ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྲིད་པའི་མཛོད་ཕུགས་ཀྱི་གཞུང་འདི་ཉིད་མདོ་སྔགས་སེམམ་གསུམ་གང་གི་གཞུང་ཡིན་མིན་སྐོར་ར | 2012/9/5 0:55:00

         སྲིད་པའི་མཛོད་ཕུགས་ཀྱི་གཞུང་འདི་ཉིད་མདོ་སྔགས་སེམམ་གསུམ་གང་

                        གི་གཞུང་ཡིན་མིན་སྐོར་རགས་ཙམ་གླེང་བ།

འཁོར་འདས་ཤེས་བྱ་ཇི་ལྟ་ཇི་སྙེད་རྣམས།

སྣ་ཚོགས་མ་ལུས་ངོ་བོ་རབ་རྫོགས་པའི།

ཐམས་ཅད་མཁྱེན་མངའ་སྲིད་པའི་མཛོད་ཕུགས་འདི།

སྤོང་སྒྱུར་གྲོལ་གསུམ་གཞུང་རྣམས་གང་གཏོགས་མིན།

ལུང་གི་ལ་བཅད་ཚིགས་ཉུང་དོན་གསལ་བཀོད།

སྲིད་པའི་མཛོད་ཕུགས་འདི་ཉིད་མདོ་སྔགས་སེམས་གསུམ་གྱི་གཞུང་གང་གི་ཁོངས་སུ་གཏོགས་མིན་ལ་མཁས་པ་རྣམས་ཀྱིས་མི་མཐུན་པ་དུ་མ་ཞིག་གསུངས་མོད།   རེ་ཞིག་མཚམས་འདི་ནས་མཁས་པ་ལ་ལས་མཐོ་ཐོག་སྤྱི་རྒྱུག་གི་མཛོད་འདི་ཉིད་སྲིད་པའི་མཛོད་ཕུགས་ངོས་འཛིན་པ་དེར་མི་འཐད་པའི་ཚུལ་

རོབ་ཙམ་ཞུ་ན། དང་པོ་མཐོ་ཐོག་སྤྱི་རྒྱུག་གི་མཛོད་འདི་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཡིན་པ་ལུང་རིག་གཉིས་ཀྱིས་གྲུབ་སྟེ།  དྲི་མེད་གཟི་བརྗིད་པོད་བཞི་པ་ལས། ཐམས་ཅད་ཀུན་ལ་སྤྱི་རུ་རྒྱུག་ཅིང་། སྣང་ཞིང་སྲིད་པ་ཁ་ཡོ་སྙོམས་པ། གཙང་མ་མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་དུ་བསྟན་པར་བྱའོ། ཞེས་དང་། གཟེ་བརྗིད་པོད་ལྔ་པ་ལས།  གཙང་མ་མཐོ་ཐོག་སྤྱི་རྒྱུག་ནི་ཀུན་ལ་ཁྱབ་པ་སྤྱི་རུ་བསྟན་པའོ། ཞེས་གསུངས་པའི་དོན་ནི་ཀུན་ལ་ཁྱབ་པ་ནི་སྒོ་བཞི་ཀུན་གྱི་ལྟ་སྤྱོད་བསྟན་པ་དང་ལྟ་བ་སྤྱི་སྤྱོད་བོན་ཡིན་པས་ན་སྤྱི་རྒྱུག་གོ་དགོས་ཏེ།  གཟི་བརྗིད་པོད་བཅུ་གཉིས་པ་ལས།  སྒོ་བཞི་མཛོད་དང་ལྔ་རུ་སྟེ་དཔོན་གསས་མན་ངག་གི་སྒོ། ཆབ་དཀར་དྲག་པོ་སྔགས་ཀྱི་སྒོ།  ཆབ་ནག་སྲིད་པ་རྒྱུད་ཀྱི་སྒོ  འཕན་ཡུལ་རྒྱས་འབུམ་གྱི་སྒོ  སྒོ་བཞི་ཀུན་ལ་སྤྱི་རྒྱུག་པའི།

