དགེ་བཤེས་ཆོས་འཁོར་ཚང་གི་ཟིན་བྲིས།
                                                          ཤམ་པོ་ལྷ་རྩེ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
 
སྒེའུ་སྟེང་པ་ཉི་མ་འོད་ཟེར།
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་པ།
སྒྲིག་འཇུག...
མཆན་བུ་གསར་པ།
སྒྲིག་འཇུག...
ཆེམས་གསར་པ།
སྒྲིག་འཇུག...
འཚོལ་བཤེར།
བོན་མཆེད་དྲ་འབྲེལ།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཧི་མ་ལ་ཡའི་སྐར་ཆེན།
[ 2017/4/27 22:02:00 | By: ཆོས་འཁོར་ཚང་། ]
 

ཧི་མ་ལ་ཡའི་སྐར་ཆེན།

དོལ་པོའི་མི་དཔོན་འཕྲིན་ལས་ལྷུན་གྲུབ་རྗེས་སུ་དྲན་པ།

 

ཆོས་འཁོར་ཚང་ཉི་མ་འོད་ཟེར་རིན་པོ་ཆེ།

 

བོད་རིགས་འཁྲབ་སྟོན་གཡེར་པོ་ཆེ་ཞིག་འཇིག་རྟེན་འདི་ནས་གཤེགས་སོ་ལོ།

ཡམ་བུའི་མཁའ་ནས་གླིང་ལ་འཚེར་བའི་ཐོ་རེངས་སྐར་ཆེན་ནུབ་པར་གྲག

སྤྱི་ཚོགས་གཅིག་གི་འགོ་བོ་འདྲེན་པའི་མི་དཔོན་མེད་དེ་བྱུང་སོང་ཟེར།

སྤུན་དང་ཉེ་དུའི་འཚོ་བའི་ཁྲོད་ནས་གྲོང་པའི་ཁ་རྒན་ཡལ་བར་སྐད།

 

ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་འདུས་བྱས་མི་རྟག་ཟེར་བའི་ཆོས།

བླ་མའི་ཁྲིད་དང་རྩོད་པའི་སྟོབས་ལས་ངེས་ཤེས་མ་རྙེད་དོན་སྤྱིར་ལྷག

འོན་ཀྱང་སོ་སོའི་གཉེན་ཚན་ཡལ་དུས་ཡིད་ཆེས་ཇེ་བརྟན་ཇེ་ཆེར་བརྟས།

མིང་ནོར་ཐོབ་འཛོམས་མི་ཆེན་གཤེགས་དུས་ལྡོག་པ་མེད་པའི་བློ་གདེང་བརྙེས།

 

ད་ཐེངས་ལྷག་པར་དོལ་པོའི་མི་དཔོན་མེས་མེས་འཕྲིན་ལས་ལྷུན་གྲུབ་ཀྱི།

རྩ་འགངས་ཆེ་བའི་སྲོག་གི་དབང་པོ་གློ་བུར་ཡེ་འབྲོག་འགལ་རྐྱེན་གྱིས།

འཕྲོག་ཅིང་བཅོམ་པའི་གནས་ཚུལ་ངན་པས་ཞེ་སེམས་སྐྱོ་བར་བཏང་བའི་མོད།

འཆི་བ་མི་རྟག་པ་ཡི་ངེས་འདྲོངས་ཡིད་ངོར་ཏན་ཏན་ཏིག་ཏིག་འཇགས།

 

མྱ་ངན་སྦྲོན་ཡིག་གནས་ཚུལ་དེ་ལས་དོལ་ཕྱོགས་གྲུ་བཞིའི་སྤྱི་ཚོགས་དེ།

ཞེ་རྩ་སྐྱོ་ཞིང་ཡི་རེ་མུག་ལ་བློ་ཕམ་སེམས་སྡུག་གདུང་བས་མནར།

བློང་བའི་ཀློང་ནས་བདག་གི་སེམས་པ་ཕྱི་འདང་ཞིག་ལ་བསྙེགས་རྗེས་སུ།

མེས་མེས་དམ་པའི་སྐུ་ཚེའི་མཛད་འཕྲིན་གློག་བརྙན་ཟོལ་དུ་ཡིད་ངོར་འཆར།

 

