སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྨན་རི་དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་གི་རྣམ་ཐར་ལོ་རྒྱུས།
[ 2012/2/1 18:23:00 | By: lodoe ]
 

     སྨན་རིའི་དགེ་བའི་བཤེས་གཉེན་ཆེན་མོ་ཟླ་བ་བསྟན་འཛིན་

              མཆོག་གི་རྣམ་པར་ཐར་བའི་ལོ་རྒྱུས།

 

ཁྱེད་ནི་དགུང་རུ་འཕགས་པའི་ཉ་ཟླ་ཞིག །

ང་ནི་རྗེས་ཟློས་བྱེད་པའི་བླུན་པོ་ཞིག །

ཁྱེད་ནི་གཡོ་འགུལ་མེད་པའི་དབུ་མ་ཞིག །

ང་ནི་ལས་ཀྱིས་དེད་པའི་རྩེད་ཆས་ཞིག །

རྒྱལ་ཁམས་ཀུན་ལ་ཉི་མ་འཆར། །

ལུང་ཆུང་འདི་རུ་མུན་པ་རུབ། །

དགུང་སྔོན་དབྱིངས་སུ་ཟླ་བ་འཛུམ། །

ས་གཞི་འདི་རུ་ཀུད་མུད་ཟིམ། །

      ཞེས་སེམས་ཚོར་བརྡར་བའི་སྐྱོ་གར་སྦྲུས་པའི་རིབ་བརྙན་ཤིག་གིས་སྣ་དྲངས་ཏེ། སློབ་དཔོན་དམ་པ་དེ་ཉིད་ཞིང་ཁམས་གཞན་དུ་ཕེབས་ནའང་ཕྱོགས་མཐར་བཞུགས་པའི་བུ་སློབ་རྣམས་ཀྱི་དད་རྟེན་ཆེད་དུ་རང་གི་ཐོས་མྱོང་དང་རྒྱུས་ཡོད་རྣམས་ལ་དྲི་གཤེར་གཏུགས་གསུམ་སོགས་ལ་གཞི་བཅོལ་ནས་དམ་པ་དེའི་རྣམ་པར་ཐར་བའི་ལོ་རྒྱུས་ཅུང་ཙམ་འབྲི་བར་བྱེད་པ་ལ་གསུམ་སྟེ། སྐུ་འཁྲུངས་ཡུལ་གྱི་རིགས་རུས་དང་འབྲེལ་བའི་ལོ་རྒྱུས། གཉིས་པ་སྐུ་འཁྲུངས་ནས་རིག་པའི་གནས་སོགས་ལ་བསླབ་ཚུལ། གསུམ་པ་གདུལ་བྱ་རྣམས་ལ་བོན་སྦྱིན་བསྩལ་ཚུལ་བཅས་སོ།  དང་པོ་འཁྲུངས་ཡུལ་ནི་ཁྱུང་ཡུལ་རི་ཆུ་ལུང་གསུམ་གྱི་འགོ་ཁུག་དུ་གྲགས་ཤིང་།

སྲིད་པ་རྒན་པོའི་གཏམ་རྒྱུད་ལ་མགོ་བོ་སྔས་པའི་ཁྱུང་ཉིལ་ལའམ་ཁྱུང་གཉིས་ལ་ཞེས་པའི་རི་བོ་འདི་ཡི་གཡས་གཡོན་གྱི་རི་རྒྱུད་དང་། ལུང་ཕུ་མདའ་གསུམ་གྱི་རི་སུལ་དང་རི་ཕྲན་ས་རྡོ་ཆུ་བྲག་སོགས་ལ་ཆེས་ཡ་མཚར་བའི་གནའ་མིའི་གཏམ་རྒྱུད་རེ་རེ་བགྲང་དུ་ཡོད་པ་རྒན་རྒོན་རྣམས་ཀྱི་ངག་ལམ་ནས་རླུང་ལྟར་གྲགས་ཤིང་།

ད་དུང་ལུང་པའི་ཕུ་མདའ་གང་ལའང་རང་འབྱུང་གི་གཏེར་རྫས་སྣ་ཚོགས་ཀྱིས་བྱུར་བུར་གཏམས་པའི་རིན་བྲལ་ས་ཁམས་གྱི་གཏེར་རྫས་རྣམས་རྫོང་རིམ་པས་རིག་དངོས་སྲུང་སྐྱོབས་ཀྱི་གྲལ་སུ་གྱུར་བཞིན་ཡོད་ལ། མ་ཚད་སྤྲུལ་མཆོག་བློ་ལྡན་སྙིང་པོས་ལྷོ་ཟླའི་གསང་བསྐུལ་ལས་ཀྱང་། རིན་ཆེན་གཏེར་ཁ་བསམ་མི་ཁྱབ། ། དེ་འདྲའི་གནས་མཆོག་ཉམས་དགའ་ལ། །དེ་འདྲའི་གནས་མཆོག་ཁྱད་པར་ཅན་ཅེས་ལུང་གིས་ཟིན་པའི་གནས་མཆོག་མི་སྨོན་རང་སྐྱིད་ཀྱི་ཡུལ་འདི་རུ་ངོ་མཚར་གྱི་བཀོད་པ་ཕུན་སུམ་ཚོགས་པའི་ཡུལ་ལྗོངས་ཞིག་ཏུ་སྣང་། ཁོར་ཡུག་གི་ཕྱི་ངོས་སུ་རྩི་ཏོག་སྣ་ཚོགས་ཀྱི་ཁ་ཞགས་ཆགས་པའི་རང་འབྱུང་ཁོར་ཡུག་མཐོང་བ་ཀུན་སྨོན་ཅེས་ཡུལ་མ་འབྲོག་གི་འཚོ་ཐབས་ཡུན་ནས་ཡུན་དུ