མཐོ་ཐོག་གཙང་མའི་སྤྱི་རྒྱུག་སྟེ།  ཞེས་གསུངས།  ཡང་མདོ་གཟེར་མིག་ལས།  བསྟན་པ་རྗེས་བཞག་གི་སྐབས་སུ་གཡུང་དྲུང་བོན་ལ་རྒྱ་ཆེ་གྲངས་མང་ཡང་། སྒོ་བཞི་མཛོད་དང་ལྔ་རུ་ཕྱེས་ནས་བྲིས།  མན་ངག་ལུང་གི་བོན་ནི་ཉུང་ལ་འདུས་པས་ལུང་དཔོན་གསས་སྡེ་རུ་བྲིས་ནས་གསེར་གྱི་གླེགས་བམ་ནང་དུ་བཅུག་། སྲིད་པ་རྒྱུད་ཀྱི་བོན་ནི་མང་ལ་འབྲེལ་པས་རྒྱུད། ཆབ་ནག་སྡེ་རུ་བྲིས་ནས་ལྕགས་ཀྱི་གླེགས་བམ་ནང་དུ་བཅུག རྒྱས་པ་འབུམ་གྱི་བོན་ནི་དོན་ལ་རྒྱས་ཀྱིན་བསྡུས་པའི་འབུམ་འཕན་ཡུལ་སྡེ་རུ་བྲིས་ནས་ཟངས་ཀྱི་གླེགས་བམ་ནང་དུ་བཅུག  ནག་པོ་སྔགས་ཀྱི་བོན་ནི་དོན་ལ་སྔགས་པས་སྔགས། ཆབ་དཀར་སྡེ་རུ་བྲིས་དངུལ་གྱི་གླེགས་བམ་ནང་དུ་བཅུག དེ་བཞི་གཅིག་ལ་སྡུད་ཀྱི་ཚང་ནས་ཡོ་ལ་རྒྱུག་པ་ནི། གཙང་མ་མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་ཡིན་ཏེ། ལྟ་བ་གཅིག་ཏུ་སྐྱེལ་ནས་མཐོ་ཐོག་སྤྱི་རྒྱུག་སྟེ། ཞེས་གསུངས་པ་འདི་ཡིས་མཐོ་ཐོག་སྤྱི་རྒྱུག་གསང་རྒྱུད་ཀྱི་བོན་དང་ལྟ་བ་སྤྱི་སྤྱོད་ཀྱི་བོན་ཡིན་པར་གསལ་པོར་བསྟན་ནུས་ལ། ཡང་བོན་ཉིད་སྙིང་པོ་བདལ་བའི་འབུམ་ལས།  གཙང་མ་མཛོད་ཀྱི་༼རྐ༽དཀའ་བཅད་ནི་སྒོ་བཞི་སྤྱི་ཁྱབ་སྟེ།  ལྟ་བ་མི་འབྱེད་ཐིག་ལེ་གཅིག་ཏུ་སྤྱོད་པའོ།  ཞེས་དང་།  དེ་ལྟར་ན་མཛོད་ནི་མཐོ་ཐོག་ཡོངས་ཀྱི་བླ་མ་ཡིན་ཞེས་གསུངས་པ་དང་།  ཡང་སྤྱན་ལྡན་ཆེན་པོའི་མཛོད་འགྲེལ་ལས། སྒོ་བཞི་མཛོད་ལྔ་བསྡུས་ན་ཕྱི་ནང་གསང་བར་འདུས་ཏེ། འཕན་ཡུལ་ཕྱི་ཉིད་ཆབ་ནག་ཕྱིའི་ཕྱི་ཉིད་དང་ཆབ་དཀར་ནང་གི་ནང་མཐོ་ཐོག་སྤྱི་རྒྱུག་སྒོ་བཞི་ཡོ་ལ་སྤྱི་རྒྱུག་ཅིང་ལྟ་བ་སྤྱི་སྤྱོད་དབྱིངས་སུ་སྐྱེལ་བས་གསང་རྒྱུད་དོ། ཞེས་གསུངས་པ་སོགས་ཀྱིས་མཐོ་ཐོག་སྤྱི་རྒྱུག་ནི། སྤྱི་སྤྱོད་ཀྱི་བོན་དང་གསང་རྒྱུད་ཀྱི་བོན་ཡིན་པ་ལུང་དེ་རྣམས་ཀྱིས་གྲུབ་བོ།  རིག་པས་ནི་སྒོ་བཞི་ཀུན་གྱི་ལྟ་བ་སྟོན་ནུས་པ་དང་ཐེག་པ་དགུ་ཡིས་ལྟ་བ་སྤྱི་སྤྱོད་ཡིན་པས་སྤྱི་རྒྱུག་དང་འདི་ཡན་ཐེག་པ་བླ་ན་མེད་པས་མཐོ་ཐོ་སོགས་གོ་ནུས་སོ། གཉིས་པ་སྲིད་པའི་མཛོད་ཕུགས་ཀྱི་གཞུང་འདི་ཉིད་མདོ་སྔགས་སེམས་གསུམ་ལས་མདོ་ཡི་གཞུང་ཡིན་པ་ནི། སྒྲ་འགྲེལ་དང་།  སྤྱན་ལྡན་ཆེན་པོའི་མཛོད་འགྲེལ། བྲུ་རྒྱལ་བའི་སྣོད་བཅུད་གཞུང་། སྒོ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་མཛོད་འགྲེལ། རྗེ་ཡི་མཛོད་འགྲེལ་འདི་རྣམས་ལས་གསལ་པོར་རིམ་བཞིན་བསྟན་ཡོད། གཞུང་འདིའི་དོན་བློ་དམན་པ་རྣམས་ཀྱིས་རྟོགས་པར་མི་ནུས་པ་དང་དབང་པོ་རབ་ལ་བསྟན་དགོས་པ་བསྟན་པའི་སྐབས་སུ། གཞུང་འདི་ཡི་སྙིང་དོན་ནམ་བརྗོད་བྱ་གཙོ་བོ་ནི་བདེན་པ་གཉིས་ཡིན་པ་གསལ་པོར་བསྟན་ཡོད། བདེན་པ་གཉིས་བསྟན་པ་ཙམ་གྱིས་མདོ་ཡི་གཞུང་ཡིན་པར་སྒྲུབ་མི་ནུས་ཀྱང། སྤྱིར་གཞུང་གང་དང་གང་ཡིན་རུང་གཞུང་དེ་ཡི་གཙོ་བོའི་རྗོད་བྱ་ཐེག་པ་གང་གི་ལྟ་བ་བསྟན་གྱི་ཡོད་མེད་བལྟས་ནས། གཞུང་དེ་ཉིད་ཐེག་པ་གང་གི་གཞུང་ཡིན་མིན་གཞི་ནས་ངོས་འཛིན་བྱེད་དགོས་པ་ལྟ་ཅི་སྨོས།སྲིད་པའི་མཛོད་ཕུགས་ཀྱི་གཞུང་འདི་ཉིད་མདོ་ཡི་གཞུང་ཡིན་པའི་སྒྲུབ་བྱེད་ནི།  དང་པོ་སྒྲ་འགྲེལ་ལས།  ཐམས་ཅད་འབྱུང་བའི་མཛོད་ཕུགས་འདི།  ཞེས་པས།  དེ་ཡང་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་དང་།  ནང་བརྟེན་པ་རིགས་དྲུག་གི་འཇིག་རྟེན་དང་། བོན་དོན་དམ་དང་ཀུན་རྫོབ་དང་། ལས་དགེ་བ་དང་སྡིག་པ་འབྲས་བུ་འཁོར་བ་དང་ཐར་པ་རུ་སྟོན་ཞེས་དང་།  ཕལ་གྱི་རྟོགས་པར་མི་འགྱུར་ཏེ་ཞེས་པ།  བློ་དམན་ཕལ་གྱི་སྤྱོད་ཡུལ་མ་ཡིན་ཏེ།  དེ་ཡང་བྱ་བློ་ལོག་པ་ནི་གནམ་གྱི་མཐའ་ཚོལ།  གནམ་ལ་ཐ་མ་མེད་པས་བཙལ་ཀྱང་རྙེད་པར་མི་འགྱུར། ཉ་བློ་ཆུང་གིས་རྒྱ་མཚོའི་གཏིང་མ་བསྐོར། མཚོ་གཏིང་ཟབ་པས་གླིང་ཙམ་གྲ་ཙམ་འཁྲུག་པའོ། དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ནི་ནམ་མཁའ་ལྟར་རྒྱ་ཆེ་ལ་རྒྱ་མཚོ་ལྟར་གཏིང་ཟབ་པས། བློ་དམན་རྣམས་ཀྱིས་གྲ་ཙམ་ཟུར་ཙམ་ལས་གཏིང་རྟོགས་པ་དཀའ་བའོ།  ཡང་ན་ཕུང་པོ་ཁམས་དང་སྐྱེ་མཆེད། གསུང་དང་གསུང་ལས་བྱུང་བའི་བོན། དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་གཉིས་ཀྱི་གཟུང་དོན་ངོ་བོ་དང་།བརྡའ་དོན་ངེས་ཚིག་དང་།   