ཧི་བོན་ཟིན་བྲིས།

             གཏོ་ཡི་བཀའ་སྒྲོམ།

སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་པ།
    སྒྲིག་འཇུག...
དཔྱད་གཏམ་གསར་པ།
    སྒྲིག་འཇུག...
ཆེམས་གསར་པ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་བཅུ་གཉིས་པ། | 2016/1/21 10:12:00


༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག

ཁྲི་སྲོང་གི་སྲས་བརྒྱུད་ཀྱི་སྐོར།

          བསྒྲགས་བྱང་ལས། ཡུམ་སྲས་ཞལ་མ་འཆམས་པར། ཟས་ངན་གཏོང་རེས་བྱུང༌། རྗེའི་གདུང་རྒྱུད་ལད། མི་ཁས་ཕོག་ཅེས་སོ། །ཁྲི་སྲོང་གི་སྲས། མུ་བེར་བཙན་པོ་དང་༼སད་ན་ལེགས་མཇིང་ཡོན་ཡང་ཟེར་༽ མུ་དུག་བཙན་པོ་དང༌། མུ་ནེ་བཙན་པོ་དང་གསུམ་མོ། །ཞེས་དང༌། ཡོངས་རྩེའི་འགྲེལ་བ་ལས། རྒྱལ་པོ་ཁབ་ཆེན་ཆུན་གཉིས་ཡོད་པས། ཆེན་མ་བྲམ་ཟེ་ལ་སྲས་མེད་ཀྱང་ཆོས་ལ་མོས་པས་མངའ་ཐང་ཆེ། ཆུང་མ་ཚེ་སྤུངས་ཟ་སྲས་གསུམ་གྱི་མ་ཡིན་ཀྱང༌། བོན་ལ་མོས་པས། རྒྱལ་པོས་ཐབས་ཀྱིས་སྤངས་པས་མངའ་ཐང་ཆུང༌། དེ་ལ་ཚེ་སྤུངས་ཟ་སྙིང་ན་ནས། གསང་ཐུབ་པའི་བློན་པོ་གཉིས་མངགས་ཏེ། བྱང་ཕྱོགས་རྟ་ཡི་ཉིན་ལམ་བདུན་གྱིས་སླེབས་པ་ན། སུམ་པའི་བོན་པོ་སྟག་སེ་ར་རྒྱ་ཚབ་བྱ་བ་མཐུ་རྩལ་རྨད་དུ་བྱུང་བ། རྐང་མགྱོགས་རླུང་དང་མཉམ་པ་ཞིག་གདན་དྲངས་ནས། དཔོན་སློབ་གསུམ་བྱོན་ཏེ། ཇོ་མོས་རྒྱལ་པོ་ལ་མཐུ་མཛད་པར་ཞུ། ཞུས་པས། རྫས་ལ་རྒྱལ་པོའི་ན་བཟའ་དྲི་མ་ཅན་ལས་སོགས་བསྙགས་པས། ཚེ་སྤུངས་ཟས་སྲས་མུ་རི་སྒམ་པོ་མངགས་ནས། རྒྱལ་པོའི་སྐུ་རིམ་བྱེད་པའི་ཡས་གོས་སུ་རྒྱལ་པོའི་ན་བཟའ་དྲི་མ་ཅན་ཞུས་ལ་ཤོག་བྱས་ནས་བཏང་བས། རྒྱལ་པོ་དམག་སྐུད་གཉིས་ཕོ་བྲང་སྟེང་དུ་ཆོ་ལོ་བརྩེ་ཞིང་ཡོད་ནས། ཞང་བུ་རིང་ལ་སྒོ་བསྲུང་དུ་བཅུག་གོ །སྒོ་ཕྱེ་དང་སྒམ་པོ་ཡིན་བྱས་ཀྱང་མ་ཕྱེས་པས། སྒོ་གྱད་ཀྱིས་བཅག་ནས། ཕ་ཁྱིམ་དུ་བུ་འོང་བ་ལ་སྒོ་གཅོད་མཁན་སུ་ཡིན་བྱས་ནས། སྐུ་ཞང་གི་མགོ་ལ་རལ་གྲི་བརྒྱབ་སྟེ་བསད། རལ་གྲི་ཁྲག་ཅན་ཕྱི་ཞིང་ཡབ་གྱི་མདུན་དུ་ཕྱིན་པས། རྒྱལ་པོས་སྒམ་པོ་ཁྱོད་ཅི་ལ་འོང༌། སྒོ་སུས་ཕྱེས་ཞང་བུ་རིང་གར་སོང་བྱས་པས། སྒོ་གོར་མོ་རྡོས་ཕྱེས། ཞང་བུ་རིང་ངན་པ་ཤུལ་རིང་ཞིག་ཏུ་སོང༌། ང་བཙུན་མོས་རྒྱལ་པོའི་སྐུ་རིམ་བྱེད་ཟེར་ནས་ཡས་གོས་ལ་ན་བཟའ་དྲི་མ་ཅན་ཞུ་རུ་འོང་ཟེར། རྒྱལ་པོ་བྲེད་ནས་ཟ་འོག་གི་སྟོད་ཐུང་དྲི་མ་ཅན་བསྐུར་ནས་བཏང༌། སྒམ་པོས་ཡུམ་ལ་གཏད་ནས། ཁོ་རང་ཟ་ཁྲལ་བསྡུ་རུ་བྱོན། དེ་ནས་སུམ་པའི་བོན་པོས་ནབ་བཟའ་ལ་ལིང་ག་བྲིས་ནས་སུམ་པའི་དྲག་སྔགས་ཀྱིས་བྲུབ་པས། ཞག་བདུན་གཉིས་ནང་དུ་རྒྱལ་པོ་ཐུབ་བོ། །སུམ་པའི་བོན་པོ་ཡང་མྱུར་བར་རང་ཡུལ་དུ་གཤེགས་སོ། །ཞེས་པ་རྣམས་བཀའ་འབུམ་ནས་བཤད་པ་བཏུས་སོ། །སྲས་གསུམ་གྱི་འབྲིང་བ་མུ་ནེ་བཙན་པོ་རྒྱལ་སར་ཕྱུངས་བ། ཞང་དྲུང་གིས་བསད་དོ། །མུ་རི་སྒམ་པོས་ཡབ་ཀྱི་ན་བཟའ་ལེན་དུ་བཏང་བའི་ཞེ་ནད་ཡུམ་ལ་བྱས་པས། ཡུམ་གྱིས་དུག་བཏང་བ་ཡང་བཤད། སྣ་ནམ་གྱིས་བཀྲོངས་པ་ཡང་བཤད་དོ། །