དེ་རིང་འདི་ན་མི་རིགས་ཤིག་གི་གནད་ཆེའི་ལོ་རྒྱུས་ཐོ་འགོད་བྱེད།

དེ་རིང་འདི་ན་འོས་སུ་ཆེ་བའི་མི་དཔོན་ཞིག་ལ་རྗེས་དྲན་བྱེད།

དེ་རིང་འདི་ན་གཉེན་ཚན་སྒེར་ལ་མྱ་ངན་གདུང་སེལ་སེམས་གསོ་བྱེད།

དེ་རིང་འདི་ན་སྙན་ངག་པ་ཡིས་རང་འཁྲིའི་འགན་འཁུར་སྒྲུབ་པར་བྱེད།

 

ན་ཚོད་ཕྲ་དང་བགྲེས་པས་འགྱངས་ནའང་སྤུན་དང་གྲོགས་ཀྱི་ཉེ་སྣང་མཆིས།

གཉེན་དང་ཉེ་དུའི་འབྲེལ་ལམ་ཡོད་ཀྱང་འགྲོགས་ཤིང་འདྲིས་ནས་གཤིབ་མྱོང་མེད།

ཡུན་རིང་བསྡོངས་ཤིང་འགྲོགས་པ་མེད་ཀྱང་ཕན་ཚུན་ཆ་ཡོད་རྒྱུས་ཡོད་ཡིན།

མི་རྒྱུས་ཁྱིམ་རྒྱུས་ཆ་རྒྱུས་མངའ་ཡང་དྲན་རིན་ཆོག་པའི་མཉམ་འཛོམས་དཀོན།

 

དོལ་ཕྱོགས་གྲུ་བཞིའི་གནས་ཀྱི་གོང་མ་ཤེལ་གྱི་རི་བོ་འབྲུག་སྒྲ་ཡི།

སུམ་མདོ་དགོན་པའི་གཡོས་ཁང་ནང་དུ་ཐོག་མར་ཐུག་ཅིང་འཕྲད་པའི་དུས།

ང་རང་བྱིས་པ་ལོ་བརྒྱད་ཡིན་དུས་རྒྱ་གར་ཡུལ་ལ་ཕྱོགས་པའི་སྐབས།

རོང་ལམ་འགྲུལ་རོགས་ཡིན་རབས་གསུངས་ཚུལ་དེ་རིང་འདི་ནས་བསྐྱར་དུ་དྲན།

 

དེ་མཚམས་སླར་ཡང་ལས་སྐལ་བཟང་པོས་གནས་མཆོག་རྡོ་རྗེ་གདན་དུ་མཇལ།

དོལ་པོའི་མི་རབས་རྒན་གཞོན་དབར་གྱི་ཞལ་ཤགས་རྩེས་རབས་དེ་ཡང་དྲན།

དེ་ནས་དུས་ཀྱི་རིམ་པ་སོ་སོར་གནས་ཡུལ་མི་འདྲ་མི་གཅིག་པར།

སྣ་ཚོགས་བྱེད་སྒོའི་འདུས་འཛོམས་ལ་ལར་ཐེངས་འགར་འཕྲད་པའང་དེ་རིང་དྲན།

 

དོལ་པོའི་གྲུ་དཔོན་ཚེ་དབང་རྒྱལ་མཚན་སྤྱི་ཁྱབ་ཉི་མ་ཚེ་རིང་དང་།

ཤིང་སྨན་སྤྱི་ཁྱབ་དབང་འདུས་གཙོས་པའི་ཉི་གསལ་བླ་དཔོན་སྐར་མ་དང་།

ཚྭ་དགའི་བླ་དཔོན་ཡང་སྟོན་ཉི་མ་བར་རོང་སུབ་བྷ་དངོས་གྲུབ་སོགས།

གྲུ་དཔོན་སྤྱི་ཁྱབ་བླ་དཔོན་ལ་སོགས་གྲགས་ཅན་བགྲེས་པོ་མང་ཙམ་བྱུང་།

 

འོན་ཀྱང་དེ་ཚོའི་དཔོན་གྲལ་མཚེས་མཁན་མི་དཔོན་འཕྲིན་ལས་ལྷུན་གྲུབ་ཁྱེད།

ཐོག་མར་གསལ་དྭངས་ནམ་སྟོད་ཕྱོགས་སུ་ད་བའི་མེས་མེས་དཀྱུས་མ་ཞིག

བར་དུ་ནང་ཁོངས་ཚོ་གསུམ་དག་གི་ཡུལ་ཚོ་རྣམས་ཀྱི་འགོ་དཔོན་ཆགས།

མཐའ་མར་མིང་དང་སྙན་པས་ཕྱུག་པའི་གློག་བརྙན་འཁྲབ་སྟོན་པ་རུ་གྱུར།

 

