ཧི་བོན་ཟིན་བྲིས།

             གཏོ་ཡི་བཀའ་སྒྲོམ།

སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་པ།
    སྒྲིག་འཇུག...
དཔྱད་གཏམ་གསར་པ།
    སྒྲིག་འཇུག...
ཆེམས་གསར་པ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དད་གདུང་ཀློང་ནས་འཕྱོས་པའི་མྱ་ངན་གྱི་སྐྱོ་དབྱངས། | 2017/11/14 0:14:00

དགེ་བཤེས་སྨོན་ལམ་མཐར་ཕྱིན།

ཀྱཻ་མ།     མི་མངོན་ནམ་མཁའི་དབྱིངས་ནས་བསྟན་འགྲོ་ལ་གཟིགས་པའི།།

           དུས་གསུམ་ལྷ་གཤེན་ཚོགས་རྣམས་ཐུགས་དམ་ལ་གཡེལ་ལམ།།

           ལྔ་སྙིགས་མུན་པ་སེལ་བའི་ལུང་རྟོགས་ཀྱི་ཉི་མ།།

           ཆུ་ལྷའི་ཕང་དུ་བཞུད་ནས་མུན་སྨག་གིས་གཏིབས་སོང་།།

ལས་བཞིའི་གར་ལ་རོལ་པའི་ཡི་དམ་གྱི་ལྷ་ཚོགས།།

བདུད་སྲིན་ལོག་འདྲེན་སྒྲོལ་བའི་འཕྲིན་ལས་ལ་བྲེལ་ལམ།།

བསྐྱེད་རྫོགས་རང་དབང་འབྱོར་བའི་དཔོན་གསས་ཀྱི་བླ་མ།།

ཐུགས་དམ་གཡོ་བ་མེད་བཞིན་ཞིང་ཁམས་ལ་གཤེགས་སོང་།།

           རྫུ་འཕྲུལ་མྱུར་མགྱོགས་ལྡན་པའི་བོན་སྐྱོང་གི་སྲུང་མ།།

           བསྟན་དང་བསྟན་འཛིན་སྐྱོང་བའི་གཡར་དམ་དེ་བརྗེད་དམ།།

           ཟབ་རྒྱས་གཤེན་བསྟན་སྤེལ་བའི་བསྟན་འཛིན་གྱི་སྐྱེས་བུ།།

           འཆད་རྩོད་དབྱར་མཚོ་རྒྱས་པའི་བསྟི་གནས་ནས་ཕེབས་སོང་།།

དེང་རབས་འཕྲུལ་གྱིས་འཇིག་རྟེན་ཁ་ལོ་རུ་བསྒྱུར་བའི།།

ནུབ་ཕྱོགས་དངོས་ཁམས་སྨན་པའི་ལག་རྩལ་དེ་འཆུག་གམ།།

སྒྱུ་ལུས་གདོས་དང་བྲལ་ཡང་སྙུང་ཚུལ་ཞིག་བཞེས་ནས།།

ཞྭ་དཀར་བསྟན་པའི་གཙུག་རྒྱན་མྱ་ངན་ལས་འདས་སོང་།།

           ཟློག་མེད་དུས་ཀྱི་རླུང་ནག་འཚུབ་མ་ཡི་ཁྲོད་དུ།།

          བླ་མ་ཡི་དམ་མཁའ་འགྲོའི་བརྩེ་གཟིགས་ཀྱང་མི་འདུག

         ཚན་རྩལ་མཁས་རབས་གྲགས་པའི་སྨན་བཅོས་ཀྱང་མི་འདུག

         བྱིའུ་ཕྲུག་ཐང་སྟོང་ལྷགས་འདྲའི་དུས་ངན་ཞིག་ཚེས་སོང་།།

དྲིན་ཆེན་ཕ་མ་གཉིས་པོ་ཆུང་དུས་ནས་གྲོངས་ཤིང་།།

གཉེན་ཉེ་འབྲེལ་ལྟོས་ཡོངས་དང་སྔ་ས་ནས་བྲལ་སྟེ།།

ཕ་ས་ཕ་ཡུལ་ཤོར་བའི་མི་ཡུལ་ལ་གྱར་ཡང་།།

འདི་འདྲའི་སྐྱོ་ཞིང་གདུང་བའི་ཚོར་སྣང་ཞིག་མ་སྐྱེས།།         

          དུས་གསུམ་སངས་རྒྱས་མྱ་ངན་འདས་ཚུལ་དུ་བསྟན་འདུག

          ཁམས་གསུམ་སེམས་ཅན་ཀུན་ཀ་ལུས་སེམས་དང་བྲལ་དགོས།།

 དེ་བཞིན་དཔོན་གསས་བླ་མའི་མཐར་ཕྱིན་གྱི་མཛད་པ།།

