ཧི་བོན་ཟིན་བྲིས།

             གཏོ་ཡི་བཀའ་སྒྲོམ།

སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་པ།
    སྒྲིག་འཇུག...
དཔྱད་གཏམ་གསར་པ།
    སྒྲིག་འཇུག...
ཆེམས་གསར་པ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འབེལ་གཏམ་ལུང་གི་སྙིང་པོ།་དུམ་བུ་བཅུ་པ། | 2016/1/19 10:19:00

༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག

ཁྲི་ཐོག་རྗེ་བཙན་གྱི་དུས་སུ་བསྟན་པ་དར་བ།

          བསྒྲགས་པ་རིན་ཆེན་གླིང་གྲགས་ལས། རྒྱ་ཝེར་ལི་ལོད་བཙན་གྱི་དཔོན་གསས་ནི་སྟོང་སྒྲ་ཀུན་འདུལ། ལྷ་བོན་ཅོའུ་འོད་དཀར། ༼རྒྱལ་པོ་འདིའི་མཚན་བྲིས་ནོར་ཡིན་པ་འདྲ༽ ཁྲི་ཐོག་རྗེ་ཐོག་བཙན་གྱི་རིང་ལ། དཔོན་གསས་ལྗང་ཚ་འཕན་སྣང༌། ལྷ་བོན་ཐ་ཚ་ཁོག་འཕར་དེའི་དུས་ན་རྒྱལ་ཁྲི་རྗེ་ཐོག་བཙན་གྱི་ཞལ་ནས། གཤེན་རབས་བླ་མ་རྣམས་ཀྱང་དགོངས་ཤིག །སྐུ་གཤེན་རྣམས་ཀྱང་དགོངས་ཤིག །བོད་འབངས་ཀུན་ཀྱང་སོམས་ཤིག །བླ་ཡི་རྒྱལ་སྲིད་བོན་གྱིས་འཚོ་བའི་དུས་འདིར་བོན་གཉན་པས་བླ་ན་ཆེ། རྗེ་གོང་ན་བཙུན། འབངས་འོག་ན་སྐྱིད་པས་སྟོན་པ་ཀུན་འདུས་ཤིག་བཀའ་བྱུང་ངོ༌། །རྒྱལ་པོའི་བཀའ་བྱུང་བས་བོན་གཤེན་རྒྱལ་བློན་རྣམས་འདུས་སོ། །རྗེས་བློན་བོན་གཤེན་ལ་བསྩལ་པ། ཀྱཻ་སྐྱེས་བུ་ཆེན་པོ་ལྔ་བརྒྱ་དྲན། རིག་འཛིན་ས་ལ་གནས་པས་ཚེའི་དངོས་འགྲུབ་ཐོབ། སྐུ་ལ་འདས་གྲོང་མི་མངའ་ཁྲི་ཐུབ་བསྟན་པ་མཛད། མངོན་ཤེས་རྩལ་རྫོགས་འདི་ཕྱི་ཀུན་ཀ་མཁྱེན། སྟག་གཟིག་ཞང་ཞུང་ཡུལ་ན་གསང་བའི་བོན། རྫུ་འཕྲུལ་སྟོབས་ཀྱིས་གང་ཡོད་མཁྱེན། ཚེགས་ཆུང་དོན་ཆེན་བསླབ་པ་སླ། བསྒྲུབ་ཐག་ཉེ་བའི་བོན་ཞིག་བཙལ་བར་ཞུ། བོད་འབངས་ཀུན་གྱིས་གསེར་ཁྲོལ་བུ་སྐུར་ཅིག་གསུངས། དུས་དེར་བོད་འབངས་ཀུན་གྱིས་གསེར་བསྡུས་ནས། བླ་ཆེན་པོ་ལ་བརྫངས་སོ། །བླ་ཆེན་པོས་རྫུ་འཕྲུལ་སྟོབས་ཀྱིས་སྟག་གཟིག་ཡུལ་དུ་བྱོན་ཨ་རུ་ར་དང༌། ཛ་ཏི་སྨན་གྱི་ཚལ་གྱི་ཕ་ལོག་ན། གཡུང་དྲུང་འོད་མའི་གླིང་གི་ཤར་ཕྱོགས་ན། དཔོན་གསས་གཡུང་དྲུང་རྒོད་འབར་ལས། དུག་ལྔ་རང་གྲོལ་གསང་སྔགས་ཀྱི་བོན། གསང་བ་ཆིག་ཆོད་རྫོགས་ཆེན་གྱི་བོན། མཉམ་པ་གཉིས་མེད་སེམས་ཕྱོགས་ཀྱི་བོན། ཐར་པ་ཆིག་གྲོལ་ཚེ་འདས་ཀྱི་བོན། དེ་ལྟར་བོན་སྒོ་གདན་དྲངས་ནས། གེ་ཁོད་ཐིས་ཀྱི་སྐོར་ཡང་གདན་དྲངས། བསྟན་པ་རྒྱས་པ་ལགས་སོ། །ཞེས་དང༌། དར་རྒྱས་གསལ་སྒྲོན་ལས། ཁྲི་ཐོག་རྗེ་བཙན་དང༌། རུ་ཡང་ཟ་སྟེང་རྒྱལ་ནམ་མཚོའི་སྲས། ཐོ་ཐོ་རི་སྙན་བཙན། དེའི་རིང་ལ་བསྟན་པ་ ༼མཆན། ཕྲན་བུ༽ གནམ་བབས་སུ་བྱུང་ཞེས་བྱམས་མ་ནས་གསུངས་པ་ལ། ཟ་མ་ཏོག་བཀོད་པ་དང༌། པང་ཀོང་ཕྱག་རྒྱ་པ་དང༌། གསེར་གྱི་མཆོད་རྟེན་ཞིག་བྱུང་སྟེ། ཆོས་སུ་ངོ་མ་ཤེས་པར་གཉན་པོ་གསང་བར་བཏགས་སོ། །རྒྱལ་པོ་དེའི་སྐུ་བསྲུང་ཡང་གཅོ་ཡི་བོན་པོ་གཡང་སྐྱེས། མཚོའི་བོན་པོ་འདུལ་སྲོང་དང༌། འབྲིའི་བོན་པོ་ཤོད་དྲི་གསུམ་གྱིས་སྐུ་བསྲུངས་ཤིང༌། ཚེ་བསྒྲུབས་མཛད་པས། ལྷ་ཐོ་ཐོ་ཡང་མུར་འགྲམ་སེ་བོར་སོང་བ་དེ། གཞོན་ནུ་ཁྱེའུ་ཞིག་ཏུ་སོང་བས་དད་པ་སྐྱེས་ཏེ་གསེར་གྱི་བུམ་པ་ཕུལ་ལོ། །

