ཧི་བོན་ཟིན་བྲིས།

             གཏོ་ཡི་བཀའ་སྒྲོམ།

སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་པ།
    སྒྲིག་འཇུག...
དཔྱད་གཏམ་གསར་པ།
    སྒྲིག་འཇུག...
ཆེམས་གསར་པ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་དགུ་པ། ༼ཀ༽ | 2016/1/18 12:33:00


༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག

སྤུ་ལྡེས་རྒྱལ་སྲིད་བཟུང་ནས་བསྟན་པ་བཙུགས་པའི་སྐོར།

          དར་རྒྱས་གསལ་སྒྲོན་དུ་ཇུ་ཐིག་རྒྱུད་འབུམ་གྱི་ལུང་དྲངས་པ་ལས། ལོ་ངམ་རྟ་རྫི་བསད་ནས། སྤུ་ལྡེ་གུང་རྒྱལ་གདན་སར་ཐོན་པ་ཡོད། ཅེས་དང༌། དྲན་པའི་ལུང་བསྟན་ཆུང་བ་ལས། སློབ་དཔོན་སྟོང་རྒྱུང་གནམ་མཚོའི་དོ་ལ་བྱིན་རླབས་བཅུ་གཉིས་ཀྱི་བསྒྲུབ་པ་མཛད་ཅིང་བཞུགས་པ། བཙན་པོ་སྤུ་ལྡེས་གདན་དྲངས་ནས་ཞུས་པ། མཁས་རྟོགས་དོན་དང་ལྡན་པའི་པན་ཊི་ཏ། བདག་ནི་སྔོན་ཚེ་ལྷ་རབས་གཉན་གྱི་སྲས། གཡུང་དྲུང་བོན་གྱི་བརྒྱུད་པ་ཟམ་མ་ཆད། བདག་གི་ཡབ་ཀྱི་ཐུགས་སུ་གདོན་གསོལ་ཏེ། བོན་བསྣུབས་གཤེན་པོ་མཐའ་རུ་སྤྱུགས། བཀའ་ཆད་བདག་ཅག་ཀུན་ལ་བྱུང༌། རྒྱལ་པོ་སྐུ་བཀྲོངས་རྒྱལ་སྲིད་འབངས་ཀྱིས་ཁྱེར། ཡབ་མེས་གོང་མས་བཞེངས་པའི་གསས་ཁང་བཤིགས། ཉང་རོ་ཤམ་པོའི་ཕོ་བྲང་ཐོག་གིས་བསྒྱེལ། ལ་ལ་མཐའ་རུ་སྤྱུགས་ཤིང་ལ་ལ་བྲན་དུ་བཀོལ། ཁྱེད་ཀྱི་ཐུགས་རྗེས་བཟུང་ཞིང་བཀའ་ལ་འདོགས་པར་ཞུ། ཞེས་ཞུས་པས། སྟོང་རྒྱུང་གིས་བོན་གྱི་བསྟན་པ་དར་བར་བྱ་བའི་ཕྱིར། རིག་འཛིན་བརྒྱ་རུ་ཐུགས་རྗེས་བྱིན་གྱིས་བརླབས་ནས། བསྟན་པ་གཏེར་ནས་བཏོན་ཏེ་སྤེལ་བར་དགོངས། ཅེས་པས། གཤེན་པོ་རྣམས་ཀྱིས་རྐོང་ཡུལ་བྲེ་སྣ་རུ། རྒྱལ་གྱི་གྲི་འདུར་མཛད་པས། གསོན་པོར་བཀྲ་ཤིས་ཏེ་སྤུ་ལྡེས་རྒྱལ་ས་ཟིན། གཤིན་གནས་སྤར་ཏེ་གྲི་རུམ་ཐར་པར་དྲངས་སོ། །ད་ལྟ་ཡང་རྒྱལ་གྲི་རུམ་གྱི་གྲི་འདུར་ཡོག་བར་པ་སུམ་བརྒྱ་དྲུག་ཅུ་བྱ་བའི་བོན་ཡོད་དོ། །གཤེན་ལ་ཡང་རྩིགས་སྔར་བཞིན་བྱིན་ནོ། །ཞེས་དང༌། བསྒྲགས་པ་གླིང་གྲགས་ལས། སྤུ་ལྡེ་གུང་རྒྱལ་གྱིས་གོང་དུ་ཡབ་ཀྱིས་བོན་གཤེན་བསྣུབས་པའི་བཀའ་ཆད་ཆེས་པས། བསྟན་པའི་དབུ་ཡོགས་དངོས་པོར་བསྟན་པས། སྐུ་གཤེན་ཕྱོགས་སུ་བསྐྱོད་པའི་བླ་མ་དམ་པ་གདན་དྲངས་ལ། བསྟན་པ་གཏེར་དུ་ནུབ་པ་ཀུན་གདན་འདྲེན་པ་དང༌། སླད་མ་ཡང་བོན་ལ་བློ་གཏོད་པ། བོད་ཡུལ་ན་མེད་པ་ཡང་ཞང་ཞུང་སྟག་གཟིག་ཨོ་རྒྱན་གྱི་ཡུལ་ནས་གདན་འདྲེན་ལ། བསྟན་པ་སྤེལ་བར་དམ་བཅའ་བྱས༼དེ་སྐོར་གྱི་རྣམ་ཐར་རྒྱས་པ་རིག་འཛིན་གྱི་རྒྱུད་ན་གསལ་བར་བཞུགས་ཡོད༽ དེ་དུས་བོན་གཤེན་ཀུན་སྤྱན་དྲངས་པ་ལ། བོན་གཤེན་ཀུན་བཀའ་བགྲོས་ནས། བསྟན་པ་སྤེལ་བའི་ཆེད་དུ། གཏེར་བདག་དང་ལྷ་སྲིན་གྱིས་མ་བསྒྲིབས་པའི་གཏེར་ཁ་ཡར་ལས་མ་ཐོན། སྐད་རིགས་མི་གཅིག་པའི་ཡུལ་ན་ཡང༌། གཡུང་དྲུང་གི་བོན་ཚོལ་བའི་གཤེན་པོར་གསེར་ཕྱེ་མ་དངུལ་ཁྲོལ་བུ་གཡུ་སྦྲམ་པོ་ལ་སོགས་བསྐུར་བཏང་བ་ལ། མེ་ཉག་གི་བོན་པོ་དཔལ་ལེགས་རྒྱལ་མཚན། མཚེ་མི་རིངས་སྐྱོལ་པོ་དེ་གཉིས་ཀྱིས། ཞང་ཞུང་གི་ཡུལ་དུ་ཕྱིན་ཏེ། སྟོན་པ་མ་རྒྱུད་རྒྱལ་མཚན་ཞེས་པ་བོན་གྱི་མཛོད་སྒོ་གང་ལས་ཀྱང་མ་འགགས་པར་མཁྱེན་པ། ཁྱད་པར་དུ་ཡང་འབུམ་སྡེ་ལྔ་དང་བོན་སྒོ་བཅུ་གཉིས་ལ་མཁས་པ་ཞིག་དང༌། སྟོན་པ་ལྷ་ཁྱུང་བྱ་བ་ཐེག་པ་རིམ་དགུའི་བོན་ལ་མཁས་པ། འཕྲ་བའི་འབུམ་བཅུ་གཉིས་ཞལ་འདོན་དུ་སྒྲོགས་པ། ཁྱད་པར་དུ་ཡང་སྔགས་ཟབ་མོའི་དོན་ལ་གྲུབ་པ་བསྙེམས་པ། བླ་མ་དེ་གཉིས་ལ་རིན་པོ་ཆེའི་ཞུགས་ཏོག་ཕུལ་ནས་འདི་སྐད་ཞུས་སོ། །ཀྱཻ་ལྷ་ཡི་སྲས་པོ་གཤེན་རབ་བླ་མ་ལགས། ཐབས་མཁས་ཐུགས་རྗེ་ཀུན་གྱི་དཔལ། བརྗིད་པའི་སྐུ་ནི་རི་རབ་ལྷུན་པོ་འདྲ། དྲག་པོའི་གསུང་ནི་ཚངས་པའི་གསུང་ལྟར་སྒྲོགས། ཡོན་ཏན་ཐུགས་ནི་རྒྱ་མཚོ་ཆེན་པོའི་ཀློང༌། མཁྱེན་པའི་ཡོན་ཏན་ཉི་མའི་ཟེར་ལྟར་སྤྲོ།  