བོན་ཉིད་དབྱིངས་སུ་གཤེགས་ཚུལ་བསྟན་པ་ཞིག་ལོས་ཡིན།།

ད་ནི་བྱ་ཐབས་བྲལ་བའི་དཀྱོག་མཚམས་ལ་སླེབས་དུས།།

རང་སེམས་རང་གིས་མནན་པའི་བསམ་གཞིག་གི་ཀློང་ནས།།

ཕྱི་རབས་བསྟན་འགྲོར་སྨན་པའི་ལེགས་སྐྱེས་ཀྱི་གསོས་སུ།།

དཔོན་གསས་བླ་མའི་མཛད་འཕྲིན་གསལ་འདེབས་ཤིག་ཞུས་ན།།

           དྲི་བྲལ་བསླབ་གསུམ་གཙང་མའི་གོས་བཟང་གིས་བཀླུབས་ཤིང་།།

           རྣམ་དག་དྲི་བསུང་སྣུམ་པོས་ས་སྟེང་ཀུན་ཁྱབ་སྟེ།།

           སྐྱེ་འགྲོ་ཐར་པའི་གསོས་ཀྱི་གཞི་རྩ་རུ་བསྐྲུན་པའི།།

          འདུལ་འཛིན་བྱེ་བའི་གཙུག་རྒྱན་སྨན་རི་བ་དྲན་ནོ།།

རིམ་གཉིས་ཟབ་མོའི་ཉམས་རྟོགས་ནམ་མཁའ་དང་མཉམ་ཞིང་།།

ཡི་དམ་ལྷ་དང་ལྷ་མོ་སྤྲིན་ཚོགས་བཞིན་བསྡུས་ཏེ།།

འཕྲིན་ལས་རྣམ་བཞིའི་གྲུ་ཆར་གདུལ་བྱ་ལ་སྤྲོ་བའི།།

གསང་མཆོག་གསང་བའི་བདག་པོ་སྨན་རི་བ་དྲན་ནོ།།

           གཡོ་མེད་འོད་གསལ་ལྟ་བའི་གོ་འཕང་ལ་བརྙེས་ཤིང་།།

           མ་བཅོས་རང་ལྷུག་སྒོམ་པའི་གདེངས་ཆེན་དང་ལྡན་ཏེ།།

          སྤྱི་རྒྱ་རླབས་ཆེན་སྤྱོད་པའི་ས་གསུམ་ཀུན་གནོན་པའི།།

          རྣལ་འབྱོར་ཀུན་གྱི་ཡང་རྩེ་སྨན་རི་བ་དྲན་ནོ།།

ཐོས་གསུམ་སྒོམ་གསུམ་ཐུགས་ཉིད་མཁའ་དབྱིངས་སུ་འཕྱོ་ཞིང་།།

འཆད་རྩོད་རྩོམ་པའི་མཁྱེན་རབ་རྩལ་ཆེན་དེ་རྫོགས་ནས།།

གང་འདུལ་གདུལ་བྱར་དབང་ལུང་མན་ངག་གིས་བརླན་པའི།།

བོན་གྱི་རྒྱུད་གསུམ་འདུས་སོ་སྨན་རི་བ་དྲན་ནོ།།

           དུས་ངན་རླུང་འཚུབ་ལྡང་པའི་ཐལ་རྡུལ་གྱི་ཁྲོད་ནས།།

           རྒྱལ་བ་གཉིས་པའི་གདན་ས་མི་ཡུལ་དུ་བསྐྲུན་ཞིང་།།

          རྟེན་དང་བརྟེན་པ་རི་རབ་གཏོས་མཉམ་ཞིག་བཞེངས་པའི།། 

          འཁོར་ལོ་གསུམ་གྱི་མངའ་བདག་སྨན་རི་བ་དྲན་ནོ།།

གནའ་རབས་མི་ལོ་ཁྲི་ཡི་རིང་ལུགས་ཀྱི་སྲོག་བཟུང་།།

དེང་རབས་ཚན་རྩལ་རིག་པའི་འགྲོ་སྟངས་ཀྱིས་ཟུར་རྒྱན།།

དུས་དང་བསྟུན་པའི་བསླབ་པ་སློབ་གཉེར་གྱི་རྒྱུན་བསྐྱངས།།

གནའ་དེང་ཟུང་འབྲེལ་སྲོལ་གཏོད་སྨན་རི་བ་དྲན་ནོ།།

           རང་ལུགས་འཕྲུལ་ངག་བོན་གྱི་སྲོག་ཤིང་ལ་འཇུས་ནས།།

           གཞན་ལུགས་གྲུབ་མཐའ་རྣམས་ལ་དག་སྣང་གིས་སྤུད་དེ།།

           ཕྱོགས་དང་རིས་སུ་བྲལ་བའི་རྒྱལ་མཚན་དེ་སྒྲེང་བའི།།

           རིས་མེད་སྐྱེས་བུའི་དཔེ་མཚོན་སྨན་རི་བ་དྲན་ནོ།།