          ཏོ་རོ་ལོ་བཙན་མན་གྱི་ལྔ་པོ་དེ་ལ། བར་གྱི་བཙན་ལྔ་ཟེར་རོ། །རྒྱལ་རབས་གསལ་བའི་མེ་ལོང་ལས། ཁྲི་དེ་ཐོག་བཙན་གྱི་སྲས། ལྷ་ཐོ་ཐོ་སྙན་ཤལ་ཞེས་བྱ་བ། སོགས་ནས། གཞོན་ཤ་ཅན་དུ་གྱུར་ནས། དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ་སྟེ། སྐུ་ལུས་གཅིག་ལ་སྐུ་ཚེ་གཉིས་ཐུབ་ཅེས་གྲགས་སོ། །རྒྱལ་པོ་དེས་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་ནོ། །ཞེས་དང༌། རྒྱལ་པོ་འདི་ཚེ་རིང་བའི་རྒྱུ་བོན་པོའི་གཤེན་པོ་གསུམ་གྱིས་ཚེ་བསྒྲུབས་བྱས་པའི་ཡོན་ཏན་ཡིན་ཟེར། ཆོས་པས་གཉན་པོ་གསང་བར་མཆོད་པ་བྱས་པའི་ཕན་ཡོན་ཡིན་ཟེར། རྒྱུ་མཚན་འདི་ལྟ་བུས་རྒྱལ་རབས་ཀྱི་སྐོར་ལ་འཐད་མིན་ཇི་སྙེད་བཤད་པ་བྱུང་ངོ༌། །

