ཧི་བོན་ཟིན་བྲིས།

             གཏོ་ཡི་བཀའ་སྒྲོམ།

སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་པ།
    སྒྲིག་འཇུག...
དཔྱད་གཏམ་གསར་པ།
    སྒྲིག་འཇུག...
ཆེམས་གསར་པ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་དགུ་པ། ༼ཁ༽ | 2016/1/18 12:38:00

སྤུ་སྡེའི་སྲས་བརྒྱུད་ས་ལ་ལེགས་དྲུག་གི་སྐོར།

          སྤུ་ལྡེ་དང་བུམ་ཐང་སྨན་མཚོའི་སྲས། ཨ་ཤོ་ལེགས། དེ་དང་དམུ་ལྕམ་ལ་ནའི་སྲས་དེ་ཤོ་ལེགས། དེ་དང་ཀླུ་སྨན་མེར་མོའི་སྲས་ཐེ་ཤོ་ལེགས། དེ་དང་བཙན་མོ་གུར་སྨན་གྱི་སྲས་གུ་རུ་ལེགས། དེ་དང་མཚོ་སྨན་འབྲོང་མོའི་སྲས། འབྲོང་བཞེར་ལེགས། དེ་དང་ས་སྨན་བུ་མོའི་སྲས་ཤོ་ལེགས། དེ་ལྟར་ས་ལ་ལེགས་དྲུག་གི་རིང་ལ་ཞང་ཞུང་གི་མཁས་པ་ཉི་ཤུས་སྐུ་བསྲུང༌། བོན་ཡང་ཕ་རྒྱུད་ལུང་ཆེན། ལྟ་བ་རྫོགས་ཆེན་བྱང་སེམས་ཐེག་ཆེན། གསས་མཁར་རྒྱུད་ཆེན། ཀུན་གསལ་བྱམས་ཆེན། འབུམ་ཁོག་དབང་ཆེན། རྩེ་འདུས་ཁོག་ཆེན། སྡེ་ལྔ་མདོ་ཆེན། གསང་ཆེན་དབལ་ལུང༌། རྒྱས་ལྔ་འབུམ་ཆེན། སྡེ་བཞི་གཟུང་ཆེན་ནོ། །རིག་པའི་གནས་ལྔ་རྣམས་དར་ཞིང༌། རིག་པའི་གནས་ལྔ་ནི། (སེམས་ཅན་ཐབས་ཀྱིས་འདུལ་བ་དང་།) ནད་ཀྱིས་གདུང་བ་སྨན་གྱིས་གསོ། གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ། ཕས་ཀྱི་རྒོལ་བ་སྒྲས་ཚར་གཅོད། ཅེས་སོ། །ཐེག་པ་རིམ་པ་དགུ་ལ་སྤྱད་ཅེས་བྱམས་མ་ནས་གསུངས་སོ། །གྲི་གུམ་གྱི་སྲས་རིང་ལ་དམུ་ཐག་ཆད་ནས་པུར་ས་ལ་ལུས་པས་ས་ལ་ལེགས་དྲུག་ཅེས་བྱའོ། །ཞེས་དང༌། རྒྱལ་རབས་གསལ་བའི་མེ་ལོང་ལས། སྤུ་ལྡེ་གུང་རྒྱལ་གྱི་སྲས་ཨ་ཤོ་ལེགས། དེའི་སྲས་དེ་ཤོ་ལེགས། དེའི་སྲས་ཐོ་ཤོ་ལེགས། དེའི་སྲས་གུ་རུ་ལེགས། དེའི་སྲས་འབྲོང་ཤེར་ལེགས། དེའི་སྲས་ཨི་ཤོ་ལེགས། དེ་རྣམས་ལ་བར་གྱི་ལེགས་དྲུག་ཟེར། བང་སོ་གཡའ་སྤང་མཚམས་སུ་བཏབ། དེ་ཡང་སྤང་ལ་འཇའ་ཚོན་རྒྱས་པ་འདྲ། ཞེས་དང༌།ཏུན་ཧུང་ཡིག་རྙིང་ལས་བོད་ཀྱི་རྒྱལ་པོའི་མཚན་འུ་དུམ་བཙན་གྱི་བར་ཇི་ལྟར་བྱུང་བ་རྣམས་གོང་དུ་ལྷན་ཅིག་ཏུ་བྲིས་པས་དེ་རྣམས་འདིར་ཡང་དྲན་པར་བྱ། མཚན་ལ་བབས་འཛེགས་དང་མཐུན་མིན་ཅུང་ཙམ་རེ་བྱུང་བ་རྣམས་ཀྱང་མ་བཅོས་པར་བཤུས་ནས་བཞག་ཡོད། ས་ལ་ལེགས་དྲུག་གི་རིང་ལ་བླ་ཡི་དཔོན་གསས་ནི། བསྒྲགས་པ་གླིང་གྲགས་ལས། དེ་ཤོ་ལེགས་བཙན་པོའི་བླ་མ་ནི། ལི་ཤུ་སྟག་རིང༌། ལྷ་བོན་ཅོ་ཉག་ཞེར་ཐོད་དཀར། ཨི་ཤོ་ལེགས་ཀྱི་དཔོན་གསས། མུན་སྤངས།༼མུ་སྤངས།༽ ལྷ་བོན་ཅོ་སྟག་ཀླུ་གསས། འོད་རུ་ལེགས་ཀྱི་དཔོན་གསས་ནི། འབེ་ཤོ་ཀྲམ། ལྷ་བོན་བཅོ་ཕན་གྲགས། འབྲོང་བཞེར་ལེགས་ཀྱི་དཔོན་གསས། གུ་རུབ་ཙན་དོ་མི་སེར། ལྷ་བོན་ཅོ་སྙན་རིང༌། དེ་ཤོ་ལེགས་ཀྱི་དཔོན་གསས། ཕུ་ལུ་གྲུ་འཛིན། ལྷ་བོན་སེག་གཤེན་བདུད་འདུལ། ཞེས་གསུངས། དཔོན་གསས་ཞེས་པ་ནི་ཟབ་མོའི་གདམས་ངག་ཞུ་ཡུལ་གྱི་བླ་མ་དང༌། ལྷ་བོན་ནི་སྲུང་མ་ལ་བསྐང་གསོལ་འཕྲིན་བཅོལ་བྱེད་པོ་ཡིན། ལྷ་བོན་ཞེས་པ་ནི་དུས་ད་ལྟའི་རིག་གནས་གསར་བརྗེའི་སྐབས་ཙམ་ལས་བོད་དབུས་གཙང་གི་ཡུལ་སྡེ་སྒེར་རྙིང༌། རྫོང་གཞིས་སོགས་ལ་ཡོད་བཞིན་པ་ཡིན་ལགས། དེ་རྣམས་ཀྱང་གྲོང་སྔགས་པ་བོན་སྐྱོང་ལྷ་སྲུང་གི་སྐོང་བ་སྣ་རེ་ཙམ་ཀློག་ཤེས་པ་ཙམ་གྱིས་ཆོག་ཤེས་བྱེད་པ་འདུག །སྔར་དུས་སུ་ལྷ་བོན་མཚན་ཉིད་ཚང་བ་ཡོད་ནས་རིམ་བཞིན་ཉམས་པའི་རྟགས་ཡིན་འདུག །དུས་ཕྱིས་ཀྱི་ལྷ་བོན་རྣམས་སྲུང་མའི་བསྐང་གསོལ་བཏང་རིང་ཙམ་ལས་དུས་རྒྱུན་མ་ཎི་བགྲང་བ་རེད། དེ་ནི་བོན་ལ་ཡུལ་མིས་སྡང་བརྙས་བྱེད་ཆེ་ནས་ཁོང་ཚོས་བོན་ལ་ཡིད་མ་ཆེས་པ་དང་མ་དད་པ་ཡིན་པ་རེད།

