དགེ་བཤེས་ཆོས་འཁོར་ཚང་གི་ཟིན་བྲིས།
                                                          ཤམ་པོ་ལྷ་རྩེ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
 
སྒེའུ་སྟེང་པ་ཉི་མ་འོད་ཟེར།
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་པ།
སྒྲིག་འཇུག...
མཆན་བུ་གསར་པ།
སྒྲིག་འཇུག...
ཆེམས་གསར་པ།
སྒྲིག་འཇུག...
འཚོལ་བཤེར།
བོན་མཆེད་དྲ་འབྲེལ།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཧཱུྃཿཆེན་གཏེར་སྲས་རྗེས་དྲན།
[ 2017/3/12 22:52:00 | By: ཆོས་འཁོར་ཚང་། ]
 

 ཆོས་འཁོར་ཚང་རིན་པོ་ཆེ། (ཡུ་རོབ།)

ཀུན་ཏུ་བཟང་པོའི་ཐུགས་ཀ་ལས།

གྲོལ་བའི་རྒྱལ་བ་མ་ལུས་པ།

ཧཱུྃཿདཀར་གཅིག་ཏུ་དྲིལ་བའི་འོད།

ཆེན་པོ་དམུ་ཡི་གདུང་ལ་འཕྲོས།

 

སྨོན་རྒྱུད་དམུ་ཚ་སྒ་ཡི་རིགས།

རྒྱལ་བ་དུ་མ་མཉེས་པའི་རུས།

ལྷ་ཉིད་དང་བཅས་ཆོ་རིགས་འདིའི།

སྲས་རྒྱུད་ཀུན་ཀྱང་མཆོད་པའི་གནས།

 

མི་ཤིགས་གཡུང་དྲུང་ཐུགས་སྟོབས་ཀྱིས།

ཕམ་པར་བཅོལ་བ་ཉོན་མོངས་བདུད།

རྣམ་ཀུན་སྙིང་རྗེས་མི་བཤོལ་བའི།

རྒྱལ་སྲས་སེམས་དཔའ་ཆེན་པོར་སྤྲུལ།

 

ཚོགས་གསོག་དགེ་སྒྲུབ་སྤོང་ལམ་མདོ།

གཉིས་མེད་བསྐྱེད་རྫོགས་འོད་གསལ་རྒྱུད།

རྒྱ་གསུམ་གྲོལ་བའི་རྩལ་རྫོགས་སེམས།

མཚོ་སྐྱེས་རྡོ་རྗེའི་མཁྱེན་གཏེར་མངའ།

 

སྨོན་རྒྱལ་བླ་རབས་གོང་མ་ཡི།

ཕོ་བྲང་གཡུང་དྲུང་ནམ་མཁའ་རྫོང་།

རིག་འཛིན་དངར་ཁ་བསྒྲིགས་པའི་སྣེར།

གཏེར་སྲས་གང་ཉིད་གྲལ་སྟར་བྱོན།

 

གཤེན་བསྟན་ཐུབ་བསྟན་གཉིས་ཕྱོགས་ཀྱི།

གཡུང་དྲུང་རྡོ་རྗེའི་དཔོན་གསས་བསྙེན།

དམུ་ཤཱཀ་བསྟན་པའི་རྗེས་འཛིན་གྱི།

བོན་བན་གཉིས་ཀའི་སློབ་འབངས་བསྐྱངས།

 

དུས་འགྱུར་རྐྱེན་དབང་བཙན་པོའི་འོག།

ལང་ཚོའི་ན་ཚོད་བཙོན་དུ་བསྐྱལ།

འོན་ཀྱང་བཙོན་ལོ་ཉི་ཤུའི་རིང་།

ཉམས་ལེན་རྒྱུན་ཆགས་ལྷོད་མྱོང་མེད།

 

རྫུ་འཕྲུལ་གྲུབ་རྟགས་བཞག་ཚུལ་གཅིག

ཡི་དམ་ལྷ་ཞལ་གཟིགས་རབས་གཉིས།

འདྲེ་སྲིན་གདོན་བགེགས་བཏུལ་ལུགས་གསུམ།

འདི་གསུམ་འདི་ནས་གླེང་དགོས་དབེན།

 

དེ་བས་བླ་མར་འཁྲི་བའི་འགན།

རང་བསྟན་བཙའ་སྐྱོང་ལྷུར་ལེན་དང་།

རང་ཁོངས་ལྷ་སྡེ་རྗེས་བཟུང་སོགས།

སྤྱི་འགྲོས་རྣམ་ཐར་དག་ཀྱང་བསྐྱངས།

 

ཐུན་མིན་རྟོགས་བརྗོད་གོ་ཐང་ཅན།

བསྟན་དང་འགྲོ་བའི་དོན་འཕེར་དུ།

ཐུགས་དྲིན་དཔལ་དུ་ཆེ་བ་ཀུན།

རེ་རེར་གླེང་བའི་ལོང་ཡང་བྲལ།

 

ཕྱི་ཁྱིམ་ཆོས་ཀྱི་གཞིས་སྒར་སླད།

རྒྱ་ནག་ཁྲི་འདུའི་ནུབ་ཕྱོགས་རྒྱུད།

ནན་ཇིང་རི་བོའི་རྐེད་པའི་འདབས།

སྨོན་རྒྱལ་གཡུང་དྲུང་ལྷ་རྩེ་བཞེངས།

 