 

མུ་ནེ་བཙན་པོའི་སྐོར།

          རྒྱལ་རབས་གསལ་བའི་མེ་ལོང་ལས། སྲས་མུ་ནེ་བཙན་པོ་ནི། ཆུ་ཕོ་སྟག་གི་ལོ་ལ་བྲག་དམར་དུ་སྐུ་འཁྲུངས། དགུང་ལོ་ཉི་ཤུ་རྩ་བརྒྱད་ལ་རྒྱལ་སྲིད་བཟུང༌། རྒྱལ་ཁམས་ལ་དབང་བསྒྱུར། བཙུན་མོ་རུ་ཡོངས་ཟ་མདོ་རྒྱལ་ཁབ་ཏུ་བཞེས། དགེ་བ་བཅུ་ཡི་ཁྲིམས་བཟུང༌། ལྟོགས་ཕྱུག་ལན་གསུམ་བསྙོམ་ཆབ་སྲིད་ཕན་བདེས་བསྐྱངས་ཞེས་སོགས་དང༌། བཙུན་མོ་ཕོ་ཡོངས་ཟ་རྒྱ་མོ་བཙུན་ཟེར་བ་དེ། ཡབ་རྒྱལ་པོའི་ཡུམ་རྒྱ་མོ་ཟའི་སྐྱེ་བ་ཡིན་པས། ཡབ་ཐུགས་ལ་འཕྲིང་བར་གྱུར་ཏེ། ཡབ་ཟུར་མཁར་དུ་བྱོན་དུས་སྲས་ལ་གཏད་གཉེར་མཛད་པས། སྲས་ཀྱིས་ཁབ་ཏུ་བཞེས་པས། ཡབ་རྒྱལ་པོ་གྲོངས་དུས་ཕོ་ཡངས་ཟས་རྒྱན་མ་བཀྲོལ། མྱ་ངན་མ་བྱས་ཟེར་བ་ལ་སྙད་བྱས་ནས། ཡུམ་ཚེ་སྤོང་ཟ་ཕྲག་དོགས་སྐྱེས་ཏེ། གཤེད་མ་བསྐོས་པས་གསོད་དུ་བཏང་བས། སྲས་རྒྱལ་པོས་བསྐྱབས་པས། ཡུམ་ལོག་ལྟ་སྐྱེས་ནས་སྲས་ལ་གསོལ་ངན་པ་དྲངས་སོ། །རྒྱལ་པོ་མུན་ནེ་བཙན་པོ་ལོ་གཅིག་དང་ཟླ་བ་དགུར་རྒྱལ་སྲིད་བཟུང་ནས། དགུང་ལོ་ཉི་ཤུ་རྩ་དགུ་ལ་ཕོ་བྲང་ཡུམ་བུར་གྲོངས་སོ། །བང་སོ་ནི་ཨག་ཚོམ་བང་སོའི་གཡས་ངོས་མདུན་ན་ཡོད། མིང་ནི་ལྷ་རི་ལྡེམ་པོ་ཟེར་རོ་སྐད། ཅེས་སོ། །དར་རྒྱས་གསལ་སྒྲོན་དུ་ཆབ་སྲིད་ལོ་གཅིག་དང་ཟླ་བ་བདུན་མཛད། བཅུ་བདུན་པ་ལ་ཡུམ་གྱིས་དུག་བཏང་སྟེ་འདས་ཞེས་སོ། །རྒྱལ་རབས་གསལ་བའི་མེ་ལོང་ལས། དེ་ནས་སྲས་འབྲིང་པོ་མུ་ཏིག་བཙན་པོ་ལ་རྒྱལ་སྲིད་གཏད་རྒྱུ་ལ། མུ་ཏིག་བཙན་པོས་ཀྱང༌། སྔ་གོང་ཡབ་བཞུགས་དུས། བློན་ཞང་བུ་རིང་ཉེས་མེད་དུ་བསད་པའི་ངན་ལེན་དུ་སྣ་ནམ་ཟས་བཀྲོངས་སོ། །དེའི་བང་སོ་དོན་འཁོར་མདའ་རུ་བརྩེགས། མིང་ནི་རྐྱ་རི་རྐྱང་ལྡེམ་ལེགས་སོ་སྐད། རྒྱལ་རབས་གསལ་བའི་མེ་ལོང་ལས། དེ་ནས་སྲས་ཆུང་བ་ཁྲི་ལྡེ་སྲོང་བཙན། སད་ན་ལེགས་འཇིང་ཡོན་ལ་རྒྱལ་སྲིད་གཏད། རྒྱལ་ཁམས་ལ་དབང་བསྒྱུར། དགེ་འདུན་གྱི་སྡེ་བཙུག་སྔར་མེད་པའི་མདོ་དང་སྒྲ་བསྒྱུར། དགུང་ལོ་བཅུ་དགུ་ལོན་དུས་བཙན་མོ་ལྷ་རྩེ་བྱ་བ་ཁབ་ཏུ་བཞེས། དེ་ལ་སྲས་ཤིག་འཁྲུངས་པ་དགུང་ལོ་བཅུ་གསུམ་ལོན་དུས་ཡབ་འདས། བང་སོ་དོན་འཁོར་མདའ་རུ་བརྩེགས། ཞེས་དང༌། ཡོངས་རྩེའི་འགྲེལ་ལས། ཆུང་བ་མུ་ཏུག་ལ་སྲས་གསུམ་ཡོད་པས། གཙང་མ་ས་མཐར་སྤྱུགས། དར་མ་རལ་པ་ཅན་མངའ་ཐང་ཆེ་ཞིང་ཆོས་ལ་ཤིན་ཏུ་གུས་ཤིང་རབ་བྱུང་ལ་མངའ་ཐང་ཆེ་བར་བསྟོད་ཅིང༌། ལྷ་ཁང་ཡང་འཕྲུལ་མ་བཟོས་ཏེ། ལྷ་ཁང་རྩེ་ལ་ཉི་མ་ཤར་འཕྱི་དོ་ཟེར་ནས། འཁོར་རྣམས་ལ་རི་རྩེ་བརྐོ་བཅུག་པས། འབངས་རྣམས་གྲོས་བྱས་ནས་རི་མགོ་སྨད་པ་བས། མི་མགོ་སྨད་པ་སླ་ཟེར་ནས། ཅོག་གྲུ་ལྷ་ལོད་ཀྱིས་མགུར་བཅུས་ཏེ་ཞལ་ལྟག་རྒྱབ་ཏུ་བསྟན་ནས་བསད་དོ། །