          དེ་རྗེས་ཆུ་ལ་ལྡེ་བརྒྱད་ནི། དར་རྒྱས་གསལ་སྒྲོན་ལས། ཤོ་ལེགས་དང་དམུ་ལྕམ་རྨང་ལེགས་ཀྱི་སྲས། ཟ་ནམ་ཟིན་ལྡེ། ཞང་ཞུང་གཡུང་དྲུང་རྒྱལ་པོས་སྐུ་བསྲུང༌། ཟ་ནམ་ཟིན་ལྡེ་དང་མཚོ་སྨན་ཁྲི་དཀར་གྱི་སྲས། ལྡེ་ནམ་འཕྲུལ་༼ནམ༽ གཞུང་བཙན། ཞང་ཞུང་མཚོ་མི་ཀུན་སྣང་གིས་སྐུ་བསྲུང༌། སེ་རྣོལ་གནམ་བདེ་དང་ཀླུ་ཐང་མེར་མོའི་སྲས་སེ་རྣོལ་ལྡེ། ཞང་ཞུང་ཨ་སོ་གཙུག་ཕུད་ཀྱིས་སྐུ་བསྲུང༌། སེ་རྣོལ་ལྡེ་དང༌། འོ་ཟ་རི་མོ་མཚོའི་སྲས། ལྡེ་རྣོལ་ནམ་ཞང་ཞུང་ཨ་ལ་དན་ཅིས་སྐུ་བསྲུང་ལྡེ་ནོལ་ནམ་དང༌། ཁྲི་སྨན་རྗེ་མའི་སྲས་ལྡེ་རྣོལ་པོ། ཞང་ཞུང་དར་མ་ཧ་རིས་སྐུ་བསྲུང༌། ལྡེ་རྣོལ་པོ་དང༌། ས་བཙུན་སྙན་རྗེའི་སྲས། ལྡེ་རྒྱལ་པོ། ཞང་ཞུང་ད་ས་ཧ་རས་སྐུ་བསྲུང༌། ལྡེ་རྒྱལ་པོ་དང་སྨན་བཙུན་ལུང་གོང་གི་སྲས་ལྡེ་སྲིན་བཙན། ཞང་ཞུང་མུ་ལ་མ་ཧོས་ཀྱིས་སྐུ་བསྲུང༌། དེ་དག་ནི་ཆུ་ལ་ལྡེ་བརྒྱད་དེ། བོན་འབུམ་སྡེའི་གཞུང་དར། ལྷུན་གྲུབ་དབྱིངས་ཀྱི་གསས་མཁར་ལས་སོགས་པ་བཞེངས་སོ། །