ཧྥ་རན་སི་ཡི་དཔར་པ་གྲགས་ཅན་ཨེ་རིག་ཝཱ་ལི་གྲོགས་དྲིན་གྱིས།

ཀ་ར་ཝཱན་ནམ་ཧི་མ་ལ་ཡ་ཞེས་སུ་གྲགས་པའི་གློག་བརྙན་དེས།

དོལ་པོའི་མི་དཔོན་མི་ཚེ་དེ་ཉིད་གནམ་ས་བླ་འོག་ལྡོག་པ་བཞིན།

འཕོ་འགྱུར་གཏོང་བའི་སྙན་དང་གྲགས་པ་གསོལ་རས་ཞིག་གི་སྐྱེས་སུ་བསྩལ།

 

གློག་བརྙན་ཁང་དང་གཟུགས་མཐོང་བརྙན་འཕྲིན་ཅི་ཡང་མེད་པའི་གནའ་གྲོང་ནས།

ཨ་ཅེ་ལྷ་མོའི་ཟློས་གར་སོགས་ལའང་མྱོང་གོམས་བྲལ་བའི་བགྲེས་སོང་ཞིག

འཁྲབ་སྟོན་སྒྱུ་རྩལ་སྦྱོང་བརྡར་ལྟ་ཅི་རྒྱུས་མངའི་འདྲིས་ཆ་དབེན་མོད་ཀྱང་།

མངོན་སུམ་མྱོང་གྲུབ་འཚོ་བར་གཏད་པའི་ཐུགས་སྣང་གསོན་པོས་ཉམས་འགྱུར་བསྐྲུན།

 

གནའ་རབས་ཞང་ཞུང་མངའ་རིས་ནས་བཟུང་སྒང་པ་བོད་དང་གུང་ཐང་ནས།

འཛུམ་ལང་དང་ནི་གློ་བོས་དབང་བསྒྱུར་མཐའ་མར་གོར་ཥའི་རྒྱལ་པོ་ཡིས།

བལ་པོའི་རྒྱལ་ཁབ་ཁོངས་སུ་བསྡུས་པའི་དོལ་པོར་གྲགས་པའི་སྦས་ཡུལ་གྱི།

མི་རབས་བརྒྱུད་འཇགས་འཚོ་བའི་ལམ་སྲོལ་གློག་བརྙན་རིག་པས་གཅེས་གཉེར་མཛད།

 

བྱང་ཐང་འབྲོག་སའི་ཆུ་ཡི་སྙིང་པོ་ལན་ཚྭ་ཐུར་དགུའི་གཤོངས་སུ་སྐྱེལ།

ལྷོ་རོང་མོན་པའི་ཟས་ཀྱི་བསོད་པ་འབྲུ་རིགས་ལ་དགུའི་གྱེན་ལ་འདྲེན།

བོད་ཚྭ་རོང་འབྲུ་བརྗེ་པོར་སློག་ནས་ཁེ་སྤོགས་ཆུང་ངུས་འཚོ་ཚིས་གསབ།

ལོ་རྒྱུས་རིང་བའི་དོལ་པོའི་ཚོང་འགྲུལ་འཛམ་བུ་གླིང་པའི་མིག་ལམ་བསྟར།

 

ཡུལ་གྱི་ཁྲིམས་དང་སྲོལ་ལུགས་རྙིང་པ་མི་རབས་དུ་མར་བརྒྱུད་པ་རྣམས།

སྤྱི་ཚོགས་ཞིག་གི་དགོས་མཁོ་དངོས་དང་དུས་རབས་གསར་པའི་འགྱུར་འགྲོས་ལ།

བལྟོས་ཤིང་བསྟུན་ནས་འོས་ཤིང་འཚམས་པའི་ཡར་བསྐྱེད་གོང་སྤེལ་བཅོས་བསྒྱུར་ཡང་།

དགོས་ངེས་ཅན་གྱི་ཕན་འདྲོང་ཡིན་པར་གློག་བརྙན་འདི་ཡིས་ཤུགས་སུ་བསྟན།

 