          གཞན་ཡང་རྒྱལ་ཁམས་གཏིང་ནས་འཁྲུགས། བཙན་པོ་ཡུམ་བརྟན་ཀྱང་འབྲམ་ཁམ་བུས་བགྲོངས། འབངས་ཀྱི་ཁེངས་བྱེད་བྱུང་ངོ༌། །ཞེས་སོ། །བསྒྲགས་བྱང་ལས། བོན་ལ་དགྱེས་པའི་ལྷ་སྲས་སྤ་གྲོར་སྤྱུགས། ཞེས་སོ། །དར་རྒྱས་གསལ་སྒྲོན་ལས། དེ་ལ་སྲས་ལྔ་འཁྲུངས་ཏེ་ཁྲི་ལྡེ་སྲོང་བཙན་རལ་པ་ཅན། གཙང་མ། ཁྲི་རལ་འུ་དུམ་ལྷ་རྗེ་ལྷུན་གྲུབ། ༼ཨུ༽ ཁྲི་ཆེན་པོ་དང་ལྔ༌། རལ་པ་ཅན་སྐུ་བསོད་ཆེ་སྟེ། འཛམ་གླིང་སུམ་གཉིས་ཆབ་འོག་ཏུ་བཅུགས། དགུང་ལོ་བཅོ་བརྒྱད་ལོན་པ་ལ་འོན་ཅང་རྡོ་ཡི་ཕོ་བྲང་དགུ་ཐོག་བརྩེགས། སྔར་བསྒྱུར་བ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། བཀའ་བཅད་རྣམ་གསུམ་མཛད། ཐ་མ་བྲེ་དང་སྲང་དང་ཞོ་ལ་སོགས་པ་ཡང༌། རྒྱ་དཀར་དང་མཐུན་པར་བཅོས་སོ། །ཁྱུང་པོ་སྟག་སྒྲ་དུན་ཙུག་གིས་རྗེ་ཡི་སྐུ་བསྲུངས་སོ། །རབ་བྱུང་རྣམས་ལ་ཆབ་སྲིད་ཕུལ་བས། བློན་པོ་ཆོས་ལ་མི་དགའ་བ་རྣམས་ཁྲོས་ཏེ། ཆོས་ཁྲིམས་བཤིགས་པའི་ལྐོག་ཆད་བྱས་ནས། ལྷ་སྲས་གཙང་མ་རབ་ཏུ་བྱུང་བ་གྲོ་མོར་སྤྱུགས། བཙད་པོ་ཡང་དགུང་ལོ་སོ་དྲུག་ལྕགས་མོ་བྱ་ལ། དབལ་རྒྱལ་ཏེ་རོ་དང༌། ཅོ་རོ་ལེགས་སྒྲ་གཉིས་ཀྱིས་ཞལ་ལྟག་པར་བསྟན་ཏེ་བཀྲོངས་སོ། །