་རྟེན་པའི་རི་གྲོང་དེའི་གཡས་ཟུར་དུ་ལྷོ་ཟླ་ངང་མ་མཆེད་གསུམ་སེང་ལྟར་འགྱིང་ཞིང་། གཡོན་ཟུར་དུ་ལྡོང་རྫོང་སྨུག་པོ་མཆེད་བརྒྱད་སྟག་ལྟར་བརྗིད་པའི་དཀར་ཕྱོགས་ཀྱི་ཡུལ་རི་འདི་ཡི་གཞི་བདག་རྣམས་ཀྱིས་ཞང་དུས་བོད་དུས་རྒྱ་དུས་དང་  སོག་དུས་ལ་སོགས་ཀྱི་དུས་རབས་དུ་མའི་རིང་བོན་ལ་དགའ་ཞིང་གཤེན་ལ་གདུང་བའི་ཡུལ་ཁམས་འདིར་རུ་ཁྱིམ་གཞིས་འཛིན་པའི་ཡུལ་མི་རྣམས་ཀྱི་ཁ་འཛིན་ལས་རླུང་མུ་མཐའ་བྲལ་བའི་དགུང་ནས་དགུང་ལ་བཏེགས་པར་གྲགས། ཡུལ་རི་དེ་དག་གི་དབུས་སུ་ཡུལ་གྲོང་ཆགས་པའི་ཁྱུང་ཡུལ་རྭ་ཁྲོམ་ཞེས་པའི་ཡུལ་ལྗོངས་འདི་ནི་སྔར་མོའི་དུས་ནས་བོན་ལོ་ཡག་གི་སྙེ་མ་དགུང་ལ་འཕྱུར་བའི་ཡུལ་ལྗོངས་ཞིག་ཡིན་ཚུལ་སྐོར་ལ་སྐྱར་བཤད་ཀྱིས་ངལ་བ་མི་བྱ་ཞིང་། སྔ་མོ་དུས་ནས་ཡུལ་དེར་མི་རབས་ནས་མི་རབས་བརྒྱུད་དེ་ཁེ་བཙན་གྲགས་པའི་མི་བུ་མང་པོས་ཁ་དགེའི་མཚན་སྙན་ཕྱོགས་མཐར་བསྐྱལ་བ་མ་ཟད་།  གྲུབ་མཐའི་རྒྱལ་པོ་གཡུང་དྲུང་གི་བོན་རིན་པོ་ཆེར་དད་མོས་ཀྱི་བསླབ་བརྩོན་དང་། དགེ་བའི་མཆོད་སྡོང་རྒྱ་ཆེར་བསྐྲུན་མཁན་དུ་མ་ཞིག་བྱུང་ཡོད་པའི་ནང་ནས་ཨ་ནུ་ཞེས་པའི་མི་བརྒྱུད་འདི་མི་རབས་འདི་ནས་འགོ་བརྩམས་འདི་ཙམ་བྱུང་ཞེས་ལོ་རྒྱུས་ཀྱི་ཡིག་ཚང་ཡིད་ཡུལ་དུ་མ་གྱུར་རུང་། རུས་རྒྱུད་དེ་ལས་སྐྱེས་པའི་མི་རྣམས་ཀྱིས་མི་རབས་མང་པོའི་རིང་ནས་བློ་ཕུག་བོན་ལ་གཏད་ཅིང་རྣམ་དཀར་དགེ་བའི་ཕྱོགས་ལ་མཆོད་སྡོང་རྒྱ་ཆེར་མཛད་ཡོད་པ་ཟུར་བལྟས་ལེབ་མཐོང་གི་ཚུལ་དུ་ཤེས་ཐུབ། ད་ཆར་ཨ་ནུ་དགེ་བཤེས་ཞིང་ཁམས་བ་དེ་ནས་ཡར་བརྩིས་པའི་མི་རབས་བཞིའི་སྔོན་རོལ་དུ་ཨ་ནུ་དཔལ་ལྷ་ཞེས་དྭངས་ར་རྟ་རྒོའི་ཉེ་འཁྲིས་སུ་མིང་དོན་མཚུངས་པའི་མཚམས་པ་མདོ་དབུས་ཁམས་སུ་མཚན་སྙན་ཅན་ཞིག་བྱུང་སྐད། མཚམས་པ་དེ་ཉིད་འཁོར་བའི་འདུ་འཛི་ལ་བློ་ཟློག་ཚུལ་ནི། ཆུང་ངུ་དུས་སུ་འབྲི་ཀློག་སྦྱངས་ནས་བོན་གྲལ་དུ་འདུག་པའི་སྐྱ་བོ་ཞིག་ཡིན་སྐད། ལོ་ན་ཆེ་ཙམ་སོན་རྗེས་ཕ་མ་གཉིས་ཀྱིས་ཡུལ་དེ་གའི་གཤོ་སྲོལ་བཞིན་འཇིག་རྟེན་ཁྱིམ་ཐབ་ཀྱིས་བྱ་བ་བརྩམས་ནས། ལོ་ཤས་རྗེས་སུ་ཕྲུ་གུ་བུ་དང་བུ་མོ་རེ་གཉིས་བྱུང་། དབྱར་དུས་ཞིག་ལ་རྭ་ཁྲོམ་གྲོང་པའི་གཡས་ཟུར་ནས་རྒྱུ་བའི་རི་ཆུ་དེ་ཆུ་རུལ་འབྲུག་ནས་བཟའ་ཟླ་ཆུས་ཁུར་བས་རྐྱེན་ངན་པ་དགེ་བའི་གྲོགས་ཤར་བྱུང་ནས་ཨ་ནུ་དཔལ་ལྷ་དེ་ཉིད་འཇིག་རྟེན་འཁོར་བ་ལ་ཞེན་པ་གཏིང་ནས་ལོག་སྟེ། འཁོར་བའི་འདུ་འཛི་དང་ཕ་ཡུལ་རྒྱབ་ཏུ་གཡུགས། མི་ཡུལ་དང་དུ་བླངས་ནས་ངེས་མེད་རྒྱ་ཁམས་འགྲིམས་པའི་ཨ་སྐྱོ་གནས་སྐོར་བ་ཞིག་གི་ཚུལ་བཟུང་། མཐར་སྟོད་གངས་ཏི་སེའི་ཕྱོགས་སུ་འབྱོར་མཚམས་བླ་མ་ག་གེ

་མོའི་དྲུང་ནས་ཁྱིམ་སྤང་རབ་ཏུ་བྱུང་། དེ་ནས་སེམས་ཁྲིད་སོགས་རང་འགོ་ཐོན་ཙམ་བྱུང་རྗེས་དྭངས་ར་རྟ་རྒོའི་ཉེ་འཁྲིས་ཀྱི་བྲག་ཕུག་ཞིག་ཏུ་སྐུ་ཚེ་མ་འཕོས་པར་མཚན་མེད་གནས་ལུགས་ལ་རིག་པ་རྐྱང་འདེད་ཀྱི་ཉམས་ལེན་ཐོག་རྒས་རུས་བྲག་གཏད་ཀྱིས་མཚམས་ལ་བསྐྱལ་བས།  ཡུལ་དེ་གའི་མི་དམངས་ཀྱིས་རེ་ལྟོས་ཆེར་བྱས་པར་གྲགས། རང་ཡུལ་ལ་སོགས་ཡུལ་ལུང་གང་སར་ནས་ཡོང་བའི་ཨ་སྐྱོ་གནས་སྐོར་བ་ཉམས་ཆུང་རིགས་ལ་ཟས་གོས་གྱ་ནོམ་པ་བསྩལ་སྐད། དུས་ཕྱིའི་སྐབས་སུ་ཨ་ནུ་མཚམས་པའི་སྒྲུབ་ཕུག་ཞེས་གནས་སྐོར་བ་རྣམས་ཀྱིས་རྒྱང་མཇལ་བྱེད་རྒྱུ་ཡོད་པ་ཐོས། 