          མདོར་ན་རྒྱལ་པོས་གཉན་པོ་གསང་བར་མཆོད་པ་ཡང་ཕུལ། བོན་གཤེན་རྣམས་ཀྱིས་ཚེ་བསྒྲུབས་ཀྱང་བྱས་པས་གཉིས་ཀའི་ནུས་པས་རྒྱལ་པོ་ཚེ་རིང་བར་བྱུང་ཞེས་ལབ་ན་སྐྱོན་ཅི་འདུག །འདི་ཙམ་ལའང་ཕྱོགས་སུ་ལྷུང་བའི་ངན་རྟོག་གིས་བཅིངས་པའི་སྐྱོན་གྱིས་རང་གི་གནའ་བོའི་ལོ་རྒྱུས་ཀྱི་སྐོར་སྤྱི་དང་ཁྱད་པར་རྒྱལ་པོ་ཆེན་པོ་གོང་མའི་མཛད་པ་བཟང་པོའི་བྱས་རྗེས་ཅན་རྣམས་ལ་ཆོས་ཞེས་པ་དང༌། རྒྱ་གར་རྒྱ་ནག་སོག་པོ་སོགས་ཀྱི་ལམ་ལུགས་ཀྱིས་མ་བསླད་པར་བོད་ཀྱི་ལམ་ལུགས་གཙང་མའི་གོམས་གཤིས་ཅན་ཡིན་པ་དེ་དག་ཐམས་ཅད་ལ། ངན་མཚང་དུ་བལྟས་པས་རིམ་བཞིན་བསྐྱུར་ནས་བརྗེད། ད་ལྟ་དངོས་འབྲེལ་གྱི་བོད་ལུགས་ལོ་རྒྱུས་ཁུངས་མ་འཆད་པའི་ཚེ་ཕྱི་ཡི་མིས་ཇི་ལྟར་ལབ་པ་ལ་ཚད་ཐུབ་ཏུ་བྱེད་དགོས་པར་བྱུང་བ་འདིའི་རིགས་ལ་སེམས་ཕམ། ཡིད་སྐྱོ་ངོ་ཚ་བའི་གནས་སུ་མཐོང་ངོ༌། །དར་རྒྱས་གསལ་སྒྲོན་ལས། རྗེ་༼ཐོ་ཐོ་རི་སྙན་བཙན༽དེ་གུར་སྨན་བཞེས་པ་ལ་སྲས་མེད། ཆུན་མ་སྣོ་ཟ་མང་སོ་རྗེའི་སྲས་ཁྲི་གཉན་གཟུང་བཙན། ཁུའི་བོན་པོ་མང་སྒྲ་ལེགས་པས་སྐུ་བསྲུངས། ༼རྗེ་འདིའི་བང་སོ་རང་ཡུལ་ཕྱིང་ལུང་དར་ཐང་དུ་བརྩེགས་པ། ས་ཕུང་སྦྲ་འདྲ་བ་ཡོད།༽ ཁྲི་གཉན་གཟུང་བཙན་དང༌། འདིའི་བང་སོ་དོན་འཁོར་མདའ་རུ་ས་ཕུང་ལྟ་བུ་ཡོད། འབྲོང་ཟ་ངར་མ་གཡང་བཞེར་གྱི་སྲས་འབྲོང་སྙན་ལྡེ་རུ། ཁུའི་བོན་པོ་མང་རྗེ་ལོད་པོས་སྐུ་བསྲུངས། འབྲོང་སྙན་དང་མཆིམ་ཟ་ཀླུ་རྒྱལ་ངན་ན་མཆེ་ལ་སྲས་དམུ་ལོང་ཞིག་བྱུང་བ་ལ། ཁུ་བོན་མང་རྗེ་ལོད་པོས་སྤྱན་བསྒྲུབ་པས། ཕ་རི་ལ་བརྙན་༼གཉན་༽ འདུག་པ་གཟིགས་པས། མཚན་སྟག་རི་བརྙན་༼གཉན༽ གཟིགས་སུ་བཏགས། འབྲོང་སྙན་ལྡེ་རུ་ལ་མཛེ་ནད་བྱུང་ནས་གསོན་པོར་བཞུགས་པ་ཐུགས་མ་དགྱེས་ཏེ། རྒྱལ་པོ་དང་བཙུན་མོ་གཉིས་ལྷན་དུ་བང་སོའི་ནང་དུ་ཞུགས་ནས་སྦས་སོ། །སྦ་ཁར་སྲས་ལ་ཞལ་ཆེམས་སུ། ཡབ་མེས་ཀྱི་ཐུགས་དམ་གཉན་པོ་གསང་བ་ལ་མཆོད་པ་གྱིས། འ་ཞའི་ཡུལ་ནས་སྨན་པ་བོས་ལ་སྤྱན་ཕྱེས། རྒྱལ་སྲིད་ཟུངས་ཤིག་གསུངས། བང་སོ་ཞང་མདར་བརྩེགས་ནས་དེའི་མིང་ལ་གསོན་ཆས་ཟླུམ་པོར་གྲགས་སོ། །