          དེ་ནས་གཅུང་ཁྲི་དར་མ་ཨུ་དུམ་བཙན་ལ་རྒྱལ་ས་གཏད། དབལ་རྒྱལ་ཏེ་རོ་ནང་བློན་དུ་བསྐོས། བློན་སྣ་ནམ་རྒྱ་ཚ། ཁྲི་གསུམ་ལས་སོགས་ཀྱིས་ཆོས་ཁྲིམས་དང་འགལ་བ་མང་དུ་བྱས། ལོ་པཎ་གྱིས་ཆོས་བསྒྱུར་བའི་གྲ་ཞིག་དེ་ནས་བཙད་པོ་ན་ལོན་པ་དང་ཐུགས་ལ་གདོན་གསོལ་ནས་རབ་བྱུང་བ་ཀུན་ཕབ། བོད་དུ་ཆོས་ཀྱི་སྒྲ་མེད་པ་ལོ་བདུན་ཅུ་བྱུང༌། སྐུའི་སྔགས་མཁན་བྲང་ང་དཔལ་གྱི་ཡོན་ཏན་གྱིས་མཛད། དེ་ལ་མཐུ་སྟོབས་དང་གཟི་བརྗིད་ལྡན། གྲང་ང་དཔལ་སྐུ་བསྲུང་ལ་བཞག་པ་མ་གཏོགས་བོན་གྱི་བསྟན་པ་ཡང་མེད་དོ། །ཞེས་གསུངས། རྒྱལ་རབས་གསལ་བའི་མེ་ལོང་ལས། ༼སད་ན་ལེགས་ཀྱི༽ སྲས་ལྡོང་ཁྲི་དགུང་ལོ་བཅུ་བཞི་ལ་རྒྱལ་སྲིད་བཟུང༌། བཙུན་མོ་དུ་མ་ཅན་ལ་སྲས་གསུམ། བཙུན་མོ་ཆུང་བ་ཞིག་ལ་སྲས་ལྷ་རྗེ། ལྷུན་གྲུབ་གཉིས་ཏེ་ལྔ་འཁྲུངས་སོ། །ཡབ་མེས་ཀྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ལ་ཞབས་ཏོག་རྒྱས་པར་མཛད། རྒྱལ་པོ་དེ་དགུང་ལོ་ལྔ་བཅུ་ང་ལྔ་བཞེས་དུས། མེ་མོ་བྱ་ལ་སྒྲགས་ཀྱི་ཕུ་རུ་འདས་སོ། །དེའི་བང་སོ་འཕྲུལ་རྒྱལ་གཡོན་ན་ཡོད། མིང་ནི་རྒྱལ་ཆེན་བང་སོ་ཟེར་རོ་སྐད། དེའི་སྲས་གཙང་མ་ཆོས་ལ་དགའ་སྟེ་རབ་ཏུ་བྱུང༌། དར་མ་སྡིག་ལ་དགའ་སྟེ་རྗེའི་འོས་མེད། བར་པ་རལ་པ་ཅན་ལ་རྒྱལ་སྲིད་གཏད་དོ། །རྒྱལ་པོ་མངའ་བདག་རལ་པ་ཅན་དེ། མེ་ཕོ་ཁྱི་ལ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ལ་ཡབ་འདས་ཏེ། རྒྱལ་སར་བཏོན་ནོ། །བཀའི་བློན་པོ་བྲན་ཁ་དཔལ་གྱི་ཡོན་ཏན་གྱིས་བྱས། རྒྱལ་ཁམས་ལ་དབང་བསྒྱུར། བཙུན་མོ་ཅོག་རོ་ཟ་དཔལ་གྱི་ངང་ཚུལ་ལས་སོགས་པ། བཙུན་མོ་ཆེ་ཆུང་ལྔ་ཁབ་ཏུ་བཞེས། དགེ་བ་བཅུའི་ཁྲིམས་བཟུང༌། ཆོས་ཐམས་ཅད་སྐད་གསར་བཅད་གྱིས་གཏན་ལ་ཕབ། རྒྱལ་པོ་འདི་རྣམས་ཀྱི་རིང་ལ་ཞང་པོ་རྒྱ་དང་འཁྲུགས། རྒྱ་བོད་ས་མཚམས་བཅད། བར་དཔང་མཆོག་གསུམ་ཉི་ཟླ་བཅས་པ་བཞག་ཆོས་ཀྱི་ཁྲིམས་ཀྱིས་ཡུལ་ཁམས་བསྡམས། འདིའི་དུས་བོན་དང་བོན་པོ་སོགས་ཡུལ་གྲོང་ཕལ་པའི་གསེབ་ཏུ་གནས་ཏེ་བཞུགས་པ་མ་གཏོགས་བསྟན་པའི་བྱ་བ་རྒྱ་ཆེན་བྱེད་པའི་གོ་སྐབས་བྲལ།།