དེ་ནས་དུས་རབས་ཞིག་གི་སྐྱོག་མཚམས་ཏེ་དམངས་གཙོ་བཅོས་སྒྱུར་ཅེས་ཚ་འུར་ཆེ་བའི་དུས་སྐབས་དེའི་ཡས་མས་སུ་དམ་པ་ཁོང་ཉིད་ཁྱུང་ཡུལ་རྭ་ཁྲོམ་ཞེས་པའི་ཡུལ་གྲོང་དེར་ཡབ་ཨ་ནུ་འཆི་མེད་དང་ཡུམ་འབེས་བཟའ་བོ་ཀྲུག་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༦༥ལོར་སྐུ་འཁྲུངས། ཡབ་ཡུམ་གཉིས་ཀྱིས་བཀྲ་ཤིས་ཚེ་བརྟན་ཞེས་མིང་བཏགས། ཆུང་ངུའི་དུས་ནས་ཁོང་ལ་མི་བུ་གཞན་དང་འདྲ་བའི་མནོ་སྤྱོད་སྤྱི་མཚུམས་སུ་མངའ་ཡོད་སྐད། དེ་མཚམས་དམངས་གཙོ་བཅོས་སྒྱུར་གྱི་རྟིང་མ་དང་རིག་གནས་གསར་བརྗེའི་འགོ་མ་ཡས་མས་སུ། ཉིན་ཞིག་ཞུ་བཙུན་དཔལ་ལྡན་བཟང་མོ་དང་ལྷན་དུ་རྭ་ཁྲོམ་གྲོང་གི་ཕར་ངོས་ཁྲོ་ཧྲམ་སྣ་ཞེས་པའི་ས་ཆ་དེར་བྱོན་སྐབས། དེའི་ནུབ་ངོས་ལྡོང་རྫོང་ཕུག་ཡས་ཞེས་པའི་བྲག་ཕུག་མཐོང་སྐབས། ཕྲུ་གུ་དེས་ང་ཚོའི་ཁྱིམ་ཞེས་ལྡོང་རྫོང་ཕུག་ཡས་ཕྱོགས་སུ་མཛུབ་མོ་བཙུགས་པ་དང་།  དེ་མིན་ཞུ་བཙུན་མཆོག་ལ་རྨིས་ལྟས་དང་རྟགས་མཚན་དུ་མ་དགོངས་པ་ལ་ཤར་བས་ཞུ་བཙུན་མཆོག་གིས་ཁྱེའུ་དེ་ཉིད་ཡབ་ཞུ་ནམ་མཁའ་གྲགས་པའི་སྐྱེས་མཐའ་ཡིན་པའི་ངོས་འཛིན་གནང་ཞིང་།  ཞུ་ནམ་མཁའ་གྲགས་པའི་བཞེས་ཕོར་དེ་བཙུན་མ་མཆོག་ནས་ངོས་འཛིན་གྱི་རྟགས་སུ་གསོལ་རས་བསྩལ་ནས་ད་ལྟ་ ཁྱིམ་གཞིས་སུ་ཉར་ཡོད།ད་དུང་ཞུ་བཙུན་མཆོག་ནས་ཁོང་རྣམ་ཚང་གི་ཕྲུ་གུ་ལས་ཀྱང་གཙིགས་ཆེན་དང་བདག་གཅེས་གནང་གི་ཡོད་འདུག  འདི་སྐོར་ཡུལ་དེ་གའི་ཡུལ་མི་རྒན་གྲས་ཚོས་ངག་ལམ་ནས་བཤད་རྒྱུན་ཡོད་ལ། མ་ཟད་ཞུ་བཙུན་མཆོག་གི་ཕྱག་གཉེར་ཞུ་ཚ་དྲང་སྲོང་ཚུལ་ཁྲིམས་ཀྱིས་བཙུན་མ་ཞིང་ཁམས་དེས་དེ་ལྟར་གསུང་མྱོང་ཞེས་བཤད།  ངས་ཀྱང་ཆུང་དུས་དེ་ལྟར་ཐོས་མྱོང་། ད་དུང་ཆུང་ངུ་དུས་ནས་བཟང་སྤྱོད་ཀྱི་གོམས་གཤིས་རང་བཞིན་དུ་གྲུབ་ཡོད་ལ། ངན་སྤྱོད་རྡུང་བསད་རྐུ་འཕྲོག་གི་བྱ་བ་མི་བྱ་ཞིང་གཞན་ཕན་གྱི་བསམ་བློ་རབ་ཏུ་ཕྱུགས་པར་འུད་བརྗོད་ཀྱི་རྐོ་ཐུམ་མི་བྱ་བར་ཕྲན་གྱིས་མྱོང་ཐོག་ནས་དམར་རྗེན་དུ་གྲུབ།  དེ་རྗེས་དགུང་གྲངས་དགུ་དང་སྤྱི་ལོ་༡༩༧༤ལོར་རྭ་ཁྲོམ་ཀུང་ཧྲེའི་སློབ་གྲྭར་བསྐྱོད་དེ་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་གཉིས་དང་ཨང་རྩིས་སོགས་ལོ་བཞི་ཙམ་རིང་བསླབ་གནང་མཛད། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཀྲུང་གོའི་མངའ་ཁམས་ཡོངས་ལ་ལག་བསྟར་དོན་འཁྱོལ་བྱེད་འགོ་བཙུགས་སྐབས། འབེས་ཚང་དངོས་གྲུབ་མདུན་ནས་སླར་ཡང་འབྲུ་ལྗིབ་སོགས་ཀྱི་འབྲི་ཀློག་གཉིས་ལེགས་པར་བསླབ་ནས་བོན་གྲལ་དུ་ཚུད་ལ་ཉེ་བར་གྱུར།  

སྐབས་དེར་དམ་པ་ཁོང་གི་སྲིང་མོ་ཆེ་བ་ཚེ་འཕོས་པ་བརྟེན་ཁོང་གི་མིང་རྗེ་སྤོ་རྒྱག་དགོས་ཚུལ་ལྟར་སྦྲི་བླ་མ་ཚེ་དབང་བསྟན་རྒྱལ་མཆོག་ནས་མཚན་དུ་བསོན་ནམས་དབང་འདུས་ཞེས་གནང་། དེ་མཚམས་སྤྱི་ལོ་༡༩༨༥ལོར་ཀ་ལེགས་དགོན་གྱི་སློབ་གྲྭར་སྒྲིགས་ཞུགས་བྱས་ནས་འབྲི་འདོན་སྐྱར་སྦྱོང་དང་བྲུ་ལུགས་ཀྱི་བསྐང་གྱེར་དང་འཆམ་པོ་སོགས་ལ་བསླབ་གནང་མཛད། དེ་ཡས་མས་སུ་གསའ་རྔུ་དཔོན་ལྷ་ཚང་བསོད་ནམས་དབང་ཕྱུགས་མདུན་ནས་ལྷ་བྲིས་རིག་པ་སྐྱ་སྣུམ་གཉིས་ཀྱི་སྐོར་ལ་ལོ་གཉིས་མ་ཟིན་ཙམ་སྦྱོང་བརྩོན་བྱས། སྤྱི་ལོ་༡༩༨༦ལོའི་དབྱར་སྟོད་༧སྐྱབས་རྗེ་ཡོངས་འཛིན་དཔོན་སློབ་རིན་པོ་ཆེ་སྐུ་འཁོར་རྣམས་ཁྱུང་ཡུལ་དུ་ཞབས་སོ་འཁོད་པ་དང་འབྲེལ། ཀ་དགོན་སེར་སྐྱ་ལྷ་སྡེ་ཀུན་གྱིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་སྐྱབས་རྗེ་སྐུ་འཁོར་རྣམ་པ་ཀ་ལེགས་དགོན་དུ་ཕེབས་བསུ་ཟབ་རྒྱས་ཐོག་གདན་འདྲེན་ཞུས། སྐབས་དེར་ཀ་དགོན་དུ་དབྱར་དུས་སྤྱི་རིམ་ཆེན་མོ་རམ་ཆུང་འཚོགས་པའི་དུས་ཚོད་ཁེལ་བས། དེར་སྐྱབས་རྗེ་མཆོག་ནས་ཚེ་སྒྲུབས་བྱ་རུ་མའི་བཀའ་དབང་བསྩལ་བས་དེར་ཁོང་གིས་སྐྱབས་རྗེ་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་བོན་ཁྲིད་ཐོག་མར་དེ་གསན་པའི་སྐལ་བ་ཐོབ། དེ་ནས་བཟུང་དམ་པ་ཁོང་ལ་རྒྱུ་བཅོས་མིན་གྱི་ངེས་འབྱུང་དྲག་ཏུ་སྐྱེས་ནས་བོན་རིན་པོ་ཆེ་ལ་ཐོས་བསམ་བྱ་རྒྱུ་འདུན་པ་རྒྱུད་ལ་འཁྲུངས་ཤིང་། རྐྱེན་རྭ་ཁྲོམ་རིས་ཚ་ཉི་རྒྱལ་མཆོག་གིས་བསྐུལ་མ་ཡང་ཡང་བྱས་པར་བརྟེན་ནས་ཐོབ་གསར་སྨན་རི་གླིང་དུ་ཚེ་ཕྱི་མའི་ལྗགས་ཕྱེའམ་ཆས་ཀ་གསོ་འཇོག་གི་ཆེད་དུ་སློབ་གཉེར་དུ་འགྲོ་རྒྱུ་བློ་ཐག་རྦད་དུ་བཅད་ནས་དབྱར་གཞུང་ཙམ་དུ་ཁྱིམ་དང་ཕ་ཡུལ་ཉེ་འབྲེལ་རྒྱབ་ཏུ་བསྐྱུར་ནས། རྒྱུས་མེད་ཀྱི་མི་ཡུལ་མདུན་དུ་བླངས་ནས་གྲོགས་ཤིག་ལྷན་དུ་བེ་ག་ལག་ཏུ་བཟུང་། སྤྲིན་དཀར་པོ་ལ་ཐོད་དུ་བཟུང་། ས་ནག་པོ་ལ་འདོམ་དུ་མཇལ་སྟེ། ཁུར་རུ་རྒྱབ་ཏུ་ཁུར་ནས། ཡངས་བའི་ཐང་ཆེན་པོ་ནས་བསྐྱོད། མཐོ་བའི་ལ་ཆེན་པོ་ནི་བརྒལ། དཀའ་བའི་འཕྲང་ཆེན་པོ་ནི་བགྲོད་བཞིན་གངས་ཏི་སེའི་ཉེ་འཁྲིས་ཀྲུང་བལ་གྱི་ས་མཚམས་བརྒལ་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་རུ་འབྱོར། དེ་མཚམས་བལ་རྒྱ་གཉིས་ཀྱི་ས་མཚམས་བརྒལ་ནས་གེགས་མེད་ལམ་སློང་ཐོག་ཐོབ་གསར་སྨན་རི་དགོན་དུ་འབྱོར་ནས་༧སྐྱབས་རྗེ་༧སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་གསེར་ཞལ་དངོས་སུ་མཇལ་བས་བརྗོད་མི་ཤེས་པའི་དད་སྤྲོའི་སྤུ་ལངས་རབ་ཏུ་གཡོས། དེར་སྐྱབས་མགོན་ཟླ་བ་རྒྱལ་མཚན་མཆོག་གི་འདས་མཆོད་འཚོགས་པའི་དུས་སྐབས་དང་འབྲེལ་༧སྐྱབས་རྗེ་༧སྨན་རིའི་མཁན་སློབ་རྣམ་གཉིས་དྲུང་ནས་རབ་ཏུ་བྱུང་བས་མཚན་དུ་ཟླ་བ་བསྟན་འཛིན་ཅེས་མཚན་གནང་། ལོ་དེར་སྨན་རི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཁོངས་སུ་འཛུལ་ཞུགས་བྱས་ནས་རིག་པའི་སྒོ་བརྒྱ་ཡོངས་སུ་འབྱེད་ཐུབ་པའི་ཚད་མ་རིག་པའི་སྐོར་གྱི་སྡུད་གྲྭ་དང་