གོ་དོན་མཚན་ཉིད་དང་གསུམ་ནི་གཏིང་རིང་ལ་རྒྱ་ཆེ་བས་བློ་དམན་ཀྱིས་རྟོགས་པ་དཀའོ། ཞེས་གསུངས་པ་འདི་ཡིས་གསལ་བར་བསྒྲུབ་ནུས། གཉིས་པ་བོན་གྱི་སྤྱན་ལྡན་ཆེན་པོས་མཛད་པའི་མཛོད་འགྲེལ་ལས། སྲིད་པའི་མཛོད་ཕུགས་འདི་ཉིད་ཐེག་པ་གང་གི་གཞུང་ཡིན་མིན་བཤད་པའི་སྐབས་སུ་མཁས་པ་དཔལ་ཆེན་གྱིས་ཐེག་པ་ཐུན་མོང་ཡོད་པས་དེའི་སྣོད་ཐུན་མོང་བ་ཡོད་གསུངས་པ་དང་། ལ་སྟོད་པས་ཐེག་དགུའི་དོན་མཁྱེན་པར་འདོད་ལ་འོན་ཀྱང་བརྗོད་བྱ་ཐུན་མོང་བ་ཡོད་པར་ཐལ་བའི་རྟགས་མེད་ལ་རྗོད་བྱེད་ཀྱི་གཞུང་ཐུན་མོང་དུ་ཡོད་པས་དེ་རྟོགས་ཀྱི་སྣོད་ཡོད་པར་འདོད་དེ། སྟོབས་ལྡན་བློ་གསལ་དད་ཆེ་ལ་ཞེས་དང་། དྲང་སྲོང་དུ་ཤས་ཆེ་ན་ཐེག་པའི་ངེས་འཛིན་བྱུང་བའི་འདོད་པར་བསྒྲུབས་སོ་ཞེས་དང་། བྲུ་ཆེན་པོས་ཐེག་པ་ཐམས་ཅད་ཀྱི་དོན་འབྱུང་བས་ཐུན་མོང་བར་གནས་ཏེ་ཐམས་ཅད་འབྱུང་བ་ལ་འོན་ཀྱང་ཤས་དྲང་སྲོང་དུ་ཆེ་སྟེ་དེའི་རྒྱུ་མཚན་གྱིས་མཚན་ཉིད་ཀྱི་བོན་ཡིན་ཞེས་དང་། རྒྱུད་གསུམ་ལས་ཕྱི་དང་། ལུང་གསུམ་ལས་སྟོན་པས་གསུངས་པའི་གཏན་ཚིགས་སུ་ཆེ། མན་ངག་གསུམ་ལས་རྒྱས་པ་སྟེ། རྒྱུད་རིན་པོ་ཆེ་ཁྲི་སྐོས་དང་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་མན་ངག་ངེས་པའོ་གལ་མདོ། རྣམ་འབྱེད་འཕྲུལ་གྱི་ལྡེ་མིག  ཏི་ཀ་གལ་མདོ་བཅུ་བདུན་དུ་གསུངས་པ་ལས། འདི་ནི་མཚན་ཉིད་སྲིད་པའི་མཛོད་ཕུགས་སོ། ཞེས་གསུངས་པ་འདི་ཡིས་སྲིད་པའི་མཛོད་གཞུང་འདི་ཡི་ནང་ཐེག་པ་དགུ་ཀའི་ལྟ་བ་སྟོན་བྱེད་རེ་ཡོད་པ་དང་འོན་ཀྱང་གཞུང་འདི་ཡིས་གཙོ་བོའི་བསྟན་བྱ་འམ་བརྗོད་བྱ་ཕྱི་མཚན་ཉིད་མདོ་ཡི་གཞུང་ཡིན་པ་གསལ་པོ་གསུངས་སོ། གསུམ་པ་བྲུ་རྒྱལ་བས་མཛད་པའི་འཇིག་རྟེན་སྣོད་བཅུད་ཀྱི་གཞུང་ལས། སྲིད་པའི་ཕུགས་ཀྱི་གཞུང་འདི་ཉིད་ཐེག་པ་གང་གི་ཁོངས་ཡིན་མིན་བསྟན་པའི་སྐབས་སུ། འདི་ཉིད་གར་གཏོགས་ཞེ་ན། རྒྱུད་ལུང་མན་ངག་གསུམ་ལས་ལུང་དུ་ཤས་ཆེ་བ། ཐེག་པ་དགུ་ལས་དྲང་སྲོང་། སྒོ་བཞི་མཛོད་ལྔ་ལས་འཕན་ཡུལ་ལོ་ཞེས་དང་། རྒྱུད་རིན་ཆེན་ཁྲི་སྐོས་ལུང་མཚན་ཉིད་སྲིད་པའི་མཛོད། མན་ངག་གཏན་ཚིགས་ངེས་པའི་གལ་མདོ། བློ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག ཏི་ཀ་གལ་མདོ་བཅུ་བདུན་དུ་གསུངས་པ་ལས། འདི་ནི་མཚན་ཉིད་སྲིད་པའི་མཛོད་ཕུགས་སོ། ཞེས་པས་འཕན་ཡུལ་མདོ་ཡི་གཞུང་དུ་བཞེད་དོ། བཞི་པ་རྗེ་རོན་པོ་ཆེའི་མཛོད་འགྲེལ་ལས།  གཞུང་འདི་ནི་རྒྱུད་གསུམ་ལས་ཕྱི་གཏན་ཚིགས་ཀྱི་རྒྱུད་དོ། ལུང་གསུམ་ལས་སྟོན་པས་གསུམས་པ་གཏན་ཚིགས་སུ་ཆེ་བའི་ལུང་ངོ་། མན་ངག་གསུམ་ལས་དོན་རྒྱུད་རྒྱས་པའི་སྐོར་རོ། དེ་ལ་ཡང་རྒྱུད་རིན་པོ་ཆེ་ཁྲི་སྐོས་དང་། ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་དང་། མན་ངག་གཏན་ཚིགས་ངེས་པའི་གལ་མདོ་དང་བློ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་དང་། ཆ་ལག་གལ་མདོ་བཅུ་བདུན་དུ་གསུངས་པ་ལས། འདི་ནི་སྲིད་པའི་མཛོད་ཕུགས་སོ། ཞེས་དང་། གཞུང་འདི་ཡིས་བརྗོད་བརྗོད་བྱ་གཙོ་བོ་བསྟན་ལ་དབབ་པའི་སྐབས་སུ་ནམ་མཁའི་གཏིང་དཔག་བྱ་རྒྱལ་ཁྱུང་དང་རྒྱ་མཚོའི་གཏིང་དཔག་ནི་ཉ་རྩ་མོས་ཀྱང་མི་ཆོད་པ་བཞིན། གཞུང་དོན་འདི་གཏིང་དཔག་དཀའོ། དཔེ་དོན་ཟུང་གཉིས་བསྟན་པ་ནི། ཇི་ལྟ་བ་དོན་དམ་པ་དང་། ཇི་སྙིད་པ་ཀུན་རྫོབ་མཚོན་ཕྱིར་ཡིན་ཞེས་གཞུང་འདི་ཡི་ཐུན་མིན་གྱི་བསྟན་བྱ་ནི། བདེན་པ་གཉིས་ཡིན་པ་དང་ཕྱི་མཚན་ཉིད་ཀྱི་གཞུང་ཡིན་པར་ཞལ་གྱིས་བཞེད་དོ། ལྔ་པ་སྒོ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་མཛོད་འགྲེལ་ལས། སློབ་དཔོན་བསོད་རིན་གྱིས་མཛོད་ཀྱི་སྲིད་པ་གསུམ་ནི། མདོ་སྔགས་སེམས་གསུམ་གྱི་གཞུང་དུ་བསྟན་པ་དེ་ཡི་ལེན་ལ། ཕྱི་མཚན་ཉིད་ཁོ་ནའི་རང་གཞུང་ལ་དེ་གསུམ་གྱི་བཞེད་ལུགས་སྦྱར་བ་མི་འཐད་པས་མ་ཡིན་ནོ་ཞེས་པས། མཁས་པ་དེ་རྣམས་ཀྱིས་གཞུང་འདི་ཡིས་བསྟན་བྱའི་གཙོ་བོ་བདེན་པ་གཉིས་ཡིན་པ་དང་ཕྱི་མཚན་ཉིད་ཀྱི་བོན་ཡིན་པ་ཞལ་གྱིས་བཞེད་དོ། ཡང་བོན་སྔ་རབས་ཀྱི་དུས་སུ་བྲུ་ཆེན་པོ་དང་སློབ་དཔོན་བསོད་རིན་མཁས་པ་དཔལ་ཆེན་པོ་དང་ལ་སྟོད་པ་སོགས་ཀྱིས་ཐེག་པ་སྣ་ཚོགས་ལྟ་བ་བསྟན་གྱི་ཡོད་པ་བཞེད་ཀྱང་།  