སྟོབས་དང་གནམ་མཆོད་དཔལ་གྱི་གཟིས། །

མཐའ་གམ་རྒྱལ་པོ་བློན་འབངས་བཅས། །

ཁྱོད་ཀྱི་ཞབས་རྡུལ་གཙུག་རྒྱན་དུ། །

ལེན་པའི་བྱ་བས་དུས་ཀུན་འདས། །

 

ཕུན་ཚོགས་ཡོན་ཏན་ཞོ་ཡིས་དངོས། །

སྡེ་བཞིའི་ཤེ་མོང་རྫོགས་པའི་རྐྱེན། །

ངོམས་པས་འཇིག་རྟེན་ཆེ་དགུ་ཡང༌། །

ཞིང་འདིར་ཁྱོད་འབངས་འབྱོན་ལ་ཉེ། །

 

དཔའ་མཛངས་འཕྲུལ་ཆེན་ཐབས་ཀྱི་བྱ་བ་ཡིས། །

ཁེངས་ལྡན་རྒྱལ་བློན་གོ་ཆ་བྲེས་ཙམ་གྱིས། །

ཕ་རོལ་གཡུལ་ལས་རྒྱལ་བའི་གཟི་བརྗིད་ཅན། །

མི་དབང་ལྷ་རིགས་མངའ་བདག་བོད་ཀྱི་རྒྱལ། །

 