 

སྟག་རི་གཉན་གཟིགས་ཀྱིས་རྒྱལ་ཕྲན་བཅུ་གཉིས་

མངའ་རིས་སུ་བསྡུས་ཚུལ།

          དར་རྒྱས་གསལ་སྒྲོན་ལས། ཆབ་སྲིད་དབུ་བརྙེས་ཏེ། རྒྱལ་ཕྲན་བཅུ་གཉིས་མངའ་རིས་སུ་བསྡུས་པས། ལྷོ་བྲག་གི་རྒྱལ་པོ་བང་བ་རྗེ་མ་འདུས་པར་དམག་དང་ཆས་ཏེ་གཤེགས་པས། བང་བ་རྗེས་སླར་རྒྱལ་སྟག་གུ་གཉན་གཟིགས་བཙོན་དུ་བཟུང་ནས། ཁྲི་མུན་དོང་དུ་བསྐྱུར་ཏེ་བོད་འབངས་ཕམ། དེའི་དུས་རྗེའི་བླ་བོན་དུ་ར་སངས་ཀྱི་བོན་པོ་ཁྲི་ནེ་ཁོད་བྱ་བ། མཐུ་ཆེ་ལ་རྩལ་དྲག་པ་ཞིག་ཡོད་པས། ཤེལ་གྱི་བྱ་རྒོད་དུ་སྤྲུལ་ནས་བྱོན་ཏེ། ཐུགས་རྗེས་བཙོན་བསྲུང་དང༌། ཕྱི་འཁོར་ནང་འཁོར་ཀུན་བརྒྱལ་ལོ། །རྒྱལ་བུ་བཀྱིགས་པའི་ལྕགས་ཐག་སྔོན་པོ། གཤོག་པ་འཚམས་རིང་གིས་བཅད་ནས། སྟག་རི་གཉན་གཟིགས་བཙོན་དོང་ནས་བཏོན། བང་བ་རྗེས་ཞབས་འོག་ཏུ་འཛུལ་ལོ། །བོན་ལ་གཙིགས་སུ་གཤེན་པོ་ཁྲི་ནེ་རྒྱལ་ཐབས་སུ་ཕྱུང་སྟེ། རྒྱལ་གོང་ན་བོན་གཉན་པ་ཡང་དེ་ལགས་སོ། །བླ་མ་འདི་ནི་ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་ཡིན་ཏེ། གུ་རིབ་དཔལ་བཟང་གི་སློབ་མ་ཡིན་ལ། བླ་མ་དཔལ་བཟང་དེས་ར་སངས་ཁྲི་ནེ་ཁོད་ལ་གདམས་ངག་གསུངས་པ། མཁས་པར་བློ་སྦྱོང༌། བཙུན་པར་ཁྲིམས་ནོས་བྱ་བ་ཡིན་གསུངས་ནས། རྒྱུ་འབྲས་ཀྱི་བོན་ཐམས་ཅད་གནང་ངོ༌། །གདམས་ངག་ཐོབ་ནས་སྣང་བ་ལ་མ་ཆགས་པར། མ་མོ་བུ་ལ་དྲི་ལོག་པ་འདྲ་བ་ཞིག་མ་བྱུང་ན། བོན་ཆུད་གསོན་པས་རེམས་ལ་འབོད་ཅིག་གསུངས། དེས་ལྷོ་གཅན་རོང་གི་རི་ལ་སྟག་མི་གཟན་བཅིབས་ནས་བྱོན་པ་དང༌། ཆབ་ལ་གྲུ་མེད་པར་བྱོན་པའམ། གྲུབ་རྟགས་མང་དུ་མངའ་བ་ལགས་སོ། །བླ་མ་དེའི་སློབ་མ་སུམ་པའི་བོན་པོ་ཨ་བ་སྡོང་དང༌། རྒྱ་ནག་གི་བོན་པོ་གསལ་བ་འོད་ཆེན་སོགས་ལ་བོན་གནང་ནས་ཁོང་རྣམས་ཀྱིས་རང་རང་གི་ཡུལ་དུ་སྤེལ་ལོ། །ཞེས་ཞང་ཞུང་སྙན་རྒྱུད་ཀྱི་རྒྱས་བཤད་ལས་སོ། །བླ་མ་འདིས་མཛད་པའི་བོན་ཡང་སྲིད་པའི་སྤྱི་སྐོང་སྣང་སྲིད་སྤྱི་མདོས་ཞེས་པ་སོགས་ཀྱི་བསྟན་བཅོས་མཛད། དར་རྒྱས་གསལ་སྒྲོན་ལས། རྒྱལ་པོ་སྟག་རི་བརྙན་གཟིགས་དང་འོ་མ་རྒོད་ཟ་སྟོང་བཙུན་འགྲོ་སྐར་གྱི་སྲས། གནམ་ཁྲི་སྲོང་བཙན། གཅོའི་བོན་པོ་ཁྲི་ཁྱུང་གྲགས་པས་སྐུ་བསྲུངས་སོ། །རྒྱལ་པོ་དེ་བཞིའི་རིང་ལ་བྱམས་མ་ལས་ངོ་མཚར་བཀའ་ཡི་བོན་རྣམས་དར་ཏེ། རྒྱས་པ་འབུམ། འདུལ་བ་རྒྱུད་དྲུག་མངོན་པ་སྡེ་བཞི། མཚན་ཉིད་སྡེ་ལྔ། དེ་དག་ལ་མཁས་པའི་གཤེན་ཆེན་གྲངས་མེད་ཀྱང་བྱུང་ངོ༌། །བློན་པོ་ཡང་དམུ་སྡེ་ལོང་བས་བྱས་སོ། །དེ་ལྟར་རྗེ་གཉའ་ཁྲི་བཙན་པོ་མན་ཆད་ནས། གནམ་ཁྲི་སྲོང་བཙན་ཡན་ཆད་དུ། རྒྱལ་རབས་སུམ་ཅུ་རྩ་གསུམ་ལ། ཆབ་སྲིད་འཛིན་པའི་རྒྱལ་པོ་རེ། འདྲེན་པའི་སྐུ་གཤེན་རེ། སྐད་བསྒྱུར་གྱི་ལོ་པན་རེ། བྱས་ཐབས་ཀྱི་གསས་ཁང་རེ་རེ་བཞག་ཅེས་པ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས་གསུངས་སོ། །ཞེས་དང༌། བསྒྲགས་བྱང་ལས། དེ་ཡན་ཆད་དུ་བོད་འདི་ན་བོན་མིན་པ་མེད་ལ། དེ་སྤྱད་པའི་ཡོན་ཏན་གྱིས་རྗེ་བླ་ན་མངའ་ཐང་མཐོ། འབངས་འོག་ན་བདེ་སྐྱིད་ལྡན། ཅེས་པས་དེ་ལ་བསྟན་པ་བར་དར་ཞེས་བྱའོ། །ཞེས་དང༌། རྒྱལ་རབས་གསལ་བའི་མེ་ལོང་ལས། དེའི་སྲས་འབྲོང་སྙན་ལྡེ་རུ། རྒྱལ་པོ་དེས་དག་པོའི་ཡུལ་ནས་མཆིམས་ཟ་ཀླུ་རྒྱལ་བྱ་བའི་བཙུན་མོ་ཞིག་བླངས་པ་ལ། ༼ཀླུ་མོ་ཡིན༽ སྲས་དམུས་ལོང་ཞིག་འཁྲུངས་པས། མིང་ཡང་དམུས་ལོང་ཀོན་པ་བཀྲ་ཞེས་གྲགས་སོ། །མཆིམས་ཟ་ཀླུ་རྒྱལ་དེ་དང་པོ་ཤིན་ཏུ་མཚར་བ་ཞིག་ཡོད་པ་ལ། རྟིང་དུ་སྔོ་ལ་རིད་པ་བྱུང་བས། རྒྱལ་པོའི་ཞལ་ནས་ཁྱེད་དང་པོ་ཤིན་ཏུ་མཚར་བ་ཞིག་ཡོད་པ་ལ། ན་བ་ནི་མིན། འདི་འདྲ་བ་ཡོད་པ་ཅི་ཡིན་གསུངས་པས། ང་རང་གི་ཡུལ་ན་ཟས་ཞིག་ཡོད་པ་དེ་འདི་རུ་མེད་པས་ལེན་པ་འདྲ་ཟེར། རྒྱལ་པོའི་ཞལ་ནས་འོ་ན་ཟས་དེ་ཅིས་ཀྱང་ལོངས་ལ་ཟོ་གསུངས། དེར་གཡོག་མོ་དམ་པ་ཞིག་ཟས་དེ་ལེན་པར་བཏང་བས། དེར་མོས་སྦལ་པའི་རོ་མང་པོ་མར་གྱིས་བཙོས་ཏེ། ཁལ་མང་པོ་བླངས་བྱུང་བས། དེ་རྣམས་མཛོད་དུ་སྦས། མིས་མ་མཐོང་བར་བྱས་ཤིང་ལྐོག་ཏུ་ཟོས་པས། ཤ་བཀྲག་སྔར་བཞིན་འོད་དང་ལྡན་པ་བྱུང་བ་དང༌། རྒྱལ་པོའི་ཐུགས་ལ། ཟས་དེ་ཡོན་ཏན་ཅན་ཞིག་འདུག་པ་ལ་ངས་ཀྱང་ཟ་དགོས་བསམ་སྟེ། བཙུན་མོ་མེད་པའི་ཤུལ་དུ། ལྡེ་ཚབས་ཀྱིས་སྒོ་ཕྱེས་ནས། ནང་དུ་བྱོན་པ་དང་མཛོད་ནང་ན། སྦལ་པའི་རོ་མང་པོ་མར་གྱིས་བཙོས་པའི་རྐྱལ་པ་མང་པོ་གཟིགས་པས། རྣམ་རྟོག་སྐྱེས་ནས་རྒྱལ་པོ་ལ་མཛེ་བྱུང་ངོ༌། །