བརྡ་སྤྲོད་མིང་གཞི་སུམ་ཅུ་པ་དང་། དཔོད་བྲིས་འཁྱུག་ཡིག་སོགས་ལ་བརྩོན་འགོ་བརྩམས། སྤྱི་ལོ་༡༩༨༧ལོར། མཚན་ཉིད་གཞུང་ཆེན་ནས་སྡུད་གྲྭ་དང་རྟགས་རིག་གཉིས་རྩོད་སྦྱོང་གི་བདར་ཤ་གང་འཚམས་དཔྱད་གྲུབ་ལ། རིག་གནས་གཞུང་ལུགས་ནས་མིང་གཞི་སུམ་རྟགས་ཁག་ལ་ཕུགས་ཕེར་གྱི་སྩོལ་སྒྲུབས་བྱས་པ་རྣམས་ཕྱི་མའི་དཔེར་བལྟ་འོས་པར་གྱུར། སྤྱི་ལོ་༡༩༨༨ལོར་སྔར་འཕྲོས་ཀྱི་རྗེ་ཡི་ཚད་མ་རྩ་འགྲེལ་དང་སྙན་ངག་སྒྲ་རྒྱན་དང་གབ་ཚིག་སྐྱོན་སེལ་སོགས་དང་། ད་དུང་ནག་རྩིས་སྔོན་འགྲོ་བློ་རྒྱུགས་སོགས་ལ་བརྩོན་པ་ལམ་ཞུགས་ཀྱི་སྐབས་ཡིན་བཞིན་འདུག

སྤྱི་ལོ་༡༩༨༩ལོར་སྨན་རིའི་མཁན་སློབ་དང་སྐབས་བབ་ཀྱི་མཚན་ཉིད་དགེ་རྒན་སོགས་ཀྱི་དྲུང་ནས་ཚད་མའི་མཇུག་དང་སྟོན་པའི་ཐེག་འགྲེལ་དང་མཚན་ཉིད་གསུམ་དང་ནག་རྩིས་ནས་ཚེ་རབས་ལས་རྩིས་དང་། ཀེག་རྩིས། བག་རྩིས། གཤིན་རྩིས་སོགས་ལ་སྦྱོང་བརྩོན་གང་ལེགས་མཛད། ད་དུང་ཕ་ཡུལ་ནས་སློབ་གཉེར་དུ་ཡོང་བའི་གསར་འབྱོར་རིགས་ལ་འཚོ་གོས་ཀྱི་མཐུན་རྐྱེན་སྦྱར་བ་དང་གྲྭ་ས་ཆེན་མོའི་སྒྲིག་ལམ་འགྲོ་སྟངས་སོགས་ཀྱི་བཀའ་སློབ་ལམ་སྟོན་གང་ཟབ་