གཏེར་སྟོན་གཤེན་ཆེན་ཀླུ་དགའི་སྐོར།

          བླ་མ་གཤེན་ཀླུ་དགའི་མཚན་ཙམ་ཐོས་པ་ལ་བརྟེན་ནས་གཏེར་བོན་དག་དང་མ་དག་གི་ཐ་སྙད་འདོགས་པ་མང་དུ་འདུག་པས་འདིའི་རྣམ་ཐར་ཉུང་འདུས་ཞིག་བཤད་ན། གདུང་བརྒྱུད་སྒ་ཚ་དམུ་ཡི་རིགས། མེས་བཀྲ་གསལ་རྒྱལ་པོ་དང༌། ཕྱི་མོ་ལྷ་རྒྱན་བཙུན་མོ་གཉིས་ཁམས་ཀྱི་ཙོང་ཁ་ནས། ཙོ་རོ་འབྲིང་འཚམས་སུ་ཆད། ཡོན་ཏན་གྱི་རིགས་ནི་བན་སྔགས་པ་ཞིག་ཡིན་སྐད། དེའི་སྲས་མི་གཡོ་མགོན་པོ། དབང་ཕྱུག་མགོན་པོ། རྡོ་རྗེ་མགོན་པོ་དང་གསུམ། མི་གཡོ་མགོན་གྱིས་བོན་པོའི་བུ་སྲིང་ཞིག་བླངས་པས། དེ་ལ་སྲས་དཔལ་མགོན་གསས། འབྲུག་གསས། རྒོད་གསས་དང་གསུམ། དཔལ་མགོན་གྱིས་ཞང་པོ་རབས་ཆད་པའི་ལེའུ་བསྐྱངས་པས། བོན་རྒྱུད་དུ་སོང༌། དེའི་སྲས་ཀླུ་དགའ། ཀླུ་རྩེགས། གེ་ཁོད་དང་གསུམ་མོ། །གཏེར་ཐོན་པའི་ལོ་རྒྱུས་ནི། གཤེན་ཉིད་ཀྱི་ཞལ་ནས། བདག་ལོ་བཅུ་གསུམ་ལོན་པ་ན། ཕ་ཇོ་ན་རེ། ཁྱོད་དང་གེ་ཁོད་གཉིས་རྒྱུགས་ལ་སྤང་རྒྱན་དཀར་པོ་དང༌། སྤྲ་བ་ཐུས་ལ་ཤོག་ཟེར་ནས་ཕྱིན་པས། གེ་ཁོད་སྤང་རྒྱན་འཐུ་རུ་བཅུག་སྟེ། བདག་གིས་མཐའ་ལུང་ན་སྤྲ་བ་ཚོལ་དུ་ཕྱིན་ཙ་ན། ནམ་མཁའ་ལས་གཟུགས་མེད་པའི་སྐད་ཅིག་གིས། གཤེན་ཀླུ་དགའ། བོན་གྱི་དངོས་གྲུབ་བྱིན་ནམ་ཟེར་བ་བྱུང་སྟེ། བཞག་གཡོས་པ་དང༌། ཕ་ཝོང་གི་སྐྱུ་མར་ཁུས་བཀང་འདུག་གོ །དེ་དངོས་གྲུབ་ཏུ་བསམས་ནས། ཕ་མ་ཡང་གསང་ངོ༌། །དེ་ནས་བྲག་ཀ་རུ་འདི་ན་བསྡད་བསམས་ནས། ལོ་གཅིག་གཉིས་ལ་མ་ཐོན། དེ་དུས་དབུས་གཙང་དང་ཞུ་གཡས་གཉིས་འཐབ་པས། དེའི་བར་ཕྱིན་པས། མདའ་ཡོ་བ་ཕོག་ནས་གེ་ཁོད་བཀྲོངས། སྟོང་དུ་སྤུ་ར་སྤུ་ལུག་མགོ་གཡག་བསྡུས་པ་ལ། ལོ་གཅིག་འགྱངས་སོ། །སྤུར་པ་གྱད་པས། མགོ་གཡག་སྟེར་དུ་མ་འདོད་པས། ཁོ་རྟ་ཐོག་ནས་བརྡབས་ནས། ས་ལིངས་བྱས་ཏེ་འཁྱུས་པས། ཕོ་ཤེད་ཅན་དུ་གྲགས་སོ། །དེའི་གཡེང་བར་བདག་གིས་ཆུ་སེར་མོར་སུམ་ཐོག་ཅིག་བརྩེགས་པས། སྣེ་ནག་ཡེ་མཁྱེན་ན་རེ། ཇོ་བོ་ཤེད་མོ་ཆེ་ཟེར་བ་འུ་རང་འགྲན་ནམ་ཟེར། པའུ་བརྒྱད་ཁུར་ཐལ། དེར་བདག་གིས་དགུ་ཁུར་ནས། སྐས་ལྡང་བཅུ་གཅིག་ཁར་ཟེད་ཀྱིས་ཐོན་པ་དང༌། པའུ་དང་དུས་གཅིག་འགྱེལ་ཐལ། སྐེད་པའི་ཚིགས་བཅོས་ཀྱང་མ་ཕན་པར་ལོ་བཅོ་བརྒྱད་ནས་སྒུར་པོར་སོང༌། དང་པོ་དམུ་ཡད་བྱུང་ཙམ་ན། བསྡད་མནོ་བས་མ་གྲུབ། དེའི་ཉམས་ཆགས་ཡིན་ནམ་མནོས་ཏེ། བཅུ་པ་ལ། དཔོན་ར་ཞགས་ལས། གཡུང་དྲུང་ཁྲོ་རྒྱས་དང༌། ཨ་ནུ་མའི་ཆབ་གཏོར་ཤོག་གཅིག་མ་སོགས་སྒོམ་ཁྲིད་མང་བར་ཞུས་ནས། བྲག་ཀ་རུ་ལ་སྟག་ལོར་བསྒྲུབས། བསྒྲུབ་པའི་ལོ་རང་ནས་མཚན་མ་དང་དམུ་ཡད་གོང་བཞིན་བྱུང་སྟེ། ལྷ་དང་ཞལ་མཇལ་ནས་བདུད་རྩིའི་ཆུ་བོ་བསྟིམས་པ་རྨིས། དེའི་ལོར་ཕ་རྒན་གྲོངས་ནས། མཚམས་ཐོན་ཏེ་ཕྱིན། དགེ་རྩ་ཟིན་ཟིན་བསྡད། དེས་གནམ་ལོ་འབྲུག་ལ་ཐུག་བར་འགྱངས། འབྲུག་ལོར་མཚན་རྟགས་གོང་བཞིན་བྱུང་བ་ལ། དེ་ལོ་ན་ག་ཟ་དཔལ་སྒྲོན་བླངས་ཏེ། དེས་ཉེས་དེ་ལོ་འགྱངས། ཕྱི་ལོ་སྦྲུལ་གྱི་ལོ་ལ་རྟགས་གོང་བཞིན་བྱུང༌། སྲོད་ལ་བུད་མེད་ནག་མོ་རལ་པ་འཕྲག་པར་ནོན་པ་ཞིག་མཆེ་བ་གཉེར་ཞིང་ཟ་ཚུལ་སྟོན་དུ་བྱུང༌། དེ་ལ་བདག་གིས་འཇིགས་སྐྲགས་མ་བགྱིས་པར་དགོངས་པར་བསྡད་པས། དེ་ནུབ་རྫ་སྐྱ་སེང་གི་ཐོད་ལ་བསྐྱལ་གདའ། ནང་པར་དགོན་པར་ཡོང་སྟེ། བྲག་དཀར་གྱི་མདོར་སླེབས་ཙམ་ན། ཁྱེའུ་གཡུའི་ཟུར་ཕུད་ཅན་དང་བུ་མོ་དར་གྱི་ལའུ་ཅན་མང་པོས་བསུས་ནས། ཕྱག་དང་མཆོད་པར་བྱེད་ཅིང་མེ་ཏོག་འཐོར་བ་བྱུང༌། དེ་ལ་སྤྲོ་དགའ་མེད་པར་བསྡད་པས། གར་སོང་ཆ་མེད་དུ་ཐལ། ཡང་སྲོད་ལ་རྒྱ་འབག་ཆེན་པོ་ཞིག་བྱུང་ནས་ཁྱོད་ཟ་ཟེར་རོ། །དེ་ལ་ཡང་འཇིགས་སྐྲགས་མེད་པར་དགོངས་པ་ལ་གནས་སོ། །དེ་ནུབ་མདུན་གྱི་སྤང་རི་ཆེན་པོའི་རྩེ་ལ་བསྐྱལ། ནང་པར་གནས་སུ་ཡོང་ཙམ་ན། བོན་པོ་སྟག་སླག་ཅན་རྔ་བརྡུང་གཤང་འཁྲོལ་མང་པོས་བསུས་ཏེ་གར་སོང་ཆ་མེད་དུ་ཐལ་ལོ། །སྲོད་ལ་སྦལ་པ་ཆེན་པོ་ཞིག་སྤྲུལ་པ་སྣ་ཚོགས་སྟོན་ཞིང་བྱུང༌། ནུབ་མོ་གནས་ཀྱི་བྱང་རྒྱབ་ཏུ་བསྐྱལ། ནང་པར་ཚུར་ཡོང་ཙ་ན། བྲག་མི་ངོ་འདྲ་བ་ནས་ཆུ་དཀར་པོ་ལ། སེར་པོའི་ཟར་བུ་བྱས་པ་ཞིག་འཐིག་གདའ། ཟངས་གཞོང་བཟེད་པས་ནར་ནར་བྱུང་བས་ཁེངས་སོ། །སྲིན་ལག་གིས་བླངས་ཏེ། ལྕེ་ལ་བཞག་པས། རོ་མཆོག་ལྡན་ཏེ། བདུད་རྩིར་བསམ་ནས་ཐིབས་ཀྱིས་གསོལ། ཡང་ཉི་ར་ན་ཆུ་གཏོར་གཏོང་གིན་ཡོད་པས། ཟངས་གཞོང་ནམ་མཁར་འཕུར་ཚར་རྩ་ན་བབས་བྱུང༌། དེ་ཁར་ཐང་ཅིག་གཉིད་དུ་ཐལ་ཙ་ན།ག་ཤེད་ནས་སོར་རྡོ་རྡེག་པ་ཞིག་བྱུང་སྟེ། ཀླུ་རྩེགས་ཡིན་བསམ་ནས་ཙོག་གེར་བསྡད། མགོ་དང་མིག་བཅར་བྱས་པས། སུ་ཡང་མི་གདའ་འོ། །བར་སྣང་ན་ཚུར་ཤེལ་འོད་མང་པོ་ཡོང་གིན་གདའ། བྲག་ཁར་ཕྱིན་ནས་བལྟས་པས་སུ་ཡང་མི་གདའ། འོད་ཟེར་རྣམ་ལྔ་འཕྲོ་ཡིན་བདག་ལ་འདུ་བ་བྱུང༌། དེ་ནས་སྒྲ་ཆེན་པོ་གསུམ་བྱུང༌། དེའི་རྟིང་ནམ་མཁའ་ནས་བུད་མེད་དཀར་མོ་བཟང་སྡུག་དར་དཀར་གྱི་ལའུ་གོན་པ་བཞི། འབྲུག་ཁྱུང་སེང་གེ་སྟག་བཞི་ལ་ཞོན་པ་བབས་ནས། གཤེན་སྒུར་ཀླུ་དགའ། བོན་གྱི་དངོས་གྲུབ་བྱིན་ནམ། བསླབ་ན་སྒྲོག་ཤེས་སམ། བསྟན་ན་བསྒོམ་ནུས་སམ་ཟེར་ནས་བྱུང༌། བདག་གིས་བསླབ་ན་སྒྲོག་ཤེས་སོ། །བསྟན་ན་བསྒོམ་ནུས་སོ། །བོན་གྱི་དངོས་གྲུབ་སྩོལ་ཅིག་བྱས་ཏེ་ཕུགས་ནས་ཞོ་ཕུད་བླངས་ཏེ་མཆོད་པས། ཁྱེད་སྤྲུལ་པའི་སྐུ་ཡིན་པས། ཤེལ་གྱི་ཕུར་པ་སོར་བརྒྱད་པ་འདི་ཁྱེར་ལ། ལོ་སྐོར་གཅིག་ཏུ་གསོངས་ཤིག་གསུངས་ནས། ནམ་མཁའ་ལ་གཤེགས་ཐལ། བལྟས་པས་ཕུར་པ་ལ་བོན་ཐེག་པ་རིམ་དགུ་བྱ་བ། བོན་སྒོ་དྲུག་ཡོད་ཤེལ་གྱི་སྐྲས་རྡང་དགུ་བབས་པ་ན། སྡོང་པོ་ལ་ཆུན་གཅུས་པ་འདྲ་བ་ཞིག་ཡོད། དེའི་འོག་ཕ་ཝོང་གྲུ་བཞི། གཉའ་ན་མཚལ་གྱི་གཡུང་དྲུང་ཞིག་ཡོད་པ། གཤམ་ན་ཤེལ་གྱི་གཡུང་དྲུང་ལམ་མེར་ཡོད་བྱ་བ་གདའ། དེར་བལྟས་པས་དེ་ཀ་བཞིན་གདའ་སྟེ། ཕ་ཝོང་རློག་ཏུ་གཏུབ་བམ་མ་བལྟས་པར། བཏུབ་པར་འདུག་མནོས་ནས། དཔལ་སྒྲོན་བཏང་ནས་ཀླུ་རྩེགས་ལ་ཏོག་ཙེ་ཁྱེར་ལ་ཤོག་བྱས་པས། ཡང་དེ་ནུབ་ཕ་བོང་རློག་ཏུ་མ་བཏུབ། ཁ་བ་དང་རླུང་དམར་བྱུང་ནས་བཤོལ་ལོ། །དེ་ནུབ་རྨི་ལམ་དུ་ཀླུ་རྩེགས་ནི་གཟའ་མིག་དམར་གྱི་སྤྲུལ་པ་ཡིན་པས། བསྟན་པ་བཞག་པའི་གནས་མེད་པས་དེ་མ་འཁྲིད་པར་ཤོག་ཟེར་བའི་སྒྲ་བྱུང༌། ནང་པར་ཁོ་ལ་ངས་ཁྱོད་ལ་ཀུ་རེ་བྱས་པ་ཡིན། ང་ཀ་འདྲ་བས་བྲག་ལས་གཏེར་འོང་བ་ཅི་ཡོད། ཏོག་ཙེ་འདི་ཉི་ར་འཆོས་སུ་དགོས་པས་ཞོགས་བྱས་པས། ཀླུ་རྩེགས་ན་རེ། ཁྱོད་ལ་བོན་གཏེར་བས་ནས་གཏེར་ཞིག་དགོས་པ་འདུག་ཟེར་ནས་སོང་ངོ༌། །