          དེ་ནས་ཡང་རྒྱལ་པོ་ཡབ་ཡུམ་གཉིས་ཀ་གསོན་པོ་བང་སོར་བཞུགས་ནས། སྲས་ལ་ཞལ་ཆེམས་བཞག་པ་ནི། ཡབ་མེས་ཀྱི་ཐུགས་དམ་གཉན་པོ་གསང་བ་ལ་མཆོད་པ་གྱིས། འ་ཞའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱེས་ལ་རྒྱལ་ས་ཟུངས་ཤིག་གསུངས་སོ། །འབྲོང་སྙན་ལྡེ་རུའི་བང་སོ་ཞང་མདར་བརྩེགས། བང་སོའི་མིང་ཡང་གསོན་ཆད་ཟླུམ་པོར་གྲགས་ཅེས་སོ། །དེ་ནས་དམུ་ལོང་ཀོན་པ་བཀྲས་གཉན་པོ་གསང་བ་ལ་མཆོད་པ་ཕུལ་ཞིང་མོས་གུས་བྱས། སྨན་པ་བོས་ནས་མིག་ཕྱེས་པས་སྐྱིད་ཤོད་སྟག་གི་རི་ལ་གཉན་འགྲོ་བ་གཟིགས་པས་ན། མཚན་ཡང་སྟག་རི་གཉན་གཟིགས་ཞེས་ཀྱང་གྲགས་སོ། །སྟག་རི་གཉན་གཟིགས་ལོ་བཞི་བཅུ་ལོན་དུས་འདས། དེའི་བང་སོ་དོན་མཁར་མདའ་རུ་བརྩེགས། གྲལ་ནི་ཁྲི་བརྙན་གཟུངས་བཙན་གཡོན་ན་ཡོད། དེ་ཡང་འཕུལ་མེད་ས་ཕུང་བདལ་བ་འདྲ། སྟག་རི་གཉན་གཟིགས་ཀྱི་སྲས་གནམ་རི་སྲོང་བཙན་ཡིན་ལ། རྒྱལ་པོ་འདིའི་དུས་སུ། རྒྱ་ནག་ནས་སྨན་དང་རྩིས་བྱུང༌། རྒྱ་དང་གྲུ་གུ་བཏུལ། བྱང་ནས་ཚྭ་རྙེད། སྐུ་མཁར་ཁྲི་བརྩེགས་འབུམ་གདུགས་བྱ་བ་བརྩེགས། ཆབ་སྲིད་ལོ་དྲུག་ཅུ་བཟུང་ནས་འདས་སོ། །དེའི་བང་སོ་དོན་མཁར་མདའ་རུ་བརྩེགས། གྲལ་ནི་གཉའ་ཁྲི་གཟུངས་བཙན་གཡས་ན་ཡོད། དེ་ཡང་འཕུལ་མེད་བརྩེགས་པ་སོག་ཁར་ཡོད། མིང་ཡང་བང་རི་སོག་ཁང་ལགས་སོ་སྐད། ཅེས་སོ། །ཞེས་གསུངས། རྒྱལ་པོ་གནམ་རི་སྲོང་བཙན་གྱིས་རྒྱ་དང་གྲུ་གུ་བཏུལ་ཞེས་བཤད་པས། ཤིན་ཅང་གི་ཡུལ་བོད་ཀྱིས་ལོ་བརྒྱ་ཕྲག་བར་བཟུང་བར་བཤད་པས། འགོ་དེའི་དུས་ནས་བཙུགས་པར་མངོན། རྒྱ་ནག་ནས་རྩིས་དང་སྨན་བྱུང་ཞེས་བཤད་པ་འདི་རྣམས་དང༌། ཕྱི་ཡི་ཡུལ་བཏུལ་ཚུལ་འདི་རྣམས་ལ་བདེན་སེམས་བྱས་ན་སྲོང་བཙན་ཡན་ཆད་དུ་བོད་ཡིག་མེད་པར་མཐའ་གཅིག་ཏུ་འདོད་མཁན་ཚོས་འདིར་ཅི་སྨྲ་སེམས་ཤིག