ཉམ་ཆུང་དྭ་ཕྲུག་ཚོགས་རྣམས་བྱམས་བསིལ་གྱིས་སྐྱོང་ཞིང་།།

བཤད་སྒྲུབ་བསྟན་པའི་འོད་སྣང་སློབ་འཁོར་ལ་བཀྱེས་ནས།།

མ་འོངས་བསྟན་འཛིན་བུ་སློབ་སྐར་ཚོགས་ལྟར་བཀྲམ་པའི།།

བསྟན་འཛིན་རྒྱུ་སྐར་བདག་པོ་སྨན་རི་བ་དྲན་ནོ།།

           ཤར་ནུབ་མི་རིགས་དུ་མར་འདི་ཕྱི་ཡི་ལམ་སྟོན།།

           གཞིས་བྱེས་བོན་འབངས་ཡོངས་ལ་བོན་འབྲེལ་གྱི་རྒྱུན་མཐུད།།

           རིས་མེད་སྐྱེ་འགྲོ་ཀུན་ལ་ཕན་བདེ་ཡི་གསོས་སྟེར།།

           གདུལ་བྱ་བྱེ་བའི་རེ་ལྟོས་སྨན་རི་བ་དྲན་ནོ།།

དབང་བཙན་གོ་ཐོབ་ཅན་ལ་སྤྲེད་ལད་ནི་མི་མཛད།།

ནུས་མེད་ཉམ་ཆུང་མི་ལ་གཟིགས་པ་ནི་མི་ལྷོད།།

ངན་ངོན་ཙམ་གྱི་འཚོ་བར་སྐུ་ཚེ་ནི་གཞོལ་བའི།།

ཉམ་ཆུང་གྲྭ་རྐྱང་ངང་ཚུལ་སྨན་རི་བ་དྲན་ནོ།།

           ཁྱེད་ཀྱི་སྐུ་ནི་བོན་གཤེན་སེམས་དཔའ་ཡི་ངང་ཚུལ།།

           ཁྱེད་ཀྱི་གསུང་ནི་འཕྲུལ་ངག་བོན་སྒྲ་ཡི་རང་བཞིན།།

          ཁྱེད་ཀྱི་ཐུགས་ནི་བོན་ཉིད་སེམས་ཉིད་ཀྱི་ཀློང་ཡངས།།

          ཞྭ་དཀར་བོན་གྱི་གཙུག་རྒྱན་སྨན་རི་བ་དྲན་ནོ།།

མདོར་ན་ཁྱེད་ཀྱི་རླབས་ཆེན་མཛད་བཟང་གི་ཚོགས་རྣམས།།

ཚིག་ཏུ་སྤྲོས་ན་ཚར་རྒྱུ་ཡོད་པ་ཞིག་མ་མངོན།།

བློ་ཡིས་བསམ་ན་གཞལ་རྒྱུ་ཡོད་པ་ཞིག་མ་མཇལ།།

རྒྱ་མཚོ་ཆེ་ལས་ཆུ་ཐིགས་ཙམ་ཞིག་ཏུ་སྤྲོས་ཁུལ།།

           ཨ་ཙི་ཨ་ཙི་ང་ཚོ་བོན་འབངས་ཀྱི་ཚོགས་རྣམས།།

           ད་དུང་བསོད་ཟད་ནང་ནས་བསོད་ཅན་ཞིག་མངོན་པ།།

           སྨན་རིའི་མཁན་ཆེན་བཞི་ཡི་སྐུ་རིང་དུ་འཚོ་བའི།།

           ཡོངས་འཛིན་སྨྲ་བའི་དབང་པོའི་གསེར་ཞལ་ནི་བཞུགས་ཡོད།།

དུས་ལོག་འཕོ་འགྱུར་ངན་པའི་ཡོ་ལང་གི་ཁྲོད་དུ།།

མཁན་སློབ་ཉི་ཟླ་ཟུང་གི་མཛད་འཕྲིན་ལ་བརྟེན་ནས།

རྒྱལ་གཤེན་བསྟན་པའི་མེ་རོ་ཤི་ས་ནས་སློང་སྟེ།།

ཡངས་པའི་ས་ཆེན་ཁྱོན་དུ་དར་རྒྱས་སུ་འབར་ཡོད།།

          མ་འོངས་རྒྱལ་བ་སྨན་རིའི་བསྟན་དོན་གྱིས་གཙོས་པའི།།

          རྒྱལ་གཤེན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལམ་སྟོན།།

          སྨན་རི་ཚང་གི་སྐུ་ཤ་རློན་པ་རུ་བཞེངས་པའི།།

          ཡོངས་འཛིན་སྨྲ་བའི་དབང་པོས་འཆུག་མེད་དུ་གནང་ཡོང་།།

མཆོག་མཆོག་མཆོག་ཏུ་གྱུར་པའི་ཡོངས་འཛིན་གྱི་དབང་པོས།།