གནང་བཞིན་འདུག སྤྱི་ལོ་༡༩༩༠ལོར། རྗེ་ཡི་ས་ལམ་རྩ་འགྲེལ་དང་བསམ་གཟུགས་ཕར་ཕྱིན་སྐབས་དང་པོ་སོགས་ལ་ཉིན་རེ་འཆད་རྩོད་རྭ་བའི་ནང་དུ་རྩོད་སྦྱོང་ཆུ་ཚོད་གསུམ་བཞི་ཙམ་རེ་འབད་བརྩོན་བྱེད་པ་དང་། སྐབས་འཁྲིའི་དགེ་རྒན་དྲུང་ནས་ཉིན་རེ་དཔེ་ཁྲིད་ཆུ་ཚོད་གསུམ་མམ་བཞི་རེ་ཞུ་དགོས། དེ་མིན་དུས་ཚོད་ཕལ་ཆེར་རྩ་འགྲེལ་བློ་འཛིན་བྱ་རྒྱུ་དང་སྐབས་འཁྲིའི་རིག་གནས་སོགས་ལ་སྦྱོང་བརྩོན་བྱ་བའི་དུས་ཚོད་ཡིན། ལོར་དེར་རིག་གནས་ནང་ནས་དཀར་རྩིས་མ་བུ་སོགས་ལ་སྦྱོང་བརྩོན་བྱས་པས། མི་རེས་ཟླ་བ་རེའི་ལྔ་བསྡུས་ཕབ་ནས་སྦྱངས་འབྲས་ཀྱི་རྩིས་ཕྲ་རྣམས་རིག་གནས་འགན་འཛིན་སོགས་ལ་ལྷག་ལུས་མེད་པར་ཕུལ་བ་མ་ཟད། ད་དུང་སྙན་ངག་སྦྱངས་འབྲས་ཀྱི་ཀུན་འཁོར་དང་། ནག་རྩིས་ཀྱི་སྦྱོང་འབྲས་ཤོག་བྱང་སོགས་རིག་གནས་དགེ་རྒན་མཆོག་ལ་ཕུལ། འདི་ཡན་མས་སུ་སེར་འབྲས་དགའ་གསུམ་གྱི་གྲྭ་བཙུན་རྣམས་མཉམ་འཛོམ་གྱིས་འཇང་དགུན་ཆོས་ཆེན་མོ་དེ་བོད་ཟླ་བཅུ་གཅིག་ནང་འཚོགས་སྐབས། སྨན་རིའི་བཤད་གྲྭ་བ་བཅུ་གྲངས་མ་ཟིན་ཙམ་འཇང་དགུན་ཆོས་ཀྱི་རྩོད་གྲྭ་ནང་ཐོག་མར་ཞུགས་པའི་ནང་ནས་དམ་པ་ཁོང་ཡང་དེར་ཕེབས་ནས་ཆོས་ལུགས་རིས་མེད་ཀྱི་རྩོད་གྲྭར་སྟོང་ཕྲག་ལྔ་དྲུག་ཙམ་གྱི་གསེང་དུ་ཕན་ཚུན་བསམ་མནོའི་གོ་རྟོགས་སྤེལ་རེས་དང་། མི་དང་མིའི་བར་ངོ་ཤེས་མཐུན་འབྲེལ་གྱི་ལག་གདང་སྦྲེལ་བའི་རྩོད་གྲྭའི་ཐོག་ཞུམ་མེད་ཀྱི་སྤོབས་པ་གྱེན་ལ་འཕྱུར་བཞིན་ཟླ་བ་གཅིག་རིང་རྩོད་པས་གདར་ཤ་ལེགས་པར་བཅད་སྐབས་ཁོང་རྣམ་པས་གཡུང་དྲུང་བོན་ཀྱི་བསྟན་པའི་རུ་དར་དགུང་ལ་ཕྱར་བའི་མཚན་སྙན་གྱི་ཁ་གཡང་གཞིས་བྱེས་ཡོངས་སུ་སྒྲོགས།སྤྱི་ལོ་༡༩༩༡ལོ་འགོ་ནས་ཕར་ཕྱིན་སྐབས་གཞན་རྣམས་དཔེ་ཁྲིད་ཞུ་བཞིན་པ་དང་རིག་གནས་ཚན་ཁག་ནས་དཀར་རྩིས་སྔར་འཕྲོ་གང་ཡོད་ཆད་ལུས་མེད་བརྩོན་པར་མཛད་ཡོད་ཅིང་། ལོར་དེའི་སྤྱི་ཟླ་གསུམ་པའི་ནང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་འོས་འདེམས་སྐབས་འཆད་རྭ་གོང་འོག་གཉིས་ནས་མི་གསུམ་རེ་འདེམས་བསྐོ་བྱ་རྒྱུ་གྲོས་ཆོད་བྱུང་དོན་བཞིན། བཤད་སྒྲུབ་འདུས་སྡེའི་མི་རེ་ངོ་རེས་འཆད་རྭ་གོང་འོག་གཉིས་ནས་མི་དྲུག་འོས་འདེམས་བྱས་མཐར་འོས་གྲངས་མོས་ཤོས་ཟླ་བ་བསྟན་འཛིན་མཆོག་ལ་བྱུང་བར་བརྟེན་ལོ་དེའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་འགན་བཞེས་ནས་ཧུར་ཐག་ཐོག་ལས་དོན་གང་ལ་གང་འཚམས་བསྒྲུབས།  སྐྱབས་རྗེ་མཁན་སློབ་རྣམ་པའི་དབུ་ཁྲིད་འོག་འདི་ལོ་སྨན་རི་དགོན་དུ་བོན་སྒོ་རྩོམ་སྒྲིགས་ཚོགས་པ་བསྐོས་བཞག་བྱས་ནས་མི་དྲུག་འདེམས་སྐབས་དམ་པ་ཁོང་ཡང་དེ་རུ་འདེམས་ཐོན་བྱས་ནས་བཟུང་། སྐབས་བབ་ཀྱི་བོན་སྒོ་ཞུ་དག་སོགས་འབད་བརྩོན་དངོས་ནང་དུ་ཞུགས་ནས་མཐར་སྤྱི་ལོ་༡༩༩༩བར་དངོས་ཤུགས་རྒྱུན་གསུམ་ནས་འགན་ཁུར་ཅི་ལྕོགས་ཀྱི་སྲི་ཞུ་མི་དམན་པར་སྒྲུབས།སྤྱི་ལོ་༡༩༩༢ལོར་དགེ་འདུན་ཉི་ཤུ་དང་དབུ་མ་དང་མཛོད་སོགས་དཔེ་ཁྲིད་ཞུས་བཞིན་རིག་གནས་སྡེ་ཁག་ནས་དབྱངས་ཅན་སྒྲ་མདོའི་མཚམས་སྦྱོར་ལྔ་སོགས་རིམ་ཞིན་སྦྱོང་བརྩོན་མཛད།  ལོ་དེར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་གཉེར་པ་དང་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གྲྭ་ཚང་གཉེར་པའི་འགན་གཅིག་ཆོག་ཚུལ་དུ་བསྒྲུབ་ཞོར་འཛིན་རིམ་གསར་པ་རྣམས་ལ་དཔེ་ཁྲིད་སོགས་ཀྱི་བོན་སྦྱིན་བསྩལ། བཤད་སྒྲུབ་འདུས་ལས་སྣེ་ལོ་རེ་བཞིན་བརྗེ་མོ་བྱེད་བཞིན་ཡོད་ལ། གྲྭ་ཚང་གཉེར་པ་ནི་བསྟུད་མར་ལོ་གསུམ་རིང་འགན་བཞེས་དགོས་ཡོད། སྤྱི་ལོ་༡༩༩༣ལོར་སྔར་འཕྲོས་མཛོད་དང་འདུལ་བའི་གཞུང་ལུགས་སོགས་དཔེ་ཁྲིད་འགོ་ཚུགས། མཆོད་རྟེན་ཐིག་རྩ་སོགས་ལ་བརྩོན་པ་ཆེར་བྱས་པས་ལག་རྗེས་རིག་པ་སྨྲ་བ་སྐར་ཚོགས་ལྟ་བུ་ཁྲོད་ནས་འབུར་དུ་ཐོན་པ་ཟླ་བ་ལྟ་བུར་གྱུར་ནས་གོང་མ་རྣམས་པས་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར།

