུ་རིག་གནས་ཆེ་བ་ ལྔ་ཡི་བྱུང་ཚུལ་རོབ་ཙམ་ཞིག་ས་བཅད་མ་སྟོང་ཙམ་དུ་མདོར་ལ་བསྡུས་པ་ཤིག་སྤྲོས་ན། ཀུན་འབུམ་ཁྲ་འོ་བཞུགས་པའི་དབུ་ཕྱོགས་ལེགས་སྷོ་ནང་།  བརླབས་ཆེན་བྱ་ཁྱུང་རྒྱལ་པོའི་གདན་ཁྲི་ལ།  སྲིད་པའི་རྒྱལ་པོ་འབུམ་ཁྲི་བཞུགས།  དེ་ལས་སྤྲུལ་པའི་སྐུ་མཆོག་བཞི་བསྐྱེད།  བར་ལྷ་འོད་གསལ་གཡུང་དྲུང་ས་གནས་ན།   རྩོད་བྲལ་ཕྱོགས་མེད་རྒྱལ་པོའི་གསས་མཁར་དུ།  མཁའ་ལྡིང་བྱ་རྒྱལ་ཁྱུང་གི་ཁྲི་སྟེང་ན།  སྲིད་པ་ཡེ་སངས་དཀར་པོ་ཞེས་ཀྱང་བྱ།  ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་སྐུ་བཞུགས་ནས།  བར་ལྷ་འོད་གསལ་གཡུང་དྲུང་སེམས་དཔའ་ལ།  ཀུན་རྫོབ་བདེན་པ་སྒྲ་ཡི་རིག་པ་སྟོན།  དོན་དམ་བདེན་པར་ཡེ་མཁྱེན་ཐེག་པའི།  མི་འཇིག་སྟོབས་བཅུ་བསྐྱེད་པར་མཛད་པའོ།

འོག་མིན་ལྷའི་གནས་མགོན་དམ་པ་ནས།  ཕྲིན་ལས་ཀུན་གྲུབ་སྔགས་ཀྱི་གསས་མཁར་དུ།  ཆུ་སྲིན་མ་ཧ་ཀ་རིའི་ཁྲི་སྟེང་ནས།  སྲིད་པ་ཡེ་མུ་རྒྱུང་ཕྱོད་པ་ཞེས་ཀྱང་བྱ།  ཡེ་དབལ་མཐུ་སྟོབས་རྒྱལ་པོ་སྐུ་བཞུགས་ན།  འོག་མིན་གནམ་གྱི་མཐུ་སྟོབས་ཅན་རྣམས་ལ།  ཀུན་རྫོབ་བདེན་པར་ནང་གི་རིག་པ་སྟོན།  དོན་དམ་བདེན་པར་ཡེ་དབལ་ཐེག་པའི།  ཏིང་འཛིན་ཡན་ལག་དྲུག་ཅུ་བསྐྱེད།  མགོན་བཙུན་ཕྱའི་གྲོང་ཁྱེར་ཆེན་པོ་ནས།  ཐུགས་རྗེ་ཀུན་སྐྱོབས་སྨན་གྱི་གསས་མཁར་དུ།  ནམ་མཁའ་བ་མོ་ཆེའི་གདན་ཁྲི་ལ།  སྲིད་པ་དཔག་མེད་ཀུན་སྙོམས་ཞེས་ཀྱང་བྱ།  ཡེ་རྗེ་སྨན་ལྷའི་རྒྱལ་པོ་སྐུ་བཞུགས་ན།  བསྐོ་བ་དམ་པའི་ཕྱ་རྗེ་ཐམས་ཅད་ལ།  ཀུན་རྫོབ་དམ་པར་གསོ་བ་རིག་པ་སྟོན།  དོན་དམ་བདེན་པར་ཡེ་རྗེའི་ཐིག་པའི།  གཤེན་རབ་ལམ་བཞི་རྫོགས་པར་མཛད་པའོ།  སྲིད་པ་ཡེ་སངས་ཡུལ་མཆོག་ཞིང་ཁམས་ཀྱི།  འབྱུང་ལྔ་ལྷུན་གྲུབ་རྫོགས་པའི་གསས་མཁར་དུ།  གསེར་གྱི་རུས་སྦལ་བསྣོལ་བའི་ཁྲི་སྟེང་ནས།  སྲིད་པ་བརྟེན་པའི་ས་འཛིན་ཞེས་ཀྱང་བྱ།  ཡེ་དབང་སའི་རྒྱལ་པོ་སྐུ་བཞུགས་པས།  སྲིད་འཁོར་སྡེ་བསམ་དུ་མེད་པ་ལ།  ཀུན་རྫོབས་བདེན་པར་ཕྱིའི་རིག་པ་སྟོན།  དོན་དམ་བདེན་པར་ཡེ་དབང་ཐིག་པའི།  ཡེ་ཤེས་དབང་པོ་དྲུག་ཉིད་བསྐྱེད་པའོ།  དགུང་དྲུག་ལྷ་རྩེ་སྲིད་པའི་ཞིང་ཁམས་ཀྱིས།  སྔོན་བུ་གཡུ་རྩེ་ཤེལ་གྱིས་གསས་མཁར་ནས།  སྲིད་པ་བརླབས་གཅོད་སྤྱི་རྗེའི་ཁྲི་སྟེང་དུ།  སྲིད་པའི་རྒྱལ་པོ་སངས་པོ་སྐུ་བཞུགས་པས།  དག་པའི་སྲིད་པའི་རྒྱལ་པོ་མུ་མེད་ལ།  ཀུན་རྫོབས་བདེན་པར་འཁོར་ལོ་རྣམས་བཞི་སྟོན།  དོན་དམ་བདེན་པར་ཡེ་བསྲིད་ཐེག་པའི།  