ཟབ་ཟབ་ཟབ་པར་བསྩལ་བའི་ཞལ་གདམས་ཀྱི་སྙིང་པོ།།

ངེས་ངེས་ངེས་པར་ལག་ལེན་དོན་འཁེལ་ཞིག་ཞུས་ན།།

ལེགས་ལེགས་ལེགས་པའི་རྒྱན་དུ་མི་འགྱུར་དོན་ཅི་ཡོད།། 

           ཇི་ལྟར་ལམ་སྣ་དྲངས་པ་དེ་ལྟར་དུ་ཕྱིན་ཚེ།།

  གེགས་མེད་ལྷུན་གྱིས་འགྲུབ་ལ་ཐེ་ཚོམ་ནི་མི་དགོས།།

 མཉམ་མེད་ཤེས་རབ་རྒྱལ་མཚན་མངོན་སུམ་དུ་བཞུགས་ཀྱང་།།

དུས་དང་བསྟུན་པའི་ལམ་སྟོན་དེ་ལྷག་ནི་མི་ཡོང་།།

དེང་སྐབས་སྙིགས་མ་ལྔ་མདོའི་དུས་ངན་གྱི་ཁྲོད་འདིར།།

རང་གིས་རང་ལ་གསལ་འདེབས་བྱེད་རྒྱུ་ནི་ཙམ་ལས།།

གཞན་ལ་སྐུལ་དང་རེ་བ་ཕར་ཟད་ནི་རེད་འདུག

འོན་ཀྱང་བདེན་སེམས་མཐོང་ན་ཡིད་དཀྱིལ་དུ་ཟུངས་ཤིག

           དཔོན་གསས་བླ་མའི་མཛད་འཕྲིན་སྙིང་དབུས་སུ་དྲན་བཞིན།།

           གང་ཁྱེད་ཞལ་དཀྱིལ་བཞུགས་པའི་དུས་ཚོད་ཀྱི་རིང་ལ།།

           ཐུགས་དང་མ་མཐུན་ལས་སྤྱོད་བརྩམས་པ་ཞིག་མེད་སྙམ།།

          གལ་སྲིད་མ་ཤེས་དབང་གྱུར་གནོང་འགྱོད་ཀྱིས་བཤགས་སོ།།

ད་དུང་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ།།

དཔོན་གསས་བླ་མའི་ཐུགས་རྗེའི་འབྲལ་མེད་དུ་བཟུང་ཞིང་།།

འཕྲུལ་ངག་བདེན་པའི་བོན་དང་ཡང་ཡང་དུ་འཕྲད་དེ།།

རྒྱལ་གཤེན་བསྟན་པའི་ཞབས་ཞུ་གེགས་མེད་དུ་འགྲུབ་ཤོག

            དད་གདུང་ཀློང་ནས་འཕྱོས་པའི་མྱ་ངན་གྱི་སྐྱོ་དབྱངས།།

            དཔོན་གསས་དྲན་པའི་སེམས་ཚོར་འགོག་མེད་ཅིག་སྐྱེས་སྐབས།།

             གང་ཤར་སེམས་ཀྱི་རྟོག་ཚོགས་འཕྲལ་མར་དུ་ཕབ་པས།།

             དད་སེམས་མཚོན་པའི་མཆོད་རྫས་ཕྲ་མོ་རུ་གྱུར་ཅིག

ཅེས་དཔོས་གསས་བླ་མ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་ནས་ཟླ་བ་གཉིས་འདས་པའི་ཉིན་མོ་སྟེ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༤ བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་ཧོར་ཟླ་དགུ་པའི་ཚེས་ཉེར་དྲུག རེས་གཟའ་མིག་དམར་ཉིན་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་ཀང་ར་རྫོང་ཁོངས་བཞུགས་སྒར་རྡ་རམ་ས་ལའི་སྤྱི་འཐུས་ལས་ཤག་བདེ་ལེགས་ཁང་ནས་བྲིས་ཏེ་ཕུལ་བས་དཔལ་ལྡན་བླ་མའི་ཐུགས་བཞེད་ལྷུན་གྱིས་འགྲུབ་ཅིང་། གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་གུ །།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.