སྤྱི་ལོ་༡༩༩༤ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྲྭ་ཚང་གཉེར་པའི་འགན་ལོ་གསུམ་གྲུབ་ནས་གྲྭ་ཚང་གི་བྱུང་སོང་བསྡད་གསུམ་གྱི་རྩིས་ཕྲ་རྣམས་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་གྲྭ་མང་འདུས་པ་རྒྱ་མཚོའི་དབུས་སུ་རྩིས་སྤྲོད་རྩིས་ལེན་བྱས་ནས་དངུལ་སྨར་གང་ཡོད་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པར་ཕུལ་ནས་སྐབས་འཕྲལ་དགོས་མཁོའི་དངོས་རྫས་རྣམས་གཉེར་པ་གསར་པ་གཉིས་ལ་རྩིས་སྤྲོད་བྱས་ནས་མཁན་སློབ་རྣམ་གཉིས་གཙོས་འབྲེལ་ཡོད་རྣམས་ཀྱིས་བཀའ་དྲིན་ཆེ་ཞུ་སོགས་ཀྱི་གསུང་བཤད་སོགས་ཀྱིས་མཇུག་བསྡུས།  ལོར་དེར་སྨན་རི་དཔོན་སློབ་འཕྲིན་ལས་ཉི་མ་སོགས་ཀྱི་དྲུང་ནས་འདུལ་བའི་གཞུང་འགྲེལ་དང་ཐེག་འགྲེལ་གྱི་སྔགས་ཐེག་སོགས་དང་དཀྱིལ་འཁོར་ཐིག་རྩ་སོགས་ལ་སྦྱོང་བརྩོན་ཚུལ་བཞིན་བྱས་ནས་འོག་མའི་འཛིན་རིམ་ཁག་ལ་སློབ་ཁྲིད་གང་ཐུབ་བཀའ་དྲིན་བསྐྱངས། སྤྱི་ལོ་༡༩༩༥ལོར། སྔགས་གསང་དོན་རྣམ་འབྱེད་སོགས་དང་རྫོགས་ཆེན་སོགས་ལ་དཔེ་ཁྲིད་ཐེངས་གཉིས་གསུམ་ཞུས། སང་ལོ་དམིགས་བསལ་དགེ་བཤེས་གྲས་ཡིན་པས་དགེ་བཤེས་གཏོང་རྒྱུ་སོགས་ལ་གྲབས་ལེགས་པར་བྱས། ཁོང་དམིགས་བསལ་དགེ་བཤེས་གཏོང་དོན་ནི་ཀ་ལེགས་བླ་མ་ཚེ་དབང་སྟོབས་རྒྱལ་མཆོག་ནས་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་གངས་ལྗོངས་སུ་ཞབས་སོར་འཁོད་སྐབས་ཆེད་མངགས་མཁན་སློབ་རྣམ་གཉིས་ཀྱི་གསེར་ཞལ་དངོས་སུ་མཇལ་ནས་ཟླ་བ་བསྟན་འཛིན་ཀ་ལེགས་དགོན་ལ་ཚུར་གཏོང་རོགས་གནང་ཞེས་ཡང་ཡང་ཞུས་པ་ལ་བརྟེན་ནས་སྤྱི་ལོ་༡༩༩༦ལོར་དགེ་བཤེས་གཏོང་རྒྱུ་རྒྱལ་བ་སྨན་རི་བ་མཆོག་ནས་ཐུགས་ཐག་བཅད་ནས་ལས་བྱེད་དང་གྲྭ་མང་རྣམས་ལ་དམིགས་བསལ་དགེ་བཤེས་རྣམས་རེ་རེ་བཞིན་སུ་ཡིན་བཀའ་སློབ་གནང་། སྤྱི་ལོ་༡༩༩༦ལོའི་ཟླ་བ་དང་པོ་ནང་དགེ་བཤེས་བཞེངས་རྒྱུ་མི་གྲངས་བརྒྱད་ཡོད་པའི་ནང་ནས་གཅིག་ཁོང་ཡིན། སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་གྲྭ་མང་འདུས་པ་རྒྱ་མཚོའི་དབུས་སུ་རིམ་བཞིན་སྔོན་འགྲོའི་བཤད་པ་དང་འབྲེལ་གཞིས་མི་ཨ་ནུ་ཚང་ནས་གཏོང་སྒོ་ཆེན་མོའི་སྦྱིན་བདག་ལེགས་པར་མཛད།དེ་ནས་མདོ་སྔགས་སེམས་གསུམ་གྱི་དངོས་གཞི་དམ་བཅའ་ཆེན་མོར་བཞུགས་ནས་གྲྭ་མང་རྣམས་ཀྱིས་རིམ་བཞིན་རྩོད་པའི་གེ་རྒྱང་ཆེར་སྒྲོགས་པ་དང་དམ་པ་ཁོང་གིས་ཞུམ་མེད་འཐེན་ཐོག་མེད་པའི་རྩོད་ལན་ཀྱང་བསྙིལ། མཐར་བོད་ཚེས་བཅུ་དྲུག་ཉིན་བཀྲ་ཤིས་དམ་བཅའ་དང་བཀྲ་ཤིས་ཚིག་བཀྲ་སྒྲོགས་ནས་༧སྐྱབས་རྗེ་༧སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་དགེ་བའི་གཤེས་གཉེན་ཆེན་མོའི་མཚན་བཏགས་གསོལ་ནས་དགེ་བཤེས་ཁྲི་བཞེངས་ཐོག་སེར་སྐྱ་ཡོངས་ནས་ཁྲི་འབུལ་དང་དགེ་བའི་གཤེས་གཉེན་ཆེན་མོ་སྐལ་པ་བཟང་སོགས་ཀྱི་སྙན་པའི་ཁ་གཡང་སྒྲོགས་ནས་མཇལ་ཕྱག་རིམ་བཞིན་བྱས་མཐར་དགེ་བཤེས་མཛད་སྒོ་ཡོངས་སུ་གྲུབ་པའོ། ཚེས་བཅུ་བདུན་ཉིན་བླ་གྲྭ་སེར་སྐྱ་ཡོངས་ལ་བསྙེན་བསྐུར་དགྱེས་མཆོད་ཀྱི་གསོལ་སྟོན་ཆེན་མོ་སྨན་རི་གླིང་དུ་ཐོག་མར་བཤམས་ནས་མི་སེར་རྣམས་ཀྱིས་གླུ་གར་སོགས་ཀྱི་དགའ་བའི་འཛུམ་མདངས་ཅི་ཡང་བསྒྱུར།  ལོ་དེའི་ནང་དབྱར་སྨད་ཙམ་དུ་རང་ཡུལ་གངས་ཅན་ལྗོངས་སུ་ལོག་ཕེབས་མཛད་ནས་མ་ཡུམ་དང་སྤུན་མཆེད་ཉེ་འབྲེལ་སོགས་ཀྱང་ཤི་གསོན་འཕྲད་པ་ལྟ་བུའི་དགའ་སྤྲོས་རབ་ཏུ་བརྟས་ནས་བརྗོད་མི་ཤེས་པའི་ཚོར་སྣང་སོགས་བྱུང་། དེ་མཚམས་ཀ་ལེགས་དགོན་དུ་གདན་འདྲེན་ཞུས་ནས་དགུན་ཚེ་གཅིག་རིང་། ལ་ལར་བརྡ་སྤྲོད་ཉེར་བདུན་པ་དང་ལ་ལར་སྔོན་འགྲོ་ལ་སོགས་ཀྱི་བོན་ཁྲིད་བསྐྱངས། འགའ་ལ་འཁྱུག་བྲིས་ལ་སོགས་ཡིག་གཟུགས་གང་འཐུས་སློབ་གནང་མཛད།  དེ་རྗེས་སྤྱི་ལོ་༡༩༩༨ལོར་ཁྱུང་པོ་སྟེང་ཆེན་དགོན་གྱི་གདན་འདྲེན་བྱས་དོན་བཞིན་ཟླ་བ་བཞི་ལྔ་རིང་བརྡ་སྤྲོད་སྲིད་པའི་སྒྲོན་མེ་དང་། སྙན་ངག་རིན་ཆེན་ལྡེ་མིག འཁྱུག་བྲིས་ལ་སོགས་བསླབ་ཁྲིད་མཛད། དེ་མཚམས་ཀོ་དགོན་སོགས་ལ་ཟླ་ཤས་རིང་ལ་བོན་ཁྲིད་ལ་སོགས་ཀྱི་མཛད་པ་བསྐྱངས།  དེ་ནས་ཕ་གཞིས་ཁྱུང་ཡུལ་ཕྱོགས་སུ་ས་ཆ་འཕྲོད་མིན་གྱི་གནས་སྟངས་དུ་མའི་རྐྱེན་གྱིས་དགུན་ཚེ་ས་གཤིས་དྲོ་ས་ལྷ་ས་སོགས་ལ་བཞུགས་ནས་རྒྱ་ཡིག་དང་དབྱིན་ལ་སོགས་སྦྱང་བརྩོན་བྱས། དབྱར་ཚེ་ཕ་ཡུལ་སོགས་སུ་བྱོན་ནས་ཡོན་ཏན་སྦྱོང་འདོད་ཡོད་མཁན་རིགས་ལ་གང་ཐུབ་ཀྱིས་སློབ་ཁྲིད་མཛད། སྤྱི་ལོ་༡༩༩༩ལོར་མཐོང་གྲོལ་རི་ཁྲོད་དགོན་གྱི་གདན་འདྲེན་བྱས་དོན་བཞིན་དེར་ཟླ་ཤས་རིང་དག་ཡིག་དང་སུམ་རྟགས་། འཁྱུག་བྲིས་ལ་སོགས་གང་འགབ་བསླབ་པར་མཛད། དེ་ནས་ཀ་ལེགས་དགོན་གྱི་སྔ་ཕྱི་ཆགས་རབས་སྐོར་གྱི་ལོ་རྒྱུས་གནད་བསྡུས་ཤིག་འབྱུང་གནས་དང་ལྷན་དུ་བསྡུས་སྒྲིགས་བྱས་སྐད། དེའི་ཡས་མས་སུ་རྫོང་ཆོས་དོན་ཅུས་ནས་ཀ་ལེགས་དགོན་གྱི་གྲྭ་བའི་ངོས་འཛིན་ལག་ཁྱེར་རེག་ཐོབ་པ་བྱུང་། དེ་མཚམས་བོད་ལྗོང་སྟེང་ཆེན་རྫོང་སྲིད་གྲོས་ནས་ཁྱུང་ཡུལ་དུ་དར་བའི་ཆོས་ལུགས་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། གལ་ཆེའི་ཆོས་སྲིད་མི་སྣ་སོགས་ཀྱི་ལོ་རྒྱུས་འཁོད་པའི་ཁྱུང་པོ་སྟེང་ཆེན་ཞེས་པའི་དེབ་ཕྲེང་དང་པོ་བསྡུས་སྒྲིགས་སྐབས་དམ་པ་ཁོང་གིས་དེབ་ཕྲེང་དེའི་ནང་རྩོམ་བསྡུ་དག་བཤེར་སོགས་ཀྱི་ཕྱག་ལས་གནད་སྨིན་སྒྲུབ་བརྩོན་མཛད་སྐད། ཞུ་བཙུན་དཔལ་ལྡན་བཟང་མོ་མདུན་དུ་བཅར་ནས་བཀའ་མོལ་དུ་མ་མཛད་ནས་ལྡོང་རྫོང་རི་ཁྲོད་དུ་བཞུག་དགོས་པའི་བཀའ་མོལ་ལ་སོགས་དུ་མ་གནང་བར་གྲགས། དེ་ཡས་མས་སུ་དམ་པ་ཁོང་གི་ཁྱིམ་ཚང་ཨ་ནུ་ཚང་ནས་ཡབ་རྒན་འདས་པོ་ཨ་ནུ་འཆི་མེད་གཙོས་པའི་གཞོན་འབྲིང་རྒན་དར་ཚེ་འཕོས་པའི་ཉེ་འབྲེལ་སོགས་ཡིད་ཅན་ཀུན་གྱི་དམིགས་བུ་རུ་ཀུན་རིག་ལས་གཞི་རྒྱུན་ལྔ་ཆ་གཅིག་དག་འབྲི་ཆེད་ཡུལ་དེ་གའི་བྲིས་པ་རྒན་གྲས་དང་།  དགེ་བཤེས་ཞིང་གཤེགས་མཆོག་དང་ད་དུང་དགེ་བཤེས་རྒྱལ་བ་བསྟན་འཛིན་ལ་སོགས་ཀྱིས་ཕྱག་བྲིས་མཛད་གྲུབ་ནས་འདོན་པའི་དབུ་བཞུགས་ལ་སོགས་མཛད་ནས་བསྔོ་སྨོན་སོགས་ཀྱིས་རྒྱས་གདབ་པར་མཛད་སྐད།