ཐར་པའི་ལམ་བརྒྱད་འབྱེད་པར་མཛད་པའོ་ཞེས་རིག་པའི་གནས་ལྔ་ཡི་བྱུང་ཚུལ་སོགས་ བཤད་ཡོད། (ཤོག་གྲངས།༧-༨)དེ་དག་ཞིབ་ཏུ་མཁྱེན་པར་འདོད་ན།མ་རྒྱུད་སྐྱེ་མེད་ཐིག་ལེ་དང་། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་དང་།གཙུག་ལག་དཔའ་འབུམ་དཀར་པོ་དང་།བདེན་པ་ བོན་གྱི་མཛོད་སྒོ་སྒྲ་འགྲེལ་དང་།ཀུན་འབུམ་གོ་འབྱེད་དང་།རྨེའུ་མཁས་པ་དཔལ་ ཆེན་གྱི་ཁམས་འགྲེལ་དང་།ཤེར་ཕྱིན་སྐབས་དང་པོ་ལ་སོགས་བོན་དཔེ་ཁག་ནང་གཟིགས་ན་ འཐུས།།

དེང་སང་བོད་ནང་ཡོད་པའི་བརྡ་སྤྲོད་མཁས་དབང་འགའ་ཞིག་གིས་སྒྲ་རིག་པ་དེ་ལ་ སྐད་བརྡ་རིག་པ་ཞེས་འབྲི་སྲོལ་གསར་གཏོད་གནང་འདུག་པས།  ངོས་ཀྱིས་བསམ་ན།  སྒྲ་རིག་པ་ཞེས་པའི་ཐ་སྙད་དེ་དག་པ་རྒྱུན་འབྱམས་སུ་གནས་ཡོད་པས་དགེ་མཚན་ཆེ་བར་ མཐོང་།  སྒྲ་བསྒྱུར་མཁས་དབང་ཐུབ་བསྟན་སྦྱིན་པ་མཆོག་གིས་ཀྱང་དེ་ལྟར་ཐུགས་མོས་གནང་གི་ ཡོད།  ས་པཎ་མཆོག་གིས་རིག་གནས་ཆེ་བ་ལྔའི་ནང་།  སྒྲ་རིག་པ་ལ་བརྡ་སྤྲོད་རིག་པ་དང་བཟོ་རིག་པ་ལ་ཕྱི་རིག་པ་ཞེས་འདོགས་ཤིང་།   སྒྲ་རིག་པ་དང་བརྡ་སྤྲོད་རིག་པ་རྣམ་གྲངས་སུ་བཞག་ཡོད།  སྤྱིར་སྒྲ་རིག་པ་ལ་སློབ་གཉེར་གནང་ན་སྤྱིའི་ཆ་ནས་དང་བྱེ་བྲག་གི་ཆ་ནས་ཀྱང་ དབྱེ་ཆོག  དཔེར་ན་སྒྲ་རིག་པའི་སྐོར་ལ་སློབ་གཉེར་གནང་ན་སྐད་རིག་སྤྱིའི་ཁྱབ་སྤེལ་དང་དར་ རྒུད་སོགས་དང་།  སྐད་རིག་བྱེ་བྲག་ཅིག་གི་ཁྱབ་སྤེལ་དར་རྒུད་ཀྱི་སྐོར་ལའང་སྦྱོང་བརྡར་གནང་ སྲོལ་ཡོད། བརྡ་སྤྲོད་ཅེས་པའི་སྐད་དོད་དུ་ཞང་སྐད་ནང་།  ཕྱོ་ཉིལ་དང་། བྱཱཀརཎཿ ཞེས་ལེགས་སྦྱར་གྱི་སྐད་དེ་བོད་སྐད་དུ་ལུང་དུ་སྟོན་པ་ཞེས་བསྒྱུར་ཡོད་པ་ལས་ བརྡ་སྤྲོད་ཅེས་བསྒྱུར་མེད།དབྱིན་ཇིའི་སྐད་དོད་དུ“grammar”ཞེས་ཡོད།བརྡ་ སྤྲོད་རིག་པ་ཞེས་པའི་“རིག་པ་”དེ་བྱེད་མེད་ལས་ཚིག་གཅིག་ཡིན།  དེ་ཡང་མཐོང་བའི་དོན་དང་།  རྟོགས་པའམ་ཤེས་པའི་དོན་དང་།  བློ་གྲོས་སམ་ཤེས་པའི་མིང་དང་།  བསླབ་པར་བྱ་བའི་གཞི་སྟེ་ཀུན་ལ་འཇུག་གི་ཡོད། སྒྲ་རིག་པའི་སྐད་དོད་དུ་ཞང་སྐད་ནང་སློང་སྒྱུར་ཧྲོ་ཡེ་དང་།  ལེགས་སྦྱར་སྐད་དུ་ཤབྡ་བིདྱཱ་དང་།  དབྱིན་སྐད་ནང་ཕི་ལོ་ལོ་ཇི།(philology)ཞེས་ཡོད།བོན་གྱི་ལུགས་སུ་རིག་གནས་ཆེ་ བ་ལྔའི་ནང་སྒྲ་རིག་པ་ལ།སྒྲ་ཚད་ཀྱི་འབུམ་གསུམ་ཡོད།དེ་གསུམ་ནི།ལྷ་སྲིན་འཁྲུག་ འབུམ་ནག་པོ།སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ།དག་པའི་ལྷ་འབུམ་དཀར་པོ་དང་གསུམ་བཅས་ ཡིན།ལེགས་སྦྱར་དུ་སྒྲ་རིག་པའི་སྐད་དོད་ཤབྡབིདྷཡཱ་ཞེས་པ་སྐད་ཡིག་དང་རྩོམ་ རིག་གཉིས་ཀར་ཁྱབ་པའི་སྤྱི་མིང་ཡིན་པ་དང་།  དེའི་ནང་ཚན་དུ་བྱཱཀརཎ་སྟེ་ལུང་དུ་སྟོན་པ་ནི་སྐད་ཀྱི་རིག་པ་ཡིན་པ་དང་།  སཱཧིཏཡ་སྟེ་རྩོམ་རིག་ནི་ཚིག་རྒྱན་གྱི་རིག་པའི་ཁོངས་སུ་འདུ་བ་ཡོངས་གྲགས་ཡིན། །ལེགས་སྦྱར་ནང་བིདྱཱ་ཞེས་པ་དེ་བོད་སྐད་དུ་རིག་པ་ཞེས་བསྒྱུར་ཡོད་པ་དཔེར་ན་ ཤབྡ་ལ་སྒྲ་དང་།  བིདྱཱ་ལ་རིག་པ་ཞེས་བསྒྱུར་གནང་ཡོད།  དབྱིན་ཚིག་ནང་logy ཞེས་པའི་ཐ་སྙད་ལ་བོད་སྐད་དུ་“རིག་པ”ཞེས་བསྒྱུར་སྲོལ་དར་ཡོད།  དཔེ་མཚོན་གྱི་ཚུལ་དུ་དབྱིན་ཇིའི་ཐ་སྙད་ཁ་ཤས་ཤིག་ཞུ་ན། དེ་ཡང་cosmology ལ་འཇིག་རྟེན་ཆགས་རབས་རིག་པ་དང་། ontology ལ་འབྱུང་ཁམས་རིག་པ་དང་།    epistemology  ལ་ཤེས་བྱ་རིག་པ་དང་།  psychology ལ་སེམས་ཁམས་རིག་པ་དང་།  mythology ལ་ལྷ་སྒྲུང་རིག་པ་ཞེས་བསྒྱུར་གནང་ཡོད།  སྤྱིར་ལོ་ཇི་ཐ་སྙད་རང་དགར་བ་ལའང་འཇུག་སྟངས་འདྲ་མིན་ཡོད་ཀྱང་། སྐབས་བབས་བརྗོད་དོན་དང་འབྲེལ་མེད་པས་བཏང་སྙོམས་སུ་བཞག

བརྡ་སྤྲོད་རིག་པ་ཞེས་པའི་ཐ་སྙད་དང་འབྲེལ་བའི་སྐོར་རོབ་ཙམ་ཞིག་ཞུས་པའི་ མཚམས་སུ།བོད་ཀྱི་བརྡ་སྤྲོད་རིག་པ་ཞེས་པ་དེ་ཡང་དག་གང་ཞིག་ལ་ངོས་འཛིན་གནང་གི་ ཡོད།ཡོངས་གྲགས་ལྟར་ན་<<སུམ་ཅུ་པ་>>དང་།<<རྟགས་ཀྱི་འཇུག་ པ>><<དག་ཡིག>><<སྐད་གཉིས་ཤན་སྦྱར།>><< མིང་གི་རྣམ་གྲངས་>>བཅས་བརྡ་སྤྲོད་རིག་པ་ཡིན་ཞེས་གསུངས་སྲོལ་ཡོད།སུམ་ ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་ནི་མཁས་པ་ཀུན་གྱིས་ཡིད་རངས་བྱེད་པའི་གཞུང་ ཞིག་ཡིན།དེ་ཡང་ཐོན་མི་ཨ་ནུས་མཛད་ཡིན་པ་སོགས་ནི་ས་ཁྱབ་གནམ་ཁྱབ་ཡིན་མོད།འོན་ ཀྱང་དུས་རབས་བདུན་པའི་སྐབས་སུ་ཐོན་མིས་བརྩམས་པའི་སུམ་རྟགས་གཞུང་ལ་དུས་ཚིགས་ རྙིང་པའི་དྲི་མི་འཐུལ་བ་དང་།བསྒྱུར་བཅོས་མཁན་གྱི་སྨྱུག་རྩེས་མ་རེག་པའི་བཙན་ པོའི་གཞུང་ཐོག་ནས་བཞེངས་པའི་རྡོ་རིང་དང་བྲག་བརྐོས་ཡི་གེ་གནའ་ཡིག་བཅས་དང་ བསྡུར་ན་གང་ཅིའི་ཐད་ནས་སུམ་ཅུ་པའི་གཞུང་གི་ཚིག་ཕྲད་སྦྱོར་ཚུལ་དང་།རྟགས་ཀྱི་ འཇུག་པའི་གཞུང་གི་མིང་གཞི་དང་སྔོན་རྗེས་སོ་སོའི་ཕོ་མོ་མ་ནིང་སོགས་ཕན་ཚུན་ རྟགས་ཀྱི་འཇུག་ཚུལ་རྣམས་རྩ་བ་དང་མི་མཐུན་པ་ཇི་སྙེད་ཅིག་མཆིས་པས་དེ་དག་ལ་ གཞིགས་ན་སུམ་རྟགས་ཀྱི་གཞུང་དེ་ཐོན་མིས་མ་མཛད་པ་གསལ་པོར་རྟོགས་ཐུབ།རྣམ་དབྱེ་ འགྲོ་སྟངས་ཀྱི་ཁུངས་བཅོལ་ས་གནའ་བོའི་ཡིག་རྒན་དེ་ཚོའི་ཚིག་འགྲོས་ནས་ཁུངས་ འཚོལ་དགོས་པ་ཞིག་རེད། དཔེར་ན། འབྲེལ་སྒྲའི་ཕྲད་ལ་གི་གྱི་ཀྱི་འི་ཡི་ཅི་ཏི་ནི་ཙི་རི་སི། དེ་རྣམས་ཡིག་རྒན་གྱི་དཔེ་ཆའི་ནང་ནས་འབྲེལ་སྒྲའི་ཕྲད་ལ་བེད་སྤྱོད་གཏོང་གི་ ཡོད་པ་དང་། ལ་དོན་གྱི་ཕྲད་ལ་གུ་ཅུ་ད་དུ་ཏུ་ཨུ་སུ་ཏུར་སུར་བེད་སྤྱོད་གཏོང་སྲོལ་ཡོད་པ་ དང་། ན་ལ་གཉིས་ལ་ལུ་ལེ་བཅས་གང་ལྟར་རྣམ་དབྱེ་དང་ལ་དོན་ལ་གྲངས་ཀའི་ཐག་བཅད་པ་དེ་ འདྲ་ཡོད་མདོག་མ་རེད་དེ། རྣམ་དབྱེ་དང་ལ་དོན་གྱི་ཚིག་ཐམས་ཅད་ད་ལྟ་ལས་མང་བ་ཡོད་པར་འདོད།ད་དུང་ཏུན་ཧོང་ ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་།བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་ བྱང་སོགས་ལས་སྔོན་འཇུག་གི་ཡི་གེ་དག་མིང་གཞི་ལ་འཇུག་སྟངས་སུམ་རྟགས་ཀྱི་རྩ་ གཞུང་དང་འགལ་བ་ལྟག་སྤྲོད་དུ་གནས་ཡོད།དེ་ཡང་སུམ་རྟགས་ཀྱི་རྩ་ཚིག་ནང་།མི་ འཇུག་པ་ནི་འདི་ལྟ་སྟེ།ཕོ་ནི་མ་ནིང་ལ་མི་འཇུགམོ་ནི་ཕོ་ལ་འཇུག་པ་མིན།མ་ནིང་ རང་ལ་རང་མི་འཇུགརང་གི་སྡེ་དང་འཕྲད་པ་ན།ཕོ་ཡང་མོ་ལ་འཇུག་མི་འགྱུར།མ་ནིང་མོ་ ཡང་དེ་བཞིན་ནོ་ཞེས་སོགས་སྔོན་འཇུག་ལྔ་པོ་དེ་མིང་གཞིའི་ཡི་གེ་ཆེས་མང་པོ་ཞིག་ ལ་མི་འཇུག་པར་བཤད་ན་ཡང་།ཏུན་ཧོང་ནས་ཐོན་པའི་ཡིག་ཆ་སོགས་ན་དེ་ལས་ལྡོག་སྟེ། སྔོན་འཇུག་གི་ཕོ་བ་ཡིག་མིང་གཞིའི་མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་སོགས་ལ་འཇུག་པ་ ནི།   “ཐང་ལ་ནི་རྩེ་བཆད་ཅིང་།”  “ཁོང་ཏ་རྣམས་ཀྱི་སུག་རྒྱ་དང་སུག་ཡིག་ཚད་ཀྱིས་བཐབ་ཕ། ” “ནས་ཀལ་ཕྱེད་དང་བཆུ་བདུན་དང་བྲེ་གསུམ” “བང་མོཿབང་ཀར་དུཿབློ་ཁྲྀ་འབྲྀང་བཙན་བྲོད་བློན།ཆེན་བོར་བཆུག”ཅེས་དང་།སྔོན་ འཇུག་གི་མོ་འ་ཡིག་དང་ཤིན་ཏུ་མོ་མ་ཡིག་གཉིས་མིང་གཞིའི་ཡི་གེ་ཀ་ཅ་ཏ་པ་ཙ་བཅས་ ཀྱི་ཡི་གེ་ལ་འཇུག་པ།“སྟོད་པྱོགས་གྱྀ་ཕོ་ཉ་པྱག་འཙལད”  “ཁྲོམ་གྱྀ་མཀོས་ཆེན་པ་བགྱྀས” ཡང་སྔོན་འཇུག་མ་ནིང་གི་ཡི་གེ་ག་ད་གཉིས་མིང་གཞིའི་མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་ རྣམས་ལ་འཇུག་པ་ནི།  “དགུན་བཙན་པོ་བྲག་མར་ན་བཞུགས་པར་ལོ་གཆིག” ལྟ་བུ་དང་།  “ཁྱེད་གློ་བ་རིངས་ན་དབུ་སྙུང་ལས་གཐོགས།”  “ཆུ་མྱིག་གཆྀག་གི་དངོའ་ནའ།”ལྟ་བུ་དང་།མ་ཡིག་ཀྱང་མ་ནིང་གི་ཡི་གེ་ལ་འཇུག་པ་ ནི།  “དབའས་ཁྲི་གཟིགས་ཞང་ཉེན་བློན་ཆེན་པོར་བཀའ་སྩལ་དེ།སེ་རིབ་ལོག་པར་ལོ་ མཆིག”སོགས་འདི་ལྟ་བུའི་དཔེ་མཚོན་ཅན་འདི་དག་བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་ པ་བཅས་གང་གི་ཆ་ནས་བལྟས་ན་ཡོངས་སུ་གྲགས་པའི་ཐོན་མིའི་སུམ་རྟགས་ཀྱི་ཕྱི་མོ་ དང་ཁྱོན་ནས་མཐུན་གྱི་མེད།རྡོ་རིང་ཡི་གེ་སོགས་བཙན་པོའི་དུས་ཀྱི་ཕྲད་དང་སུམ་ རྟགས་ཀྱི་རྩ་གཞུང་ནང་ཡོད་པའི་ཕྲད་ཀྱི་འགྲོ་སྟངས་སོགས་ཀྱང་མཚུངས་ཀྱི་མེད། སུམ་རྟགས་ཀྱི་རྩ་གཞུང་ལྟར་ན།ད་བ་ས་ད་དྲག་གི་རྗེས་སུ་ཨི་ལྡན་གྱི་ཕྲད་ཀྱི་ ཐོབ་པ་གསལ་བར་བསྟན་ཡོད་ནའང་།བཙན་པོའི་རྡོ་རིང་སོགས་སུ་དེ་ལས་ལྡོག་སྟེ།ད་བ་ ས་ཡི་རྗེས་སུ་གྱི་ཐོབ་པ་མང་པོ་ཡོད།དཔེར་ན།  “རབས་ཚད་ན་རབས་ཆད་གྱྀ་ཁོལ་ཡུལ་དང་། ” ཡང་ “བློན་སྟག་སྒྲ་ཀླུ་ཁོང་གི་པ་ཟླ་གོང་གི་བུ་ཚ་རྒྱུད་འཕེལད་གྱི་རྣམས་ཞང་ལོན་ ཡི་གེ་པའི་ཐང་དང་།”  དེ་བཞིན་ “གཙེར་བློན་ཁྲྀ་སྒྲ་སྟག་ཚབ་གྱྀས་བསྡུས།” ལ་སོགས་དཔེ་མཚོན་མང་དག་ཞིག་ཡོད་ཀྱང་།འདིར་ཚང་མ་འདྲེན་ན་གཏམ་ཚོགས་ཆེ་ཞིང་ དུས་ཐོག་ཏུ་མི་ཟིན་པས།དེ་དག་ཞིབ་ཏུ་མཁྱེན་པར་འདོད་ན།ཏུན་ཧོང་ཡིག་རྙིང་དང་། བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་།དྲིལ་བུའི་ཁ་བྱང་སོགས་ལ་བློ་གཟུ་བོར་ ངང་ནས་ལེགས་པར་གཟིགས་ཞིབ་གནང་ན།དེང་སྐབས་རང་ཅག་རྣམས་ཀྱིས་སྦྱོང་སྤྱོད་བྱེད་ བཞིན་པའི་བརྡ་སྤྲོད་པའི་གཞུང་ལུགས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་འདི་ གཉིས་དུས་རབས་བདུན་པའི་སྐབས་མཚམས་སུ་ཐོན་མིས་མཛད་པའི་བརྡ་སྤྲོད་ཀྱི་གཞུང་ ཡིན་ཟེར་བའི་ནམ་རྒྱུན་ཡོངས་གྲགས་ཀྱི་གཏམ་འདི་དོན་དངོས་དང་མཐུན་པ་ཞིག་མ་ཡིན་ པ་གསལ་པོར་རྟོགས་ཐུབ།

གལ་ཏེ་སུམ་རྟགས་ཀྱི་གཞུང་དེ་ཐོན་མིས་མཛད་ཡོད་ན།ཁོང་གིས་བརྩམས་པའི་བརྡ་ སྤྲོད་ཀྱི་གཞུང་རྣམས་རྒྱལ་པོའི་བཀའ་འཁྲོལ་འོག་ནས་བསྒྲུབས་པ་ཞིག་ཡིན་དགོས་པ་ ལས།རང་སྣང་གང་ཤར་གྱི་བརྩམས་པ་ཞིག་ག་ལ་སྲིད།དེ་ལྟར་གྱི་གཞུང་ཆེན་མོའི་འགྲོས་ དེ་དག་བཀའ་བརྩིགས་ཀྱི་རྡོ་རིང་སོགས་ནང་བཀོལ་དགོས་པ་ནི་ལྟ་ཅི་སྨོས།གང་ལྟར་ གཞུང་ཐོག་ནས་བཞེངས་པའི་རྡོ་རིང་དང་ཏུན་ཧོང་ཡིག་རྙིང་ནང་དེ་ལས་ལྡོག་ཕྱོགས་ སུ་གནས་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས་སུ་དང་གང་གིས་བསྙོན་མི་ཐུབ།

ས་པཎ་གྱིས་མཛད་པའི་ཡི་གེའི་སྦྱོར་བ་དང་སུམ་རྟགས་ཀྱི་རྩ་བ་གཉིས་ཕན་ཚུན་ཁ་ བསྒྲིགས་ན་གཅིག་མཚུངས་སུ་ཡོད།དེས་མ་ཚད་ས་པཎ་གྱིས་ཡི་གེའི་སྦྱོར་བ་ནང་བྲིས་ ཡོད་པའི་བརྩམས་པར་དམ་བཅའ་བའང་སུམ་རྟགས་གཞུང་ནང་ཡོད་པའི་བརྩམས་པར་དམ་བཅའ་བ་ དང་གཅིག་པ་ཡིན།ས་པཎ་མཆོག་ནི་གཞན་དྲིང་འཇོག་མི་དགོས་པའི་མཁས་པའི་དབང་པོ་ཞིག་ ཡིན་པ་ནི་རྩོད་བྲལ་ཡིན་པས།ཁོང་གིས་བརྩམས་པར་དམ་བཅའ་སོགས་ལན་འབྲི་གནང་བ་ནི་ ག་ལ་སྲིད།ས་པཎ་གྱིས་མཛད་པའི་རྟགས་ཀྱི་སྦྱོར་བ་དང་།སུམ་རྟགས་ཀྱི་རྩ་གཞུང་བར་ གཟབ་གནན་ཆེན་མོས་ཞིབ་བསྡུར་ཞིག་བྱས་ན་ངོ་མཚར་དང་རྒྱུ་མཚན་ཆེ་བའི་གནད་ཕུགས་ ལ་འཁེལ་བ་མང་དག་ཅིག་ཡོད་པ་དང་།ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བྲིས་པའི་བོད་ ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ་ཞེས་པའི་ དཔྱད་རྩོམ་དེ་གཟིགས་ན་སྔར་ཐོས་མ་མྱོང་བའི་རྒྱུ་མཚན་ལྡན་པའི་གཏམ་གསར་མང་པོ་ ཞིག་མཆིས་པས།ངེས་པར་དུ་གཟིགས་གནང་ཡོང་བར་ཞུ།

བོད་བཙན་པོའི་དུས་སྐབས་ཀྱི་ཡི་གེའི་སྦྱོར་བ་ཀུན་བོན་དང་འབྲེལ་བའི་བརྡ་ སྤྲོད་རིག་པ་ཤ་སྟག་ཡིན་ཅེས་བརྗོད་ན་ཐལ་བར་མི་འགྲོ་སྙམ།ཁྲོ་བོ་དབང་ཆེན་གྱི་ གཞུང་སོགས་ལས་བོན་གྱི་བརྡ་ཆད་ཡིག་རྙིང་མང་དག་ཅིག་ཡོད།དཔེར་མཚོན་ཙམ་ཞུ་ན། བཁའ་ལ་འཁྲོ་པི་རྟགས་ཞེས་པ་ལྟ་བུ།བོན་ལ་བརྡ་སྤྲོད་ཀྱི་གཞུང་ཞེས་བྱེ་བྲག་ དམིགས་སུ་བཀར་ནས་བརྩམས་པའི་གཞུང་ཞིག་ད་སྔོན་མཐོང་ལམ་དུ་མ་གྱུར་ཡང་། ཡིན་ནའང་བོན་དཔེ་གང་ཞིག་ཡིན་ནའང་རྗོད་བྱེད་ཀྱི་ཚིག་དེས་བརྗོད་བྱ་དེ་ཉིད་གོ་ བ་ལོན་ཐུབ་པའི་ཐ་སྙད་ཅིག་ཡོད་པ་དེའི་ཐོག་ནས་བོན་གྱི་དཔེ་ཆ་ལ་བརྡ་སྤྲོད་ཡོད་ ཅེས་བརྗོད་པར་འདོད། གལ་སྲིད་ཤ་རིའི་སྒྲ་མདོ་ཞེས་པ་དེ་ཡོད་པའི་དབང་དུ་བྱས་ན་མིང་དེ་གཅིག་པུའི་ བརྡ་སྤྲོད་དང་ཚིག་མཛོད་གཉིས་ཀའི་གོ་ཆོད་པའི་དཔེ་ཆ་དམིགས་བསལ་བ་ཞིག་ཡོད་ཆོག་ ཀྱང་ལག་ཏུ་མ་སོན་བར་དུ་འདི་ཡིན་དེ་མིན་གྱི་ཁ་ཚོན་གཅོད་མི་ཐུབ། བོན་གྱི་དཔེ་རྙིང་སྲིད་པའི་མཛོད་ཕུགས་དང་དེ་མཚུངས་ཀྱི་གཞུང་མང་པོ་ཞིག་གིས་ ནང་ཡི་གེའི་རྣམ་གྲངས་དང་། ཡི་གེ་རེ་རེའི་གོ་དོན། སྒྲ་ཡི་སྐྱེ་གནས། འབྱུང་བ་ཆེ་ཆུང་གི་སྒོ་ནས་སྒྲ་དྲག་ཞན་སོགས་མང་པོ་ཞིག་གཞུང་གི་གསེབ་ན་ཡོད་པ་ དེ་དག་ལ་གཟིགས་ཞིབ་གནང་ཐུབ་ན་བོན་གྱི་བརྡ་སྤྲོད་རིག་པའི་འགྲོས་ལ་རྒྱུས་ལོན་ ཐུབ།

སྤྱིར་བོན་གྱི་ལུགས་སུ་འཕྲུལ་ཆེན་ཡི་གེ་བཞི་བཅུ་དཔའ་བོ་འབྲུ་ལྔ་ལས་བྱུང་ ཚུལ་སོགས་ཀྱི་ལོ་རྒྱུས་ཀྱི་ཕུགས་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་དང་འབྲེལ་ ནས་བཤད་ཀྱི་ཡོད།དེ་ཡང་སྟོན་པའི་མཛད་ཆེན་བདུན་པ་རྣམ་པར་འཇོམས་པའི་མཛད་པའི་ སྐབས་སུ།བདུད་རྗེ་ཁྱབ་པ་ལག་རིང་གིས་གཤེན་ལ་བར་ཆད་བརྩམ་ཕྱིར་བཙུན་མོ་དཔོ་ བཟའ་ཐང་པོ་དང་།ཀོང་བཟའ་ཁྲི་ལྕམ་གཉིས་གཡོ་ཐབས་ཀྱིས་བྲིད་དེ།སྲིད་པ་སངས་པོ་ འབུམ་ཁྲིའི་ཐུགས་ཀྱི་ཡང་བཅུད་ཡིག་འབྲུ་ཁྲི་དང་འབུམ་གྱི་གང་བུ་ཅན་གཏོ་ཡི་ བཀའ་སྒྲོམ་ཡང་ཆུང་ཞེས་པ་དེ་དུག་ཚེར་གྱི་མེར་སྲེག་སྐབས་སངས་པོའི་ཐུགས་སྤྲུལ་ ཡིད་ཀྱི་ཁྱེའུ་ཆུང་གིས་མེར་བརྙབས་པས།བེའུ་འབུམ་ཚིགས་འཕྲོ་སྤར་གང་ཐོབ་པ་ དེའི་ནང་དཔའ་བོ་འབྲུ་ལྔ་རྣམས་མ་ཚིགས་པར་ཟིན་པ་རྣམས་གཤེན་རབ་མི་བོའི་ཐུགས་ རྗེ་བྱིན་རླབས་ཀྱིས་ཡིག་འབྲུ་དེ་དག་ལས་འཕྲུལ་ཆེན་ཡི་གེ་བཞི་བཅུ་རྣམས་བྱུང་ བ་དང་།དཔའ་བོ་འབྲུ་ལྔ་དེ་ལ་ཡང་།ཕྱི་ནང་གསང་གསུམ་དུ་ཡོད་པས།དང་པོ་ཡཾ་རཾ་ཁཾ་ སྲུཾ་ཨཱོྃ་དང་།གཉིས་པ།ཨ་ཨཱོྃ་ཧཱུྃ་རཾ་ཛ།གསུམ་པ།བསཱོ་ཨཱོྃ་ཧཱུྃ་ཧེ་བྷྱོའམ། ཡང་ན་ཨ་ཨཱོྃ་ཧཱུྃ་ཏྲཾ་ཧྲི་བཅས་ལ་རིམ་བཞིན་ཕྱི་ནང་གསང་གསུམ་གྱི་དཔའ་བོ་འབྲུ་ ལྔ་ཞེས་བྱ་སྟེ།དྲི་མེད་གཟི་བརྗིད་ལས།ལྷ་ལྔ་ཐུགས་ཀྱི་དཀྱིལ་འཁོར་ནས།ཡེ་ཤེས་ ལྔ་ཡི་འོད་ཟེར་འཕྲོས།ཁཾ་ཡཾ་རཾ་དང་སྲུཾ་དང་ཨཱོྃ།ཨ་ཨཱོྃ་ཧཱུྃ་དང་རཾ་ཛ་ལྔ། བསྭོ་ཨཱོྃ་ཧཱུྃ་དང་ཧེ་དང་བྷྱོ།ཕྱི་ནང་གསང་བའི་དཔའ་བོ་ལྔ་ཞེས་དང་།ཡོངས་འཛིན་ སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི་བདེ་བར་ གཤེགས་པའི་ཐུགས་རྟེན་ཕྱག་མཚན་གྱི་ངོས་འཛིན་གསལ་བའི་ཉི་མ་ལས།དཔའ་བོ་འབྲུ་ལྔ་ ནི།འདི་ལ་ཕྱི་ནང་གསང་གསུམ་སྟེ།དང་པོ་ནི།ཨཱོྃ་ཡཾ་རཾ་ཁཾ་སྲུཾ།གཉིས་པ་ནི།ཨ་ ཨཱོྃ་ཧཱུྃ་རཾ་ཛ།གསུམ་པ་ནི།ཨ་ཨཱོྃ་ཧཱུྃ་ཏྲཾ་ཧྲི།ཞེས་གསུངས་པའི་ཕྱིར།འབྲུ་ལྔ་ པོ་དེ་དག་ཕྱི་ནང་གསང་གསུམ་དུ་དབྱེ་བའི་དོན་ཡང་།གསང་སྔགས་ཕྱི་ནང་གསང་བའི་ བདེར་གཤེགས་རིགས་ལྔ་སོ་སོའི་ས་བོན་དང་།སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ ཡི་སྙིང་པོ་ཡིན་པས་སོ་ཞེས།བོན་སྒོ་ཨང་དགུ་པ།ཁྱུང་དཀར་བ་སྨོན་ལམ་མཐར་ཕྱིན་ གྱིས་བྲིས་པའི་དཔའ་བོ་འབྲུ་ལྔའི་ཡིན་ཚུལ་ལ་ཟུར་ཙམ་དཔྱད་པ་ཞེས་པའི་ནང་དཔའ་ བོ་འབྲུ་ལྔའི་སྐོར་གསལ་བར་བྲིས་གནང་འདུག་པས།དེར་གཟིགས་གནང་ཡོང་བར་ཞུ།བོན་ གྱི་ལུགས་སུ་དཔའ་བོ་འབྲུ་དགུ་ཞེས་པ་ཞིག་ཀྱང་འདོད་ཚུལ་འདུག་པས།དེ་ཡང་ཀུན་ འབུམ་ཁྲ་འོ་བཞུགས་པའི་དབུ་ཕྱོགས་ལེགས་སྷོ་ལས། དེ་ཚེ་དེའི་དུས་ཤེད་ན།བདེ་གཤེགས་ཀུན་འབུམ་གོ་འབྱེད་ཀྱིས།རིན་ཆེན་གསེར་གྱི་ བྱང་བུ་ལ།དབུ་སྐྲ་ཉག་མའི་སྤུ་མདང་དང་།ཞལ་གྱིས་མཆིལ་མ་ལྗགས་གང་དང་།ཕྱག་གིས་ སེམས་མོ་ལྕགས་འོད་དང་།སྐུའི་དྲོད་དང་ཁའི་དབུགལུས་ཀྱི་དྲི་དང་ཐུགས་ཀྱི་མདངས། ཐམས་ཅད་བསྡུས་པས་འབྱུང་བའི་ས།ཡིག་གེ་དཔའ་བོ་འབྲུ་དགུ་བྲིས།འཇིག་རྟེན་སྐྱེད་ པའི་སྨོན་ལམ་གདབ་ཅེས་ཡོད།(ཤོག་གྲངས།༡༡-༡༢)