གསར་ལྷད་བྲལ་ཞིང་གནའ་དྲི་འཐུལ་བའི་དོལ་པོའི་འཚོ་བའི་སྣང་བརྙན་དང་།

བཅོས་པ་མེད་པའི་རང་བཞིན་ཉམས་ཅན་མེས་མེས་འཕྲིན་ལས་རྣམ་འགྱུར་གྱིས།

ཨོ་སི་ཁར་ཞེས་ཆེས་ཆེར་གྲགས་པའི་གློག་འགྲན་བསྡུར་ཆེན་མོའི་ནང་།

ཕྱི་རྒྱལ་གློག་བརྙན་ལེགས་ཤོས་དེ་ལ་དོལ་པོའི་གློག་བརྙན་བདེམས་ཐོན་བྱུང་།

 

བལ་པོའི་ཡུལ་གྱི་གློག་བརྙན་རིག་པར་བརྒྱ་ཕྲག་ཕྱེད་ཀའི་ལོ་རྒྱུས་ལྡན།

མྱོང་འདྲིས་གོམས་གསུམ་བྱང་ཆས་ཕྱུག་པའི་འཁྲབ་སྟོན་པ་ཡང་བརྒྱ་སྐོར་ཉེ།

ཆོས་རིག་སྲིད་གསུམ་ལོ་རྒྱུས་སྟོན་པའི་གློག་བརྙན་བརྒྱ་ཚོར་ཉེ་བ་བསྐྲུན།

འོན་ཀྱང་དེ་དག་ར་སྐོར་གཅིག་ལས་བརྒལ་མྱོང་མེད་པའི་གཏམ་རྒྱུད་ཙམ།

 

ལོ་རབས་བརྒྱ་ཕྲག་ཕྱེད་ཀའི་རིང་ལ་ལྔ་ལྡན་རྒྱལ་པོའི་རྒྱལ་ཁམས་འདིར།

སྦྱོང་བརྡར་ཟབ་པའི་འཁྲབ་སྟོན་པ་ལས་སུ་དང་གང་གིས་མ་འཇོན་པ།

མྱོང་གོམས་བྲལ་བའི་རང་བཞིན་ཉམས་ཅན་དོལ་པོའི་མི་རྒན་རྣམ་འགྱུར་གྱིས།

རྒྱལ་སྤྱིའི་གློག་བརྙན་སྒྱུ་རྩལ་ཁྲོད་དུ་རང་གི་མཚན་བྱང་གསེར་གྱིས་བརྐོས།

 

དེས་ན་འཛམ་གླིང་ཡུལ་གྲུ་ཀུན་གྱི་དེང་རབས་གློག་བརྙན་སྒྱུ་རྩལ་ཁྲོད།

གཡེར་གྲགས་ཆེ་བའི་འཁྲབ་སྟོན་པ་རྣམས་ཚར་དུ་དངར་བའི་མདུན་སོ་ན།

ལྔ་ལྡན་རྒྱལ་པོས་མངའ་དབང་བསྒྱུར་པའི་བལ་པོར་གྲགས་པའི་རྒྱལ་ཁབ་འདིས།

སྤོབས་ཉམས་མཐོན་པོས་ངོམ་སོར་འཁྱེར་རྒྱུའི་སྐར་ཆེན་མཆོག་གྱུར་ཁྱེད་ཉིད་ཙམ།

 

བལ་པོའི་ཡུལ་གྱི་མོན་རིགས་དག་གིས་ཁྱེད་ལ་དོལ་པོ་འཕྲིན་ལས་འབོད།

བོད་སྐད་སྨྲ་བའི་བོད་རིགས་ཁྲོད་དུ་ཁྱེད་ཉིད་མེས་མེས་འཕྲིན་ལས་གྲགས།

ཤ་རུས་གཅིག་པའི་དོལ་པོ་རྣམས་ཀྱིས་ཁྱེད་ལ་མེས་མེས་ཀྱར་ཝཱན་བརྗོད།

དོལ་པོ་བལ་པོ་བོད་རིགས་གསུམ་པོའི་སྤོབས་སེམས་འདེགས་པའི་གཟི་བརྗིད་ཅིག

 