སྤྱི་ལོ་༢༠༠༦ལོ་ནས་༢༠༠༨བར་ཀོང་པོ་སྒྱེལ་རི་དགོན་གྱི་བླ་མ་ཡེ་ཤེས་ཐབས་མཁས་མཆོག་ནས་སྒྱེལ་རི་དགོན་དུ་གདན་འདྲེན་ཞུས་དོན་བཞིན་དེར་ལོ་ཤས་རིང་བཙུན་མའི་ཁྱུ་ཚོགས་བརྒྱ་ཕྲག་ཙམ་ལ་སྔོན་འགྲོ་དངོས་གཞི་དང་། མདོ་སྔགས་སེམས་གསུམ། དག་ཡིག་སུམ་རྟགས། ལྗིབ་གཟབ་འཁྱུག་ཡིག་ལ་སོགས་དཔེ་ཁྲིད་བསྟུད་མར་མཛད་ནས་བཙུན་མའི་གྲལ་ནས་སྒྲུབ་ཐོན་པ་བཅུ་གཅིག་ཙམ་གྱི་གྲངས་རིམ་བཞེངས། དེ་མཚམས་སྒྱེལ་རི་དགོན་དུ་འདུག་ཆོག་མིན་གྱི་གནས་ཚུལ་ཐོན་འཕྲལ།   དེ་ནས་ཉག་རོང་བྱ་བཏང་རི་ཁྲོད་གོང་རྒྱལ་དགོན་དུ་གདན་འདྲེན་བྱས་སྐད། སྤྱི་ལོ་༢༠༠༩ལོའི་ཟླ་༡༢པར་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཐེངས་དང་པོ་མདོ་སྨད་སྣང་ཞིག་དགོན་དུ་འཚོགས་སྐབས་ཁོང་ཡང་དེར་ཚོགས་བཅར་མཛད་ནས།  ཁོང་ཉིད་ཚོགས་ཐོག་ཏུ་ཚོགས་པ་དེའི་དྲུང་ཡིག་ལ་བདམ་ཐོན་བྱུང་བ་མ་ཟད། དུས་ཚོད་ལ་དཔགས་པའི་གསུང་བཤད་གནང་།  དེའི་ཡས་མས་སུ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཞེས་པ་དེས་བོན་པོ་ལ་སྨ་འབེབ་བྱས་པའི་ཚིག་ཉོག་གང་སར་ལབ་གླེང་སྣ་ཚོགས་བྱེད་བཞིན་པའི་སྐབས་དེར། མདོ་སྨད་སྣ་ཞིག་དགོན་པ་ནས་དགེ་བཤེས་དང་མཚན་ཉིད་པ་འགའ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་མདུན་དུ་སོང་ནས་དྲི་རྩོད་བགྲོ་གླེང་འགའ་བྱས་སྐད། དེ་རྗེས་བོན་པོ་འགས་དྲི་བ་བྱེད་སྐབས་མཁན་པོ་ཚུལ་བློས་སྣང་ཞིག་དགོན་པའི་བླ་གྲྭ་འགའ་ལ་གསལ་བཤད་བྱས་ཏེ། དེས་འཐུས་པར་བྱས་ཡོད་ཞེས་བཤད་སྐབས། དགེ་བཤེས་ཞིང་གཤེགས་བ་དེས། བོད་གཞིས་བྱེས་གཉིས་ལ་བོན་པོའི་ཚབ་བྱེད་ཐུབ་མཁན་གྱི་མི་སྣ་མེད། བོན་པོའི་ཚབ་བྱེད་ཐུབ་མཁན་བོན་གྱི་བཀའ་དང་བཀའ་བརྟེན་འདི་དག་ཡིན། དེས་ངེས་པར་ཁ་གྲག་ངེས་དེ་དང་མཐུན་མི་མཐུན་བལྟ་དགོས་ཞེས་ལན་རྒྱབ་སྐད། བྱ་བཏང་རི་ཁྲོད་དེར་ལོ་གཅིག་ཙམ་བཙུན་མ་རྣམས་ལ་དཔེ་ཁྲིད་བྱེད་བཞིན་བཞུགས་སྐབས། ནང་ཚགས་ནས་རྙོག་སྒྲ་སྣ་ཚོགས་འཕྲད་ནས་དེར་འདུག་བདེ་མིན་གྱི་གནས་ཚུལ་བྱུང་། དེ་མཚམས་སྤྱི་ལོ་༡༠༡༠གཤེས་གཉེན་ཁོང་དགུང་གྲངས་༤༥ཐོག་ཧོར་བྲག་འགོ་དུ་རྒྱ་རོང་དགོན་པའི་སྤྲུལ་སྐུ་འཆི་མེད་གཡུང་དྲུང་མཆོག་ནས་གདན་འདྲེན་བྱས་ནས་གཏོ་དགོན་གཡུང་གླིང་དང་ཤུག་ལུ་བསམ་གཏན་རི་ཁྲོད་གཉིས་སུ་བསྟན་འགྲོའི་མཛད་འཕྲིན་སྐྱོང་བཞིན་བཞུགས།  ལོ་དེའི་ཟླ་༧ པའི་ནང་གཡུང་དྲུང་བོན་གྱི་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་འདུ་ཐེངས་དང་པོ་དེ་མདོ་སྨད་ཀན་ལྷོ་རྩེ་ཞིག་དགོན་དུ་འཚོགས་སྐབས་དམ་པ་ཁོང་གིས་ཚོགས་པ་འདི་གལ་ཆེ་བ་སོགས་ཀྱི་བཀའ་སློབ་དུ་མ་བསྩལ་བས་དེར་ཡོད་ཚོགས་ཞུགས་པ་རྣམས་ཀྱིས་གལ་ཆེའི་དོན་ཆེན་ཡིན་པར་མཐོང་། བྲག་འགོའི་རི་དགོན་གཉིས་སུ་བསྟན་པའི་མཛད་བཟང་སྐྱོང་བཞིན་པའི་སྐབས་དེར་སྟབས་མ་ལེགས་ཞིག་ལ་གློ་བུར་རྐྱེན་ངན་འཕྲད་ནས་ཟླ་༩པའི་ཚེས་༢༣ཉིན་འཕྲུལ་རྟ་གདོང་ཐུག་བརྒྱབ་ནས་་ཁོང་ཉིད་ཞིང་ཁམས་གཞན་དུ་ཕེབས་པའི་གནས་ཚུལ་ཐོས་འཛིན་བུ་གར་ལྷུང་མ་ཐག་ཡ་ཆུང་སེམས་ངོག་དུ་ངུ་དྲི་དྲོ་བའི་ཚོར་བས་མནན་ནས་ཡུག་གཅིག་ཡིད་མུག་པར་གྱུར། ཤེས་འཇོན་ཅན་གྱི་སྐྱེས་བུ་དེ་འདྲ་རང་རེ་བོན་པོའི་མངའ་ཁམས་ལ་རེ་གཉིས་ལས་མེད་སྟབས་འཆི་བསླུ་ཞིག་ཡོད་ན་ཕྲན་གྱི་གདོས་བཅས་འདི་དེའི་ཚབ་དུ་འབུལ་ན་ཅི་མ་རུང་སྙམ། འོན་ཀྱང་ཐབས་ཤེས་དབེན། སྐབས་དེར་ཁྱུང་ཡུལ་ནས་སྟེང་ཆེན་དགོན་གྱི་དཔོན་སློབ་དགེ་བཤེས་རྒྱལ་བ་བསྟན་འཛིན་མཆོག་དང་། དགེ་བཤེས་བསྟན་འཛིན་སྐལ་བཟང་རྣམ་གཉིས་བྲག་འགོ་ཕྱོགས་སུ་ལམ་སེང་ཕེབས་ནས་ཉིན་ཤས་རྗེས་སྐུ་འཁོར་རྣམས་བྲག་འགོ་ཕྱོགས་སུ་འབྱོར་ནས་ཞག་ཤས་རྗེས་སུ་སྐུ་གདུང་ཞུགས་ལ་བཞེན་སྐབས་ཕྱོགས་མཐར་ནས་ཕེབས་པའི་མཆེད་གྲོགས་དང་སློབ་མ་ལ་སོགས་དུ་མ་འབྱོར་ནས་བསྔོ་སྨོན་རྣམ་པར་དག་པའི་རྒྱས་གདབས་མཛད། དེར་གནས་སྐབས་དགེ་བཤེས་ཞིང་ཁམས་བ་དེའི་ཚབ་དུ་བཙུན་མ་རྣམས་ལ་གནས་སྐབས་དཔེ་ཁྲིད་གནང་མཁན་དགེ་བཤེས་བསྟན་འཛིན་སྐལ་བཟང་མཆོག་འབྲེལ་ཡོད་རྣམས་ཀྱིས་མངའ་གསོལ་མཛད་ནས་ད་ཆར་དཔེ་ཁྲིད་སོགས་ཀྱི་འགན་བཞེས་ནས་དེ་གར་བཞུགས་དང་བཞུགས་མུས་སུ་མཆིས།། ཁོང་གིས་བྲིས་གནང་བའི་རྩོམ་རིག་སྐོར་ལ། སྤྱིར་བོན་སྒོ་རྩོམ་བསྡུའི་ཕྱག་ལས་ལོ་མང་རིང་མཛད་ཡོད་ཅིང་། དེ་མིན་བོན་སྒོ་ཨང་བཞི་པར་འཁོད་པའི་སྐྱབས་འགྲོའི་རྣམ་གཞག་སྐོར་དང་། དེ་མིན་ཁྱུང་རབས་ལོ་རྒྱུས་དང་། ཨ་ནུ་རྒན་པོའི་དྲན་འཆར་སོགས་རྩོམ་བྲིས་དུ་མ་ཞིག་ཡོད་པ་ཐོས་ཀྱང་མཇལ་སྐལ་མ་གྱུར་བར་བརྟེན་འདི་དག་སྐོར་ལ་མཐོང་ཐོས་རེག་པའི་རྒྱུས་ཡོད་རྣམས་ཀྱིས་ཁ་བསྐོང་དགོངས་འཆར་གནང་བར་དགའ་བསུ་ཞུ། །