སྤྲུལ་སྐུའི་འཕྲིན་ལས་འགྲོ་དོན་རྣམ་གཉིས་མཛད། ཉིད་ཀྱི་སྐུ་ལ་བདག་ཅག་རབ་ཏུ་འདུད། སྣོད་ཀྱི་འཇིག་རྟེན་འཛམ་གླིང་སོག་ཁའི་དབུས། གངས་རིའི་ར་བ་རིན་ཆེན་བདལ་བའི་གླིང༌། བཅུད་ཀྱི་སེམས་ཅན་འགྲོ་བ་གྲངས་མང་ཡང༌། ནམ་མཁའ་འདབ་ཆགས་བྱ་ཁྱུང་གསུམ་པ་ལགས། དེ་ཡི་རྗེ་བོ་གཡུ་བྱ་ཁུ་བྱུག་ལགས། སའི་མ་མ་མི་རིགས་སྡེ་བཞི་ལགས། མི་རྗེས་ལྷས་མཛད་གཉའ་ཁྲི་བཙན་པོའི་གདུང༌། དགུང་ལས་དོག་ལ་བྱོན་པ་ངོ་མཚར་ཆེ། གདན་འདྲེན་ཤུལ་དག་གཡུང་དྲུང་བོན་གྱིས་མཛད། མངའ་ཐང་རྒྱལ་སྲིད་བོན་གྱིས་བསྐྱེད། རྒྱལ་སྲིད་མཐོ་ཡིས་བཀའ་ཡི་བསྟན་པ་སྤེལ། རྗེ་བཙན་ལྷ་གཤེན་སྐྱབས་ཀྱིས་ཀུན་ཀ་སྐྱིད། གྲི་གུམ་བཙན་པོ་ལོག་ལྟ་བདུད་ཀྱི་རིགས། ཁྱབ་པ་བདུད་ཀྱི་སྤྲུལ་པ་དངོས་པོར་བསྟན། བསྟན་པའི་སྒྲོན་མེ་མུན་པའི་ཁུང་དུ་བསད། རྒྱུད་ལུང་མན་ངག་བསྟན་པ་གཏེར་དུ་སྦས། བསྟན་པའི་དབུ་ཡོགས་མ་ཐོག་མྱུར་དུ་བྱུང༌། སྤུ་ལྡེ་གུང་རྒྱལ་ཐུགས་ལ་འགྱོད་པ་སྐྱེས། ལྷ་གཤེན་བོན་སྐྱོང་རྣམས་ལ་གདུང་བ་ཕུལ། བཀའ་ཡི་བསྟན་པ་རྒྱ་ཆེར་སྤེལ་བའི་ཕྱིར། རིན་ཆེན་འཕྲ་མོའི་ཞུགས་ཏོག་བདག་ལ་བརྫངས། གཤེན་རབས་བླ་མའི་སྐུ་ལ་མཆོད་པ་འབུལ། ཉོན་མོངས་ནད་ཀྱིས་གདུང་བ་བསལ་ཕྱིར་དུ། སྤུ་རྒྱལ་རྗེ་འབངས་སྤྱན་སྔར་གཤེགས་པར་ཞུ། ཞུས་པས། བཀའ་གནང་སྟེ། བོད་ཡུལ་དུ་འབུམ་སྡེ་ལྔ། བོན་སྒོ་བཅུ་གཉིས་དང༌། བོན་གྱི་མཛོད་སྒོ་མང་པོ་དང་འཕྲ་མོ་བཅུ་གཉིས་དང༌། ཐེག་པ་ཐ་དད་ཀྱི་བོན་མང་པོ་སྤེལ་ནས། བསྟན་པ་ཡང་རྒྱས་སོ། །རྗེ་བཙན་པོའི་སྐུ་རིང་ལ། བླ་ཡི་སྐུ་གཤེན་རེ། སྐུ་བསྲུང་གི་གཤེན་པོ་རེ་རེ། རྒྱལ་སྲིད་འཚོ་བ་ལགས་སོ། །ཞེས་དང༌། བོན་རིའི་དཀར་ཆག་ལས། གསོན་ལ་བཀྲ་ཤིས་ཤི་བ་འདྲེན་པ་དང༌། སྤུ་ལྡེས་རྒྱལ་ས་ཟིན་པའི་སྨོན་བསྐྱེད་ནས། དེ་དུས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང༌། མཁས་པ་མི་དགུ་ལས་སོགས་ཐམས་ཅད་ཀུན། བྱང་གི་གནམ་མཚོ་ཕྱུག་མོའི་ཡང་དབེན་དུ། བྱིན་རླབས་བཅུ་ཡིས་བསྒྲུབ་པ་མཛད་པའི་ཚེ། སྲས་པོ་སྤུ་ལྡེ་ཡག་པ་དེ་ཉིད་ཀྱིས། ཞང་ཞུང་མཁས་པ་དགུ་ཡི་དྲུང་དུ་སོང༌། མོས་གུས་དད་པའི་ཞུ་བ་སྤོབས་པས་ཕུལ། སྟོང་རྒྱུང་ལས་སོགས་མི་དགུ་བཅས་པ་རྣམས། གྲི་གུམ་བཙན་པོ་ཐར་པ་དྲངས་པ་དང༌། གཡུང་དྲུང་བོན་གྱི་བསྟན་པ་སྤེལ་དགོངས་ནས། སྤྱན་དྲངས་གཤེགས་ནས་རྐོང་ཡུལ་བྲེ་སྣར་ཕེབས། རྒྱལ་གྱི་གྲི་འདུར་སུམ་བརྒྱ་རྩ་བརྒྱད་མཛད། གྲི་གཤེད་བཏུལ་ཞིང་གྲི་གུམ་ཐར་པར་དྲངས། ཤི་བ་གནས་དྲངས་གསོན་པོ་བཀྲ་ཤིས་ནས། སྤུ་ལྡེ་ཡག་པས་རྒྱལ་ས་ནོན་པར་གྱུར། བོན་ལ་སྔར་བཞིན་ཆེ་བ་གནང་ནས་སུ། རྒྱལ་གཤེན་བསྟན་པ་རབ་ཏུ་དར་བར་མཛད། གསས་ཁང་ཆེན་པོ་བརྒྱ་དང་དྲུག་ཅུ་བཞེངས། བྲེ་སྣའི་བྲག་ལ་སྟོང་རྒྱུང་ཞབས་རྗེས་བཞག །ཅེས་དང༌། རྒྱལ་རབས་གསལ་བའི་མེ་ལོང་ལས། སྤོ་བོའི་ཡུལ་ནས་སྲས་བྱ་ཁྲི་གདན་དྲངས་ཏེ། ཡར་ལུང་དུ་བཞུགས། སྐུ་མཁར་བྱིང་ང་སྟག་རྩེ་བརྩིགས། ཡུམ་གྱིས་སྲས་བྱ་ཁྲི་ལ་འཇུས་ནས། ལྷ་ལ་དམོད་བོར་བས། ནམ་མཁའ་ནས་སྒྲ་བྱུང་སྟེ། ཁྱེད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་རོ། །བུ་དེ་ཀུན་ལས་རྒྱལ་ཟེར་ཡང་སྤུ་དེ་གོང་རྒྱལ་དུ་གྲགས་སོ། །རྒྱལ་པོ་འདིས་རྒྱལ་ས་བཟུང་སྟེ། བློན་པོ་ནི་རུ་ལས་སྐྱེས་ཀྱིས་བྱས་སོ། །རྒྱལ་བློན་འདི་གཉིས་ཀྱི་དུས་སུ། གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་བྱ་བ་སྟག་གཟིག་འོལ་མོ་ལུང་རིང་དུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལས་སོགས་པ་བོན་པོའི་ཆོས་ཐམས་ཅད། ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད། བོན་ལ་རིགས་དགུ་རུ་ཕྱེས་ཏེ། རྒྱུའི་བོན་ལ་རིགས་བཞི། འབྲས་བུའི་བོན་ལ་རིགས་ལྔའོ། །འབྲས་བུའི་བོན་རིགས་ལྔ་ནི། གཡུང་དྲུང་ཐེག་པ་བླ་ན་མེད་པར་བཞུགས་པ་སྟེ། བདེ་འགྲོ་མཐོ་རིས་ཀྱི་ལུས་ཐོབ་པར་འདོད་དོ། །ཞེས་གསུངས་པའི་དོན། བླ་མེད་ཐེག་པའི་བོན་ལ་སྤྱད་ན་བདེ་འགྲོ་མཐོ་རིས་ཀྱི་ལུས་ལས་མི་ཐོབ་པར་འདོད་གསུངས་པ་ཡིན་ན་ནི། བླ་མེད་ཐེག་པའི་དོན་མ་རྟོགས་པས་ནོངས་སོ། །བདེ་འགྲོ་མཐོ་རིས་ཀྱི་ལུས་ཀྱང་ཐོབ་པར་འདོད་གསུངས་པ་ཡིན་ན་ནི། འབྲས་དཀར་མོའི་ལོ་ལེགས་ན། ཕུབ་དང་སོག་མ་ཞོར་ལས་འབྱུང་བ་ཡིན་གསུངས་པ་དང་གཅིག་པས་འཐད་དོ། །རྒྱུའི་བོན་པོ་ལ་རིགས་བཞི་ནི། འདིར་བོན་པོ་ཞེས་མི་རིགས་དཔེ་སྐྲུན་ཁང་གི་པར་མ། སྤྱི་ལོ་ ༡༩༨༡ ལོར་པེ་ཅིང་དུ་པར་རྒྱབ་པར་གསལ་བ་འདིའི་རིགས་ལ། བདག་རྒྱུའི་ཡུལ་དང༌། བདག་པོ་ཡུལ་ཅན་གྱི་རྣམ་བཞག་མ་ཤེས་བཞིན་དུ་རྫུན་ཧམ་གྱིས་མིའི་ལད་མོ་བྱས་པས་གང་ལ་འགྲུབ། ཡུལ་བོན་ལ་བཞི་ཡོད་ཅིང༌། ཡུལ་ཅན་བོན་པོ་གཅིག་གིས་བོན་བཞི་ཀར་སྤྱོད་རུང་བའི་ཕྱིར། རྒྱུའི་བོན་རིགས་བཞི་ནི། སྣང་གཤེན་བལ་ཐོད་ཅན། འཕྲུལ་གཤེན་བལ་ཚོན་ཅན། ཕྱྭ་གཤེན་ཇུ་ཐིག་ཅན། འདུར་གཤེན་མཚོན་ཆ་ཅན་ནོ། །དེ་ལ་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱྭ་དང་གཡང་འགུགས། ལྷ་དང་སྨན་གསོལ། དགེ་ལེགས་དང་དཔལ་བསྐྱེད་ནས་མི་ནོར་རྒྱས་པར་བྱེད་དོ། །འཕྲུལ་གཤེན་བལ་ཚོན་ཅན་གྱིས་མདོས་དང་ཡས་གཏོང༌། སྲིད་དང་རྟེན་འཛུགས། ཕྲལ་ཕུགས་ཀྱི་འགལ་རྐྱེན་ཐམས་ཅད་སེལ་བར་བྱེད་དོ། །ཕྱྭ་གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་ཀྱི་ལམ་སྟོན། ཡིན་མིན་གྱི་ཐེ་ཚོམ་སེལ། ཟག་བཅས་ཀྱི་མངོན་ཤེས་འཆད་པར་བྱེད་དོ། །འདུར་གཤེན་མཚོན་ཆ་ཅན་གྱིས་གསོན་གཤིན་གྱི་གེགས་བསལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་མནན། གནམ་གྱི་རྒྱུ་སྐར་བལྟ། སའི་འདྲེ་བརྡུང་བ་ཡིན་ནོ། །ཐམས་ཅད་རྔ་གཤང་གི་སྒྲ་འཁྲོལ་ཏེ། ཆབ་སྲིད་ནི་སྒྲུང་དང་ལྡེའུས་བསྒྱུར་རོ། །