          རྒྱལ་རབས་གསལ་བའི་མེ་ལོང་ལས། ཨི་ཤོ་ལེགས་ཀྱི་སྲས། ཟོ་ནམ་ཟིན་ལྡེ། ༼དེའི་སྲས་རྒྱལ་ནམ་ལྡེ༽ དེའི་སྲས་ལྡེ་འཕྲུལ་ནམ་ཞུང་བཙན། དེའི་སྲས་སེ་ནོལ་ནམ་ལྡེ། ༼དེའི་སྲས་ལྡེ་རྣོལ་ནམ་རྒྱ་པར་འདུས། དེའི་སྲས་ལྡེ་ནོལ་པོ། དེའི་སྲས་ལྡེ་རྒྱལ་པོ། དེའི་སྲས་ལྡེ་སྤྲིན་བཙན། འདི་རྣམས་ས་ཡི་ལྡེ་བརྒྱད་དོ། །ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ། དེའང་མཚོ་ལ་ཁ་བ་བབས་པ་འདྲ་ཞེས་གསུངས། ཞེས་ཆུ་ལ་ལྡེ་བརྒྱད་ཅེས་བང་སོ་ཆུ་བོའི་འགྲམ་སོགས་སུ་བརྩིགས་ནས་རྩི་དཀར་པོ་བྱུགས་པ་ཡིན་པར་མངོན། ས་ཕྱོགས་ཀྱང་ཡར་ལུང་གི་ཕྱོགས་སུ་ངེས་སོ། །འདིར་ས་ཡི་ལྡེ་བརྒྱད་ཅེས་བྲིས་འདུག་པ་ནི་ནོར་བ་ཡིན་ནོ། །