གློག་བརྙན་དེ་ཡི་དངོས་བསྟན་བརྗོད་བྱའི་ཟིན་བྲིས་ཕྱེད་ཆ་ལྷག་ཅིག་ནི།

ཁྱེད་ཀྱི་སྐུ་ཚེར་དངོས་སུ་བྱུང་བའི་ལོ་རྒྱུས་ཚོམས་ལས་བླངས་པ་བཞིན།

གློག་བརྙན་དེ་ཡི་བརྗོད་བྱ་ཕྱེད་མ་མ་འོངས་ལུང་བསྟན་འདྲ་བ་སྟེ།

མི་དཔོན་ཁྱེད་ཀྱི་སྐུ་ཚེའི་འཕེན་པ་དངོས་སུ་ངོ་མ་རི་ནས་རྫོགས།

 

འབྲས་སྐྲན་ནད་ཀྱིས་བཀྲོངས་པར་མ་ཐུབ་རྒོད་པོར་འཚོ་བའི་མི་ཕོ་དེ།

འཕྲང་འགག་དོག་པའི་རྐང་ལམ་དེ་ནས་གློ་བུར་ཐོག་རྒྱག་ཅིག་གི་ངང་།

རྐྱ་པར་ཆས་ཏེ་གཤེགས་སྟངས་དེས་ནི་བལ་པོའི་གཞུང་གི་ཐུགས་སྣང་སླད།

དོལ་པོར་ཅི་ཞིག་དགོས་མཁོར་མཆིས་མིན་བརྡ་སྟོན་གནང་བའི་བཟོར་ཡང་གྱུར།

 

དོལ་རོང་དབར་ལ་བཞུད་སྐྱོད་བདེ་བའི་གཞུང་འབྲེལ་འགྲུལ་འཁོར་རྒྱ་ལམ་དང་།

འབྱུང་འགྱུར་དོལ་པོའི་སོན་རྩའི་བུ་ཕྲུག་ཡོན་ཏན་གསར་པས་བཙའ་སྐྱོང་དང་།

དོལ་ཕྱོགས་གྲུ་བཞིའི་ཡུལ་ཚོ་སོ་སོར་དེང་རབས་སྨན་དཔྱད་མཐུན་རྐྱེན་བཅས།

དངོས་འབྲེལ་རེ་བའི་འདོད་དོན་གསུམ་པོ་ཤུལ་ནས་འགྲུབ་པར་སེམས་ཀྱིས་སྨོན།

 

འཇིག་རྟེན་པ་ཡིས་དངོས་སུ་རིག་པའི་ཁྱེད་ཀྱི་གདོས་བཅས་བེམ་གཟུགས་དེ།

ཆུ་འབུར་མིག་གི་གཞལ་བྱའི་ཡུལ་ལས་གནས་གཞིས་སྤོས་ཤིང་བརྗེས་ན་ཡང་།

ཁྱེད་ལ་དགའ་དང་གློ་བ་ཉེ་བའི་གྲོགས་དང་གཉེན་ཚན་ཟུན་ཚོགས་ཀྱི།

མཆོང་གུར་སྙིང་གི་དཀྱིལ་འཁོར་དེ་ནི་ཁྱེད་ཀྱི་གཏན་གྱི་བྲང་ཁྱིམ་གྱུར།

 

ལས་རྗེས་བཟང་བའི་བྱས་པ་ཅན་ལ་འདས་དང་གྲོངས་པ་མེད་པ་སྟེ།

ལོ་རྒྱུས་གསེར་གྱི་གླེགས་བམ་ཁྲོད་དུ་བརྗིད་པར་འཚོ་ཞིང་གཞེས་པའི་ཕྱིར།

དོལ་ཕྱོགས་གྲུ་བཞིའི་ལོ་རྒྱུས་ལྡེབས་མའི་མཚན་གྱི་ཐོ་གཞུང་རིང་མོ་ལས།

ནམ་ཡང་འདའ་བར་སྲིད་དུ་མེད་པ་མེས་མེས་ཁྱེད་ཀྱི་མཚན་སྙན་ལགས།

 

ད་བའི་མེས་མེས་གཤེགས་པའི་འཕྲོ་ན་ཤུལ་ལུས་ཁྱིམ་རྒྱུད་འཛིན་མཁན་ཏེ།

བདག་གི་ནེ་ནེ་བུ་ཁྲིད་དབང་མོའི་བུ་མོ་སྤུན་མཆེད་གསུམ་པོས་གཙོས།

གཉེན་ཚན་རེ་རེར་དགར་དགོས་མེད་པར་འབྲེལ་ཡོད་ཁྱིམ་མི་ཡོད་ཚད་ཀྱི།

རང་རང་སོ་སོའི་སྡུག་བསྔལ་སེལ་བར་སེམས་གསོའི་ཁ་ཏ་འདི་ཉིད་འབུལ།

 