          བོན་གྱི་ལོ་རྒྱུས་ལས། རྗེ་གཉའ་ཁྲི་བཙན་པོའི་དུས་སུ་བོན་དར། རྒྱལ་པོ་གྲི་གུམ་བཙན་པོས་བོན་བསྣུབས། རྒྱལ་པོ་སྤུ་དེ་གུང་རྒྱལ་གྱི་དུས་སུ་བོན་དར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བོན་བསྣུབས། རྟིང་དུ་བོན་པོའི་བླ་མ་གཉའ་ཆེན་ལི་ཤོ་ཀ་ར་བྱ་བས། ཁམས་ནས་བོན་གྱི་མཻ་རོ་བླངས་ནས། དབུས་གཙང་དུ་ཕེབས། ཞེས་ཟེར་ཡང༌།ཁྲི་སྲོང་གི་རྗེས་སུ་བོན་པོའི་བླ་མ་མཚན་ལི་ཤོ་ཀ་ར་ཞུ་བ་ཁམས་ནས་དབུས་གཙང་དུ་ཕེབས་པ་སུ་ཡང་ཡོད་པ་མ་རེད། བོན་ཆོས་ཐམས་ཅད་གཏེར་ནས་བཏོན། སྐྱིད་མཁར་རི་ཞིང༌། འཇེད་དར་ལྡིང༌། དགེ་ལྡིང་ཨན་ཙ་ཁ། བཟང་རི། ཡོག་ཐང་ལས་སོགས་སུ་བོན་པོའི་སྡེ་བཙུག་བོན་རྒྱས་པར་བྱས་ཟེར། བོན་ལའང་བསྟན་པ་སྔ་དར་བར་དར་ཕྱིས་དར་གསུམ་བྱུང་འདུག །ཞེས་གསུངས། ཡོངས་རྩེའི་འགྲེལ་བ་ལས། ཡུལ་ཡར་ལུང་ངང་པ་ཐང་དུ། སྲས་སྤུ་ལྡེ་གུང་རྒྱལ་གྱིས། ཟ་འོག་གི་ཐོག་སྦྲ་ཆེན་པོ་ཕུབ། སློབ་དཔོན་སྟོང་རྒྱུང་ལས་སོགས་གཤེན་པོ་མང་པོ་གདན་དྲངས་ཏེ། བོན་གྱི་བསྟན་པ་དར་བར་བྱ་བའི་ཕྱིར་དུ་བྱོན་ནས་དུར་ཡར་ལུང་དུ་བཏབ་སྟེ། རྒྱལ་དུར་ལ་སྔ་བ་དེ་ཡིན་ནོ། །ཡབ་ཀྱིས་བོན་ལ་སྡང་ཡང༌། ངས་བོན་དར་དུ་བཅུག །བོན་ཁྲིམས་སྲིད་པའི་ཐོ་ཆེན་འཛུག་ཟེར་ཏེ། དེ་ལེགས་བྱས་པས། ཐོ་ལེགས་བཙན་པོ་ཞེས་ཀྱང་བྱའོ། །ཞེས་གསུངས། རྒྱལ་རབས་གསལ་བའི་མེ་ལོང་ལས། རྒྱལ་པོ་འདིའི་དུས་སུ་ཤིང་མེ་ལ་བསྲེགས་འཕྲོ་ལས་སོལ་བ། ཀོ་བ་བཞུས་པའི་སྙིང་པོ་ལས་སྤྲིན་བྱུང༌། ལྕགས་རྡོ་ཟངས་རྡོ་དངུལ་རྡོ་གསུམ་རྙེད་ནས་སོལ་མེས་རྡོ་གསུམ་བཞུས་ནས། དངུལ་ཟངས་ལྕགས་གསུམ་བཏོན། ཤིང་ལ་བུག་པ་ཕུག་ནས་གཤོལ་དང་གཉའ་ཤིང་བཅོས། མཐུན་གཉིས་གཉའ་རུ་བསྡེབས་ནས་ཐང་རྣམས་ཞིང་དུ་རྨོས། ཆུ་བོ་ཡུར་དུ་དྲངས་ཏེ་ཞིང་ལ་ས་བོན་བཏབ། དེའི་གོང་དུ་ཞིང་ལས་སོ་ནམ་མེད། ཡབ་གྲི་གུམ་བཙན་པོ་དང༌། སྲས་སྤུ་ལྡེ་གུང་རྒྱལ་གཉིས་ལ་སྟོད་ཀྱི་སྟེང་གཉིས་ཟེར། སྟེང་བང་སོ་གཡའ་དང་རྫ་ལ་བཏབ། དེའི་ལས་དཔོན་རུ་ལས་སྐྱེས་ཀྱིས་བྱས་སོ་ཞེས་དང༌། གོང་གི་རྒྱལ་པོ་མུ་ཁྲི་བཙན་པོས་བོན་སྡེ་བསམ་གྱིས་མི་ཁྱབ་པ་བོད་དུ་སྤྱན་དྲངས་ཏེ་བོད་སྐད་དུ་བསྒྱུར། ཁོང་གི་ཐུགས་དམ་ཉམས་ལེན་མཛད་པས་གསང་བདག་གྲུབ་པ་ཐོབ་པའི་རིག་འཛིན་དུ་གྱུར་ཏེ། ད་ལྟ་བོན་གྱི་མདོ་སྔགས་སེམས་གསུམ་ལ་ཁོང་གིས་ཐུགས་དམ་མཛད་ཅིང་བརྒྱུད་པ་མང་ངོ༌། །