དེ་མིན་དོགས་པ་མངོན་སེལ་དུ་དངོས་སུ་ལྟ་བ་སྤྱི་སྤྱོད་ཀྱི་གཞུང་དང་མདོ་ཡི་གཞུང་མིན་པ་སོགས་མ་གསལ། ཕྱིས་ཀུན་མཁྱེན་ཉི་མས་མཁས་པ་དཔལ་ཆེན་གྱི་ཐེག་པ་སྣ་ཚོགས་སུ་བསྟན་པ་བཞེད་པ་དེ། གཞེར་བཞག་ནས་ལྟ་བ་སྤྱི་སྤྱོད་ཀྱི་གཞུང་དུ་བཞེད་པ་མིན་ནམ་སྙམ་པ་ལས་གཞན་སྒྲུབ་བྱེད་ཡོད་པ་མ་མཐོང་། དེང་ཁ་ཅིག་གིས་ཀུན་མཁྱེན་གྱི་ལྟ་བ་སྤྱི་སྤྱོད་རུ་བཞེད་པ་འདི་དྲི་མེད་གཟི་བརྗིད་ལས་གསུངས་པའི། མཐོ་ཐོག་སྤྱི་རྒྱུག་གི་མཛོད་ལ་ལྟོས་པ་ཡིན་པར་གསུངས་ཀྱང་། དྲི་མེད་གཟི་བརྗིད་ལས་གསུངས་པའི་མཐོ་ཐོགས་སྤྱི་རྒྱུག་གི་དོན་ནི། སྒོ་བཞི་ཀུན་ལ་སྤྱི་རྒྱུག་པའི་མཐོ་ཐོག་གཙང་མའི་སྤྱི་རྒྱུག་སྟེ། གསུངས་པ་དང་།  དེ་བཞིན་སྤྱན་ལྡན་ཆེན་པོས་མཐོ་ཐོག་སྤྱི་རྒྱུག་སྒོ་བཞི་ཡོ་ལ་སྤྱི་རྒྱུག་ཅིང་།  ལྟ་བ་སྤྱི་སྤྱོད་དབྱིངས་སུ་སྐྱེལ་བས་གསང་རྒྱུད་དོ། ཞེས་གསུངས་སོ། མཚམས་འདི་ནས་ཞུ་རྒྱུར་སྲིད་པའི་མཛོད་ཕུགས་ཀྱི་གཞུང་འདི་ཉིད་མཐོ་ཐོག་སྤྱི་རྒྱུག་མཛོད་ཡིན་པ་དང་།  བཀའ་བར་པ་སྒོ་བཞི་མཛོད་ལྔའི་ནང་ཚན་མཐོ་ཐོག་སྤྱི་རྒྱུག་གི་མཛོད་དེ་ཉིད། སྲིད་པའི་མཛོད་ཕུགས་ཀྱི་གཞུང་ཡིན་པར་སྟོན་བྱེད་སོགས་བདག་གིས་མ་རྙེད་ཀྱང་། བློ་རྨོངས་ཀྱིས་འཆིང་རྒྱ་ལས་གྲོལ་བའི་ལུང་རིག་གི་དཔའ་བོ་རྣམས་ཀྱིས་བཀའ་ཆབ་ཀྱི་བྱིན་རླབས་སྩོལ་གནང་ཡོད་པར་ཞུ་ཞུ།།    

Re:སྲིད་པའི་མཛོད་ཕུགས་ཀྱི་གཞུང་འདི་ཉིད་མདོ་སྔགས་སེམམ་གསུམ་གང་གི་གཞུང་ཡིན་མིན་སྐོར་ར | 2012/9/10 10:49:16
txlmLEGS SO
Re:སྲིད་པའི་མཛོད་ཕུགས་ཀྱི་གཞུང་འདི་ཉིད་མདོ་སྔགས་སེམམ་གསུམ་གང་གི་གཞུང་ཡིན་མིན་སྐོར་ར | 2012/9/5 2:26:48
sherphun1(སྐུ་མགྲོན)ཐོག་མར་འདིར་ཕེབས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས།
རྩོམ་པ་པོ།:sherphun1(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.