ཕྲན་ལ་འཁྲི་བ་མི་རིགས་ཤིག་གི་ལོ་རྒྱུས་འགན་འཁུར་ཡོད་པས་གཅིག

རང་ཉིད་རྟག་ཏུ་ལ་རྒྱས་སྨྱོས་པའི་དོལ་པོ་བ་ཞིག་ཡིན་པས་གཉིས།

བདག་དང་ཁོང་གི་གཉེན་ཚན་དབར་ལ་སྤུན་ཉེའི་འབྲེལ་བ་ཡོད་པས་གསུམ།

རྒྱུ་མཚན་གསུམ་གྱིས་རང་ལ་སྐལ་བའི་མྱ་ངན་རྗེས་དྲན་ཞུས་པ་ལགས།

 

    ཞེས་པ་འདི་ནི་བོད་རིགས་གློག་བརྙན་འཁྲབ་སྟོན་པ་ཡོངས་ལས་སྙན་པའི་གྲགས་པ་ཐོད་བརྒལ་དུ་འབར་བའི་དོལ་པོའི་མི་དཔོན་གསལ་དྭངས་པ་ད་བའི་མེས་མེས་འཕྲིན་ལས་ལྷུན་གྲུབ་དམ་པ་གང་ཉིད་རྗེས་སུ་དྲན་པ་དང་ཆབས་ཅིག་དེང་རབས་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དག་ལ་སྐར་ཆེན་ཞེས་འབོད་སྲོལ་འབྱམས་སུ་ཁྱབ་པ་ལྟར། འདིར་ཁོང་ལ་ཧི་མ་ལ་ཡའི་སྐར་ཆེན་ཞེས་པའི་མཚན་གནས་དེ་ཉིད་གཏན་ཚིགས་གཉིས་ཀྱི་སྟེང་ནས་འབུལ་བ་སྟེ། སྤྱིར་ཧི་མ་ལ་ཡའི་མི་རིགས་ནང་དུ་ཁོང་ལས་ལྷག་པའི་འཁྲབ་སྟོན་པ་མིང་གྲགས་ཅན་ཞིག་ད་བར་མ་བྱུང་བ་དང་། སྒོས་སུ་ཧི་མ་ལ་ཡ་ཞེས་པའི་གློག་བརྙན་དེ་ཉིད་ཀྱི་འཁྲབ་སྟོན་པའི་སྐར་ཆེན་དངོས་ཀྱང་ཁོང་ཉིད་རང་ཡིན་པས་སོ། །དེས་ན་ཁོང་ནི་དོལ་པོའི་མི་རིགས་འདིའི་འཁྲབ་སྟོན་སྒྱུ་རྩལ་ལོ་རྒྱུས་ཀྱི་དབུ་ཁྱུད་དུ་གྱུར་སྟབས། ཇི་སྲིད་མི་རིགས་འདི་ཉིད་གནས་པ་དེ་སྲིད་དུ་རང་རིགས་ཚོས་ཁོང་གི་སྙན་པ་ཡིད་ལ་བཅང་དགོས་པའི་རྟིང་སྐུལ་དང་བཅས་རྗེས་དྲན་གྱི་དོད་དུ་ཆོས་འཁོར་ཚང་ཉི་མ་འོད་ཟེར་དུ་འབོད་པའི་རྒྱལ་ཁམས་པ་དེས་ཡུ་རོབ་མགོ་སེར་གླིང་ནས་ཤར་མར་སྤེལ་བས། སླད་མའི་ཆར་ཡང་དོལ་ཕྱོགས་གྲུ་བོ་བཞི་ལས་ཤེས་འཇོན་བཟང་གསུམ་གྱི་ཕོ་རྒོད་དང་མོ་བཙུན་གཅིག་རྗེས་གཉིས་མཐུད་དུ་འཕེལ་ཏེ་འཛམ་གླིང་ཕྱོགས་བཞིར་ཁྱབ་པར་སྨོན་ཚིག་གིས་མཐའ་བརྒྱན་ནོ།། །།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.