          སྤུ་ལྡེ་བོན་གྱི་བསྟན་སྦྱིན་ཆེན་པོ་མཛད་དེ་ཁམས་བརྒྱད་ལས་སོགས་བོན་སྡེ་བསམ་གྱིས་མི་ཁྱབ་པ་ཞང་ཞུང་གི་ཡུལ་ནས་བསྒྱུར་རོ། །སྔར་གཏེར་དུ་སྦས་ཟིན་པ་རྣམས་དུས་དང་སྐབས་སུ་མ་བབས་པས་ཉུང་ཤས་ལས་སླར་མ་ཐོན་པར་བཤད། བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་གསུང་རབ་ཁམས་བརྒྱད་སོགས་གཤེན་སྒུར་གྱི་ཆོས་ལ་བོན་དུ་བསྒྱུར་བ་རེད་ལབ་པ་ཚོ་ལེགས་པར་སེམས་རྣལ་དུ་འཇོག་ནས་སྤུ་ལྡེ་དང་ཆོས་བོད་དུ་བྱུང་བ་གཉིས་ཀྱི་སྔ་ཕྱི་ལ་ལེགས་པར་རྟོགས་ཤིག །འོན་ཀྱང་ཀླུ་དགས་གཏེར་དུ་བཞེས་རྒྱུའི་ཁམས་ཆེན་གནམ་གྱི་ཁྲི་བདུན་རིང་ལ་མཁས་པ་མི་བཞིས་ཞང་སྐད་ལས་བོད་དུ་བསྒྱུར་བ་གྲི་གུམ་གྱི་དུས་སུ་སྦས་ཟིན་ནས། སྤུ་ལྡེའི་དུས་སུ་སླར་ཁམས་ཆེན་བསྒྱུར་འདུག་པ་འདིའི་རྒྱུ་མཚན་ལ་བརྟེན་ནས་ཁམས་ཆེན་གྱི་ལུས་ཡོངས་རྫོགས་སྟོན་པའི་ཡིག་ཚོགས་ལ་རྒྱས་འབྲིང་བསྡུས་པ་བསྡུས་དོན་དང་བཅས་དགུ་ཙམ་དང་ཤེར་ཕྱིན་གྱི་དོན་ཙམ་སྟོན་པ་སོགས་མང་པོ་ཡོད་པ་འདི་རྣམས་བྱུང་ངམ་སྙམ། གཞན་ཡང་ཐེག་པ་དགུའི་བོན་སྐོར་དུ་མ་བོད་སྐད་དུ་བསྒྱུར་བ་ཡང་ལུང་འདི་རྣམས་ཀྱིས་ཤེས་སོ། །

རྒྱལ་བའི་བསྟན་ལ་བྱ་བ་ཆེར་བྱས་ཤིང༌། །

མངའ་རིས་འབངས་ལ་ཕན་པའི་སྲོལ་བཟང་བཙུགས། །

ཡ་རབས་གོང་མའི་མཛད་པ་བསྐྱངས་པའི་རྒྱུས། །

སྤུ་ལྡེ་གུང་རྒྱལ་བསྟན་འཛིན་རྒྱལ་པོ་ཆེ། །

 

ཚད་ལྡན་གཏམ་གྱིས་ཚད་ལྡན་བཤད་པའི་ངག །

ཚད་ལྡན་ཡིན་ཞེས་ཚད་འཛིན་མ་ཤེས་ན། །

ཚད་དུ་འཛིན་པའི་ཚད་མ་ག་ནས་རྙེད། །

ཚད་མིན་བཤད་མཛད་ཚོགས་རྣམས་སྐྱེངས་ཀྱང་ཅི། །  མུ་འགོད།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.