          འདིར་བཤད་པའི་རྒྱལ་རབས་ཀྱི་ཁུངས་བཅོལ་ས་གཅིག་ཏུན་ཧུང་ནས་རྙེད་པའི་ཡིག་ཚལ་རྣམས་ཡིན་ཞིང༌། དེ་ཡང་ཡིག་ཆ་དེར་གང་འཁོད་ཚད་ཁུངས་བདེན་ཡིན་ཞེས་ལབ་དཀའ་ཡང༌། ཕལ་ཆེར་ལ་རང་གཞན་གྱི་མཁས་པ་བོད་ཀྱི་རྒྱལ་རབས་སྨྲ་བ་མང་ཆེ་བས་བློ་བཅོལ་ས་བྱེད་འདུག་པས། ངོས་ནས་ཀྱང་གོང་གི་ཡིག་ཆ་དེ་དང༌། གཞན་པའི་ཚད་ཐུབ་ཀྱི་ཁུངས་མང་པོ་ལ་གཏུགས་ནས་འདི་བཀོད་པ་ཡིན། དེའི་ཁོངས་ནས་སྲོང་བཙན་གྱི་ཁྲི་ལོ་དྲུག་མང་བློན་མང་བཙན་གྱི་ཁྲི་ལོ་ཉེར་གསུམ། འདུས་སྲོང་གི་ཁྲི་ལོ་ཉེར་དགུ། ཁྲི་ལྡེ་གཙུག་བཙན་གྱི་ཁྲི་ལོ་ཞེ་བཞིའི་བར་གྱི་བྱུང་རབས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་པར་བཀོད་ནས་བཤད་ཟིན་འདུག་པས། འདིར་དེ་རྣམས་བསྐྱར་བཤད་བཞག་པ་ཡིན། །

 