ནང་གཞིས་ཤུལ་མའི་ཕུགས་རྡིག་དངོས།

རྒྱལ་དབང་ཀུན་གྲོལ་ཡབ་སྲས་ཀྱི།

བཀའ་གཏེར་ཆེན་མོ་བསྡུས་བསྒྲིགས་ཀྱིས།

པོད་ཚན་བཞི་བཅུའི་གྲངས་སུ་དཔར།

 

གནས་མཆོག་ཀོང་པོ་བོན་རི་རུ།

སྟོན་པ་འཆི་མེད་གཙུག་ཕུད་ཀྱི།

ཞལ་སྐྱིན་མཐོང་བ་རང་གྲོལ་ཉིད།

སྐུ་ཡི་རྟེན་དུ་བཞེངས་སུ་གསོལ།

 

དུས་འགྱུར་མེ་འོབས་དབལ་ཁ་ལས།

ཐར་བའི་བཀའ་འགྱུར་མཐའ་མ་སྟེ།

དབལ་ཁྱུང་བཀའ་འགྱུར་ལག་བྲིས་མ།

གསུང་གི་རྟེན་དུ་འཕྲུལ་དཔར་བཏབ།

 

གནས་བརྟན་རྒྱལ་ཁམས་ཐའི་ལེན་ཌིར།

བོན་བསྟན་ཚུགས་པའི་རྟེན་འབྲེལ་དུ།

གཡུང་དྲུང་བཀོད་ལེགས་འབུམ་པ་ཆེ།

ཐུགས་ཀྱི་རྟེན་དུ་ཐུགས་བཀོད་མཛད།

 

སྐུ་སྲིང་གཏེར་སྟོན་མཁའ་འགྲོ་མ།

མཁའ་སྤྱོད་དབང་མོ་ཞབས་དང་ལྷན།

རྗེས་བཞག་བསྟན་པའི་འཕྲིན་ལས་ཀྱང་།

མཐོང་ཐོས་ཡུལ་དུ་འབྱམས་ཀྱིས་བདལ།

 

འཕགས་པའི་ཡུལ་གྱི་བྱང་སུལ་ཏེ།

སྨན་གྱི་རི་བོའི་དགོན་གླིང་དུ།

ཞབས་ཀྱི་སོར་མོ་བཀོད་པའི་དུས།

གསེར་གྱི་ཞལ་རས་མཇལ་སྐལ་སྨིན།

 

གནས་ནི་སྨོན་རྒྱལ་གཡུང་དྲུང་གླིང་།

ཡབ་ནི་ཧཱུྃཿཆེན་འགྲོ་འདུལ་གླིང་།

སྲས་ནི་གཏེར་ཆེན་སངས་སྔགས་གླིང་།

མཚན་ནི་མ་ཧཱ་ཧཱུྃཿཀ་གླིང་།

 

པད་འབྱུང་མངལ་སྐྱེས་རིང་ལུགས་ཏེ།

གཡུང་དྲུང་བོན་བསྟན་གསར་མ་ཡི།

སྐྱེས་ཆེན་གང་གི་མཛད་འཕྲིན་རྣམས།

ཡིད་སྨོན་འཆོར་བའི་གནས་སུ་ཆེ།

 

བོན་བསྟན་སྤྱི་ལ་བསྐྱངས་པ་ཡི།

དམ་པའི་བཀའ་དྲིན་རྗེས་དྲན་འདི།

བསོད་ནམས་དཔལ་གཡང་དགེ་ལེགས་ཀྱི།

རྣམ་དཀར་འཕེལ་བའི་ལས་སུ་བགྱིས།

 

   ཞེས་རྒྱལ་དབང་ཀུན་གྲོལ་གྲགས་པའི་སྐྱེས་འཕྲེང་དྲུག་པ་ཧཱུྃཿཆེན་འགྲོ་འདུལ་གླིང་པའི་གཏེར་སྲས་དམ་པ་སྨོན་རྒྱལ་ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་ཚོགས་གཉིས་རྒྱ་མཚོ་གང་ཉིད་དགོངས་པ་བོན་དབྱིངས་སུ་གཏད་ནས་བགྲང་གཞི་མཚེ་མའི་གྲངས་སུ་འཁོར་བའི་དུས་མཚམས་འདིར་ཉི་གཞོན་རྩོམ་སྒྲིག་ཚོགས་པས་ཁྲོ་ཚང་གཡུང་དྲུང་ལེགས་ལྡན་བརྒྱུད་ནས་རྗེས་དྲན་རྩོམ་ཡིག་འབྲི་བར་བསྐུལ་མངགས་བཅོལ་བ་བཞིན་ཆོས་འཁོར་ཚང་ཉི་མ་འོད་ཟེར་དུ་འབོད་པའི་རྒྱལ་ཁམས་པ་དེས་ཡུ་རོབ་མགོ་སེར་གླིང་གི་དབུས་དཀྱིལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ནས་བགྱིས་པ་དགེའོ།། །།

 

   འདི་ནི་<<གྱེར་ཆེན་བླ་མ་རྗེས་སུ་དྲན་པའི་གདུང་སེལ་ཁྲི་ལོ་གནམ་གྲགས་>>ཞེས་པའི་དྲན་དེབ་ཏུ་བཀོད་ཡོད།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.