ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དྲིན་དྲན་པའི་ཟིན་བྲིས། | 2015/4/21 15:45:00
        དྲིན་དྲན་པའི་ཟིན་བྲིས།
རྒྱལ་ཀུན་ངོ་བོ་གཅིག་བསྡུས། །
གཞན་ཕན་ཐུགས་རྗེའི་བདག་ཉིད། །
འགྲོ་དྲུག་འདྲེན་པའི་བླ་མར། །
སྙིང་ནས་གུས་པས་འདུད་དོ། །

གསང་བ་གསུམ་གྱི་མཛོད་འཛིན། །
རིས་མེད་བརྩེ་བའི་བདག་ཉིད། །
མཁན་སློབ་ཉི་ཟླ་ཟུང་ལ། །
དད་མོས་གུས་པས་བསྟོད་དོ། །

མི་ལུས་རིན་ཆེན་འཐོབ་བྱེད། །
རྒྱུ་རྐྱེན་བཟང་པོ་བསགས་མཁན། །
ཚེ་སྔོན་གང་ཟག་དེ་ལ། །
སྙིང་ནས་བཀའ་དྲིན་ཆེ་ཞུའོ། །

ཚེ་སྔོན་ལས་འཕྲོ་བཟང་པོས། །
ལྷོ་རྒྱལ་འཛམ་གླིང་དབུས་སུ། །
དལ་འབྱོར་མི་ལུས་སྐྱེད་བྱེད། །
བྱམས་ལྡན་ཕ་མ་དྲན་ནོ། །

བློ་ཁ་དགེ་བར་སྒྱུར་མཁན། །
བྱམས་དང་བརྩེ་བའི་བདག་ཉིད། །
དགེ་རྒན་དམ་པ་རྣམས་ཀྱིས། །
ཡི་གེ་བསླབས་པ་དྲན་སོང་། །

ངེས་འབྱུང་རྣལ་མ་མེད་རུང་། །
ལས་དང་སྐལ་བ་ཞིག་གིས། །
རྒྱལ་བ་གཤེན་གྱི་བསྟན་སྒོར། །
ཞུགས་པའི་དུས་བཟང་དྲན་སོང་། །

ནང་བའི་གཞུང་ལུགས་འགའ་ལ། །
ཐོས་བསམ་སྒོམ་བསྒྲུབས་བྱས་ཀྱང་། །
མ་རིག་རྨོངས་པས་སྒྲིབ་དུས། །
ཡེ་ཤེས་ལྷ་མཆོག་དྲན་སོང་། །

ཟབ་རྒྱས་གཞུང་ལུགས་ཀུན་ལ། །
ཐོས་བསམ་སྒོམ་པར་མཁས་པའི། །
བཤེས་གཉེན་དམ་པའི་གདམས་ངག །
དུས་ཀུན་ཡིད་ལ་དྲན་སོང་། །

ཡང་དག་གནས་ལུགས་ཟབ་མོ། །
སྒོམ་པའི་སེམས་པ་ཡོད་རུང་། །
ཉོན་མོངས་མུན་པས་སྒྲིབ་དུས། །
ཡང་དག་སྒྲོན་མེ་དྲན་སོང་། །

སྐྱབས་གནས་ཡུལ་མཆོག་གསུམ་ལ། །
བཅོས་མིན་དད་པ་བྱེད་བཞིན། །
གནས་ལུགས་ཟབ་མོ་འཇུག་དུས། །
སྐྱབས་ཀྱི་དང་པོ་དྲན་སོང་། །

རང་སེམས་རྟ་རྒོད་མཐུར་མེད། །
རྒྱལ་ཁམས་ཀུན་ལ་རྒྱུག་དུས། །
དྲན་ཤེས་ཟུང་གིས་མ་ཟིན། །
བོན་གྱི་ཡང་སྙིང་དྲན་སོང་། །

དྲིན་ཆེན་བླ་མ་སྒོམ་དུས། །
ཞི་གནས་བརྟན་ཆ་མེད་པས། །
ལུས་སེམས་ངལ་བ་བྱུང་དུས། །
ཞི་ལྷག་གཉིས་ཀ་དྲན་སོང་། །

རྒྱལ་བའི་བསྟན་སྒོར་ཞུགས་ནས། །
ཚོགས་དང་འཆད་རར་འགྲིམས་རུང་། །
སྔ་མའི་བག་ལ་ཆགས་དུས། །
གདམས་པ་ཟབ་མོ་དྲན་སོང་། །

གཟུགས་ཕུང་དབེན་སར་གནས་ཀྱང་། །
འཁོར་བ་ངེས་འབྱུང་དབེན་པས། །
ཡ་ཆུང་གངས་དཀར་སེམས་ལ། །
ཕ་ཡུལ་ལུང་པ་དྲན་སོང་། །

འགྲོ་དྲུག་བདེ་ལ་འགོད་མཁས། །
སྙིང་གི་བླ་མ་དཀོན་མཆོག །
རིས་མེད་ཐུགས་རྗེ་ཆེན་པོས། །
བུ་ངར་མྱུར་ཏུ་གཟིགས་རོགས། །

བྲིས་པའི་རྩོམ་ཆག་འདི་ལ། །
དོན་དང་སྙན་ཆ་མེད་རུང་། །
ཐོལ་དུ་སེམས་ལ་བྱུང་བའི། །
བཀའ་དྲིན་དྲན་པའི་ཟིན་བྲིས། །



དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.