 

 
 
Re:སྨན་རི་དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་གི་རྣམ་ཐར་ལོ་རྒྱུས།
[ 2013/1/12 14:06:24 | By: bonnaktwang ]
 
bonnaktwangལ་རྒྱ་ཅན་ཚོས་རྗེས་དྲན་ཞུས་ཀྱང་རུང་། །དྲང་བདེན་ཅན་ཚོས་སྐྱོན་འདོན་བྱས་ཀྱང་ཆོག །གྲྭ་ས་ཆེན་མོའི་དགེ་བཤེས་མཚན་འཛིན་ཞིག །གློ་བུར་རྐྱེན་འདས་ངན་པས་ངོ་རེ་ནོངས། བོན་ཕྲུག་ཁ་ཕོ་ཅན་གྱིས།
 
 
Re:སྨན་རི་དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་གི་རྣམ་ཐར་ལོ་རྒྱུས།
[ 2013/1/5 21:09:26 | By: སྐུ་མགྲོན་1JAm1P(སྐུ་མགྲོན) ]
 
སྐུ་མགྲོན་1JAm1P(སྐུ་མགྲོན)ཉིད་ཀྱི་འགོ་རྩོམ་དུ། ཁྱེད་ནི་དགུང་རུ༵་འཕགས་པའི་ཉ་ཟླ་ཞིག ཅེས་པའི་རུ་ཡིག་དེ་ལ་འགྲེལ་ཞིག་མཛོད་དང་། དོ་བདག་གིས།
 
 
Re:སྨན་རི་དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་གི་རྣམ་ཐར་ལོ་རྒྱུས།
[ 2013/1/5 21:07:03 | By: སྐུ་མགྲོན་1JAm1P(སྐུ་མགྲོན) ]
 
སྐུ་མགྲོན་1JAm1P(སྐུ་མགྲོན)གང་ཉིད་སྐུ་གཤེགས་པ་དེ་རང་རེ་བོན་འབངས་གང་དག་ཅིག་ལ་གྱོང་གུད་ཆེ་ལ་དེ་བཞིན་ཁོང་གཤེགས་ཚུལ་ངན་པ་དེས་ཀྱང་བོན་གྱི་མཐོ་རིམ་བླ་མ་དགེ་བཤེས་སྤྱི་ཡི་དབུ་རྣ་ལ་ཡང་རྨ་འབྱིན་ཞིག་ཀྱང་བྱས་སོང་ཨ་ཁ་ཁ།
 
 
Re:སྨན་རི་དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་གི་རྣམ་ཐར་ལོ་རྒྱུས།
[ 2012/2/5 17:43:59 | By: སྐུ་མགྲོན་t85Bs2(སྐུ་མགྲོན) ]
 
སྐུ་མགྲོན་t85Bs2(སྐུ་མགྲོན)ཟིན་གྲོགས་ལྷན་རྒྱས་ནས་དཔྱད་གཏམ་སྤེལ་བར་དགའ་བསུ་ཞུ་རྒྱུ་དང་། ལོ་གསར་པའི་ནང་བྱ་བ་ལམ་སློང་དང་ནད་མེད་ཚེ་བསོད་འཕེལ་བའི་སྨོན་འདུན་ཞུ།
 
 
Re:སྨན་རི་དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་གི་རྣམ་ཐར་ལོ་རྒྱུས།
[ 2012/2/2 17:03:33 | By: སྐུ་མགྲོན་K5Fr37(སྐུ་མགྲོན) ]
 
སྐུ་མགྲོན་K5Fr37(སྐུ་མགྲོན)གློག་བརྙན་དེའི་ནང་གི་ཞུ་སྦྱོར་ཡི་གེ་དེར། "རྒྱལ་ཁམས་ཀུན་ལ་མུན་པ་རུབ། །ལུང་ཆུང་འདི་རུ་ཉི་མ་ཤར། །"ཞེས་བཅོས་གནང་བ་རེད།
 
 
Re:སྨན་རི་དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་གི་རྣམ་ཐར་ལོ་རྒྱུས།
[ 2012/2/1 19:47:56 | By: སྐུ་མགྲོན་pULw5B(སྐུ་མགྲོན) ]
 
སྐུ་མགྲོན་pULw5B(སྐུ་མགྲོན)སུམ་གླང་གྱིམ་ཤོད་འཛིན་མའི་སྤོ་ལས་འཁྲུངས་པའི་ཟླ་རི་འོད་དཀར་ཅན། །
གློ་བུར་ལས་རླུང་སྒྲ་ཅན་གཡོ་བས་ནུབ་རི་ཕག་ཏུ་དེད་གྱུར་ཀྱང་། །
ཤུལ་ལུས་ཕྱོགས་ཀྱི་ཀུ་མུད་འདབ་སྟོང་ཡིད་ཀྱི་དཀྱིལ་དུ་ཤེད་དྲངས་ནས། །
གླིང་འདིར་མི་འགྱང་ཤར་རིའི་ཕྲག་ནས་གདུང་བའི་མུན་པ་གསལ་བར་སྨོན། །
གཤེན་ཚེ་ཚང་གིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.