སྲོང་བཙན་སྒམ་པོའི་སྐོར།

          དར་རྒྱས་གསལ་སྒྲོན་ལས། གནམ་ཁྲི་སྲོང་བཙན་དང་ཚེ་སྤུངས་ཟ་འགྲི་མི་ཐོད་དཀར་གྱི་སྲས། རྒྱལ་པོ་སྲོང་བཙན་སྒམ་པོའི་རིང་ལ། རྒྱ་དཀར་ནས་ཆོས་མེ་སྟག་ཙམ་ཞིག་བྱུང༌། ཞེས་དང༌། བཙུན་མོ་ཡང་བྱམས་མ་སྐྱོན་སྐྱོབས་ལས། ཞང་ཞུང་གི་ཡུལ་ནས་ཞང་ཞུང་ཟ་ལིགས་ཏིག་སྨན་ཞེས་པ་བླངས་པས་ཞང་ཞུང་གི་ལྷ་གཤེན་རབ་བསྟན་པའི་གཙོ་བོ་རྒུང་ལོ་བརྒྱད་པའི་སྐུ་ཚད་གདན་དྲངས་ནས་ཐེམས་ཆེན་ལྷ་ཁང་བཞེངས་སོ། །བལ་ཡུལ་ནས་བལ་ཟ་ཁྲི་བཙུན་བླངས་པས། བལ་པོའི་ལྷ་དངུལ་གྱི་བྱམས་པ་འཁོར་ལོར་གདན་དྲངས་པས་ར་ས་ལྷ་ཁང་བཞེངས་སོ། །རྒྱ་ཡུལ་ནས་རྒྱ་ཟ་ཀོང་ཅོ་བླངས་པས། རྒྱ་ནག་གི་ལྷ་གསེར་གྱི་ཐུབ་པ་རྒུང་ལོ་བརྒྱད་པའི་སྐུ་ཚད་གདན་དྲངས་པས་ར་མོ་ཆེའི་ལྷ་ཁང་བཞེངས་སོ། །རྒྱ་དཀར་ནས་དགེ་སློང་ཤི་ལ་མ་ཏིས་རྒྱ་དཀར་གྱི་ལྷ་ཙན་དན་གྱི་སྐུ་རང་བྱུང་ལྔ་ལྡན་གདན་དྲངས་ཞེས་དང༌། དར་རྒྱས་གསལ་སྒྲོན་ལས། སྤྲུལ་པའི་དགེ་སློང་ལ་ཀ་ཤི་ལ་མ་ཏི་བྱ་བ་མཆོད་གནས་སུ་བཏེགས། དམ་པའི་ཆོས་སྤྱོད་པར་དགོངས་པ་ལ། འཇིག་རྟེན་གྱི་ལྷ་ཀླུ་ཁྲོས་ནས། ལྷ་སའི་མཁར་བུ་ཐོག་གི་བཤིགས། མི་མང་པོ་ཡང་ཐོག་གིས་བསད་དོ། །ནད་མུག་ལོ་བརྒྱུད་མར་བྱུང༌། རྒྱལ་པོ་ཡང་སྐུ་ཚེ་ཐུང་སྟེ་སུམ་ཅུ་རྩ་དྲུག་པ་ལ་དགུང་དུ་གཤེགས་སོ། །བློན་པོ་དར་མ་སྤྲེལ་མགོ་ན་རེ། ཆོས་འདི་བཀྲ་མི་ཤིས་པ་ཞིག་བྱུང་ཟེར་ནས་བསྣུབས་སོ། །དེའི་དུས་སུ་རྗེའི་བླ་བོན་དུ། གཅོ་བོན་གནམ་ལ་སྐྱེ་དང༌། སུམ་བོན་རྒྱལ་བ་དབང་གིས་སྲུང་མ་མཆོད་པས་ནད་མུག་གི་བསྐལ་པ་ཆད་དོ། །སྲོང་བཙན་སྒམ་པོ་དང་འགྲོ་ཁྲི་མ་འབྲེང་རིང་གི་སྲས་གུང་སྲོང་གུང་བཙན། དེ་དང་འ་ཞ་བཟའ་ཚོ་ཇོ་མོ་རྗེ་ཁྲི་དཀར་རིང་ཤགས་ཀྱི་སྲས་མང་སྲོང་མང་བཙན། དེ་དང་འགྲོ་ཟ་ཁྲི་སེ་ཁྲི་མ་ལོད་ཀྱི་སྲས། རླུང་སྲོང་འཕྲུལ་རྒྱལ། དེ་དང་མཆིམས་ཟ་བཙན་མོ་ཏོག་གི་སྲས། ཁྲི་རྗེ་གཙུག་བརྟན། རྒྱལ་དེ་བཞིའི་རིང་ལ་བོན་ཆོས་ལྷན་མར་སྤྱོད་དོ། །ཁྲི་རྗེ་གཙུག་བརྟན་དང༌། འཇང་མོ་ཞིང་བཙན་གྱི་སྲས། འཇང་ཚ་ཨོན། དེ་ལ་རྒྱལ་རྗེ་ལི་ཞེར་ལིང་གི་སྲས་མོ་ཀོང་ཇོ་བླངས་པས། འཇང་ཚ་བཀྲོང༌། མེས་པོ་ཁྲི་ལྡེ་གཙུག་བརྟན་གྱིས་བཀབ་པས། ཁྲི་སྲོང་ལྡེ་བཙན་འཁྲུངས། ། མུ་འགོད།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.