བོན་དང་འབྲེལ་བའི་བོད་ཀྱི་བརྡ་སྤྲོད་རིག་པ་ཞེས་པའི་བརྗོད་བྱ་དང་འབྲེལ་ བའི་སྐོར་གཏམ་ཚོགས་ཤིག་སྤེལ་བའི་ཁུལ་ཡིན་ཀྱང་།གཏམ་རྙོག་མང་ཙམ་ཐལ་བ་ལ་བཟོད་ པར་གསོལ་ཞིང་།མདོར་ན་ཆེས་ཡོངས་གྲགས་སུ་ཡོད་པའི་སུམ་རྟགས་ཀྱི་གཞུང་དེ་ཐོན་ མིས་མཛད་མིན་པའི་དྭོགས་གཞིའི་ཕུང་པོ་མང་ལ་ཆེ།ནམ་རྒྱུན་བསམ་བློའི་རང་ཆས་སུ་ ཡོད་པའི་སུམ་རྟགས་ཀྱི་གཞུང་དེ་དུས་རབས་བདུན་པའི་སྐབས་མཚམས་སུ་སྲོང་བཙན་གྱི་ བཀའ་འོག་ཐོན་མིས་མཛད་པ་སོགས་ཀྱི་བག་ཆགས་གཏུག་པོ་དག་བདེན་པ་དངོས་པོར་མཐོང་ བའི་ཏུན་ཧོང་ཡིག་ཆ་ཁག་དང་།བཙན་པོའི་རྡོ་རིང་ཡི་གེ་དང་།དྲིལ་བུའི་ཁ་བྱང་ སོགས་ལ་བརྟེན་ནས་རྨོངས་ཆ་རྣམས་དག་པར་སེལ་ཐུབ་ན།བདེན་པའི་གནས་ལུགས་ཞིག་རིག་ ལ་ངེས།ཐ་ཚན་མུ་ཙུག་སྨར་རོ།

ཉིན་བཞི་པའི་བགྲོ་གླེང་གཙོ་སྐྱོང་པ་སྤུ་བླ་གཡུང་དྲུང་སྐལ་བཟང་ལགས་ཡིན།

  • ཤོག་བྱང་། tttt 
  • Re:བོན་དང་འབྲེལ་བའི་བོད་ཀྱི་བརྡ་སྤྲོད་རིག་པ། | 2012-06-08 15:11:45
    སྐུ་མགྲོན་13YLc5(སྐུ་མགྲོན)ཐོག་མར་གཟི་གཡང་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། སྔོན་མར་མངོན་མཛོད་སྐོར་ལ་དཔྱད་བརྗོད་ཅིག་དང་ད་ཐེངས་བརྡ་སྤྲོད་དཔྱད་རྩོམ་གཉིས་ཆ་བཀླགས་པ་ཡིན། དེ་དག་ལ་བསམ་གཞིག་བྱ་རྒྱུ་དུ་མ་ཞིག་མངོན་འདུག་པས་བཀའ་དྲིན་ཆེ། བློ་རབ་ནས།
    རྩོམ་པ་པོ།:སྐུ་མགྲོན་13YLc5(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:བོན་དང་འབྲེལ་བའི་བོད་ཀྱི་བརྡ་སྤྲོད་རིག་པ། | 2012-06-07 22:22:18
    zhongsongགཡུང་དྲུང་བདེན་པའི་ནམ་ཡང་མཐའ་ནས་ལངས། བཀའ་དྲིན་ཆེ་དགའ་སྤྲོ་ཆེ།
    Re:བོན་དང་འབྲེལ་བའི་བོད་ཀྱི་བརྡ་སྤྲོད་རིག་པ། | 2012-06-07 06:14:18
    སྐུ་མགྲོན་uYPc6G(སྐུ་མགྲོན)གསུངས་བཤད་འདི་རིགས་ཧ་ལས་པའི་ཡག་པོ་འདུག། རྣམ་དཔྱོད་གསར་པའི་འགྲོ་སྟངས་ལྡན་པའི་བགྲོ་གླེང་ཚད་ལྡན་འདི་ལྟ་བུ་བོན་པོ་རྣམ་དཔྱོད་ཅན་ཚོས་ཤེས་དགོས་པ་རེད། སྔ་རབས་དུས་རབས་བདུན་པ་དང་བརྒྱད་པའི་ཡར་སྔོན་གྱི་བོད་ཡིག་འབྲི་ཚུལ་དང་དུས་རབས་བཅུ་བ་དང་བཅུ་གཅིག་མར་རྗེས་ཀྱི་བོད་ཡིག་འབྲི་ཚུལ་གཉིས་ལ་མི་འདྲ་བ་ཆེན་པོ་བྱུང་བ་འདི་བསམ་བློ་གཏོང་དགོས་པ་ཞིག་གཏན་གཏན་རེད། གསུངས་བཤད་གསར་པ་འདི་ལྟ་བུར་གནང་བ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ། །
    རྩོམ་པ་པོ།:སྐུ་མགྲོན་uYPc6G(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.