          བསྒྲགས་པ་རིན་ཆེན་གླིང་གྲགས་ལས། ཟ་ནམ་ཟིན་གྱི་དཔོན་གསས་གྱིམ་ཐང་རྨའོ། །ལྷ་བོན་སྟོང་ར་ཤིབ་ཤང༌། ནོ་འཕྲུལ་ནམ་གཞུང་བཙན། དཔོན་གསས་སུམ་པ་མུ་ཕྱྭ། ལྷ་བོན་གཤེན་ཐང་མི་ཆུང༌། སེ་རྣོལ་གནམ་ལྡེ། དཔོན་གསས་དྲག་པོ་ཀུན་འདུལ། ལྷ་བོན་ཚེས་པ་གནམ་འདུལ། རྒྱལ་པོ་སྲིན་བཙན་གྱི་དཔོན་གསས་ནི་སྟག་སྒྲ་གེ་ཤག་ལྷ་བོན་ཡ་ཟི་ཁོད་གྲགས། ཞེས་གསུངས། འདིའི་སྐོར་རྒྱལ་རབས་གོ་རིམ་བཞིན་མ་བྱུང་ཡང་དོན་དུ་རྒྱལ་པོ་རེ་ལ་གདམས་ངག་ཞུ་བའི་གནས་བླ་ཡི་དཔོན་གསས་རེ་དང་ལྷ་སྲུང་ལ་བསྐང་འཕྲིན་གསོལ་བའི་ལྷ་བོན་སོགས་གོང་བཞིན་ཡོད་པར་མངོན། དར་རྒྱས་གསལ་སྒྲོན་ལས། ལྡེ་སྲིན་བཙན་དང་གཉན་བཙུན་མང་མོ་རྗེའི་སྲས། རྒྱལ་ཏོ་རོ་ལོ་བཙན། ཞང་ཞུང་ཏ་ར་ལ་ཧ་རིས་སྐུ་བསྲུངས། འདི་ཡན་གྱི་རྒྱལ་པོ་དེ་རྣམས་ཀྱིས་ལྷ་དང་ཀླུ་ཡི་བུ་མོ་བཞེས། འདི་མན་མི་དང་གཉེན་བསྲེས་པའོ། །

          རྒྱལ་ཏོ་རོ་ལོང་བཙན་དང་འོ་མ་ལྡེ་ས་ཁྲི་བཙུན་མའི་སྲས་ཁྲི་བཙན་ནམ་དེ་དང་ས་ཁྲི་དཀར་གྱི་སྲས་ཁྲི་སྒྲ་དཔུང་བཙན། དེས་དང་དམན་ཟ་ཀླུ་སྟེང་སྲས་ཁྲི་ཐོག་རྗེ་བཙན་རྒྱལ་དེ་གསུམ་གྱི་སྐུ་བསྲུང༌། ཞང་ཞུང་མུ་ཧ་ལ་རྒྱལ་གྱིས་མཛད་དོ། །ཏོ་རོ་ལོ་བཙན་མན་གྱི་རྒྱལ་རབས་བཞི་ཡི་རིང་ལ། ཞང་ཞུང་གི་ཡུལ་བྱེ་མ་གཡུང་དྲུང་གི་ཚལ་དུ། ལྷུན་གྲུབ་དབྱིངས་ཀྱི་ལྷ་ཁང་ལས་སོགས་བཞེངས་སོ། །རྒྱལ་རབས་གསལ་བའི་མེ་ལོང་ལས། རྒྱལ་པོ་ལྡེ་སྤྲིན་བཙན་གྱི་སྲས། ཁྲི་བཙན་ནམ། དེའི་སྲས་ཁྲི་སྒྲ་དཔུང་བཙན། དེའི་སྲས་ཁྲི་དེ་ཐོག་བཙན། འདི་གསུམ་ལ་འོག་གི་བཙན་གསུམ་ཟེར། བཙན་གསུམ་བང་སོ་གངས་དཀར་རྩེ་ལ་བཏབ། དེའང་གངས་ལ་ན་བུན་ཆགས་པ་འདྲ། ཞེས་དང༌། རྒྱལ་རབས་ཀྱི་མཚན་ལ་མི་མཐུན་པ་རྣམས་ནས་དར་རྒྱས་གསལ་སྒྲོན་འདི་ཁུངས་བཙུན་པར་འདུག་པས་དེ་གཙོ་ཆེའོ། ། མུ་འགོད།

Re:འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་དགུ་པ། ༼ཁ༽ | 2018/2/11 1:59:31
སྐུ་མགྲོན་Gl0Nfr(སྐུ་མགྲོན)Hello.
I'm looking for 3 beads Dzi. I'm from Russia - from Moscow. There's no translator on Your site. You have in sale beads JI 7, 10 eye and Kubera?
pinapplenet@yandex.ru - mail/
Thank.
རྩོམ་པ་པོ།:སྐུ་མགྲོན་Gl0Nfr(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.