          དེ་ནས་དགུན་ཟླ་འབྲིང་པོའི་ཚེས་ཉེར་བཞི། སྐར་མ་ཁྲའི་ཉིན་མོ། ཕ་བོང་གྲུ་བཞི་སློག་པའི་འོག་ནས། ཁམས་ས་སྔོན་པོ་ཞིག་བྱུང༌། དེའི་རྟིང་ནས་ཡང་ཕ་བོང་གྲུ་བཞི་ལ་མཚལ་དང་ཤེལ་གྱི་གཡུང་དྲུང་གཉིས་བྲིས་པ་ཞིག་གདའ་འོ། །དེ་བཏོན་པས། དེ་ན་སྒམ་ཆུང་གཉིས་གདའ། ཆེ་ཤོས་ན་རྒྱུ་འབྲས་གཉིས་ཀའི་བོན་མང་གདའ། ཞེས་དང༌། ཡང་ལུང་དེ་ལས། བོན་ཞུ་བ་ལ་སྔ་བ་མེ་ཉག་ན་གུས་རྒོད་མ་གཅིག་དང༌། སྤྱང་ཐུལ་གཅིག་ཕུལ་ནས། གཏོར་མ་དམར་པོའི་བོན་ཞིག་དགོས་ཟེར་ནས། ཁྲོ་བོ་དབང་ཆེན་ཞུས། དེ་ནས་ཞུ་གཡས་ལེགས་པོས། སྒོ་ཉལ་བཅུག་ནས་མང་བར་ཞུས་སོ། །དེ་ནས་ཅོག་ལྷ་གཡུ་སྐྱིད་བྱུང་ནས། གཏེར་ཐོན་ཟེར་བ་བདག་ལ་བསྟན་འཚལ་ཟེར། བསྟན་པས་སྔགས་བདོག་ཁམས་ཆེན་འདི་འབྲི་བར་ཞུ་ཟེར་རོ། །དེ་ང་རང་གིས་མ་བཞེངས་པར་བཏང་ན་མི་ཡོང་བྱས་པས། སློབ་དཔོན་ལ་བདག་གིས་བཞེངས་ལ་འབུལ། དེ་ནས་བདག་རང་འབྲི་ལགས་ཟེར། དེ་ཙམ་འགྲུབ་བམ་བྱས་པས། ཚེགས་མེད་ཟེར་ནས། བླ་འབུམ་བསེ་གླེག་ཅན་བཞེངས་ནས་བདག་ལ་ཕུལ། དེ་ནས་འབུམ་དམར་བྲིས་སོ། །ཞེས་པ་རྣམས་གཤེན་སྒུར་ཉིད་ཀྱིས་གསུངས་པས་ཐེ་ཚོམ་མི་ཟའོ། །ཞེས་དར་རྒྱས་གསལ་སྒྲོན་ལས་སོ། །

          ཡང་སྤ་གྲོ་ནས་ཁུ་ཚ་ཟླ་འོད་ཀྱིས་གཏེར་བཞེས་པའི་བོན་སྡེ་དང༌། དྭང་རའི་རྨ་སྟོན་སྲིད་འཛིན་དང་གྱེར་མི་ཉི་འོད། ཟང་ཟང་ལྷ་བྲག་ནས་དབྱིལ་སྟོན་ཁྱུང་རྒོད་རྩལ། ཟར་གྱི་སྟག་སྣ་ནས་སྤྲུལ་སྐུ་ཁྲོ་ཚང་འབྲུག་ལྷ་དང༌། ལྷོ་བྲག་ནས་གཞོད་སྟོན། བསམ་ཡས་ནས་ཨ་ཙ་ར་མི་གསུམ་སོགས་ཀྱི་ལོ་རྒྱུས་ཞིབ་པར་མངའ་འོ། །འདི་རྣམས་ཀྱང་ཁུངས་ལྡན་དྲི་མ་མེད་པའི་རྣམ་ཐར་འདི་བཞིན་འཆད་རྒྱུ་ཡོད་པ་ཡིན་ནོ། ། མུ་འགོད།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.